འབྲོང་ཕྲུག་གི་དཔེ་ཀློག་བརྗེད་ཐོ་ཁག་གསུམ།
རྩོམ་པ་པོ།:འབྲོང་ཕྲུག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-01-04
ཀློག་གྲངས།:
དཔེ་ཀློག་བརྗེད་ཐོ་ཁག་གསུམ།
འབྲོང་ཕྲུག
གཅིག «སྲིད་པའི་ཆོས་འབྱུང་།»
རྩོམ་པ་པོ། རྡོ་དཀར་ཚེ་དཔལ་སྟོབས་ལྡན།
རྡོ་དཀར་ཚེ་དཔལ་སྟོབས་ལྡན་གྱི་དེབ་འདིའི་ཀླད་ཀྱི་གཏམ་དུ། "ལེགས་སྦྱར་སྐད་ལས་ཆོས་ལུགས་ལ་དྷ་རྨར་འབོད་ཅིང་། དེ་ནི་མི་མཐུན་ཕྱོགས་ལས་ཡོངས་སུ་འཛིན་པ་དང་སྐྱོབ་པར་གོ་དགོས་པ་དང་། དེ་བོད་སྐད་དུ་བསྒྱུར་བའི་ཚེ་ཆོས་ཞེས་བསྒྱུར་བ་ཤིན་ཏུ་ལེགས། དེ་ཡང་ཆོས་ཞེས་པ་ནི་འཆོས་པ་དང་བཅོས་པའི་དོན་དུ་ཡིན་པས་སེམས་རྒྱུད་བཟོ་བཅོས་བྱས་པ་གོ་དགོས"ཞེས་སུ་བཀོད་པ་ལྟར་ན། ཁོ་བོས་ཀྱང་ཆོས་ལུགས་ཀྱི་གོ་དོན་ལ་གོ་བ་ཅུང་ཙམ་ལོན་པ་ལྟ་བུར་འདུག་མོད། ད་སྔའི་ཡན་དུ་ཆོས་འབྱུང་དེབ་ཐེར་མང་དུ་བཀླགས་མ་མྱོང་བ་དང་ཆོས་ལུགས་ལ་གཏིང་ཟབ་མོས་ཞིབ་འཇུག་གི་ལས་བགྱིས་མ་མྱོང་བ། ཆོས་ལུགས་ཀྱི་ཆོ་ག་སྟབས་བདེ་རེ་མ་གཏོགས་དེ་འབྲེལ་གྱི་རྒྱུན་ཤེས་མང་དུ་མེད་པ་བཅས་ཀྱིས་ཕྱི་ནང་གི་ཆོས་དང་འབྲེལ་བའི་རྩོམ་ཡིག་ཅིག་ཀྱང་འབྲི་མ་ཐུབ་པར་ལུས་སོང་།
ཡོད་ཚད་ན་ཚོད་དང་འབྲེལ་བ་ཆེ་ཆེར་ཡོད་པ་འདྲ་སྟེ། ལོ་ན་ཡུན་གྱིས་དར་བ་དང་མཐོང་ཐོས་མྱོང་གསུམ་རིམ་གྱིས་འཕེལ་བའི་འགྲོས་དང་བསྟུན་ནས། སྔར་མུས་བཞིན་སྟབས་བདེའི་དཔེ་ཀློག་ཙམ་གྱིས་བསམ་འདུན་བསྐང་མ་ཐུབ་པར་ད་དུང་དེ་ལས་ཀྱང་གཏིང་ཟབ་ས་ཅི་ཞིག་འཇུག་འདོད་ཀྱི་འདུན་པ་མེ་ལྟར་འབར་བར་བྱེད། རྒྱུ་དེ་འདྲ་ཞིག་ལ་རྐྱེན་བྱས་ད་ལོའི་དབྱར་ཁའི་གུང་གསེང་དུ«སྲིད་པའི་ཆོས་འབྱུང»གཙོ་བྱས་ཆོས་འབྱུང་དེབ་ཐེར་དང་རྣམ་ཐར་རྟོགས་བརྗོད་འགའ་བཀླགས་ཐུབ་པར་གྱུར་པ་དང་། དཔེ་ཀློག་གི་གོ་རིམ་ཁྲོད་དུ་བློ་ཡི་མུན་པ་ལྟ་བུའི་རྨོངས་པ་མང་པོའང་ཞ་དང་ཞོར་དུ་སེལ་བར་གྱུར་པ་ན། དཔེ་ཀློག་གི་དགེ་མཚན་དང་སྤྲོ་སྣང་གི་ཁྲོད་ནས་དཔེ་ཀློག་ལ་མུ་མཐུད་འཇུག་པའི་ངར་སེམས་ཀྱང་སྐྱེད་པར་བྱེད།
«སྲིད་པའི་ཆོས་འབྱུང»ཞེས་པའི་དེབ་འདི་ནི་རབ་བྱེད་གསུམ་གྱིས་གྲུབ་ཅིང་། རབ་བྱེད་དང་པོའི་རུས་རྒྱུད་ཚོ་པའི་ཆོས་ལུགས་སུ། རུས་རྒྱུད་ཚོ་བའི་ཆོས་ལུགས་ཀྱི་ངོ་བོ་དང་རྣམ་པ། རིགས་དང་དབྱེ་བ་མདོར་བསྟན་ཡོད་པ་སྟེ། གདོད་མའི་སྤྱི་ཚོགས་ཀྱི་རུས་རྒྱུད་ཚོ་པའི་ཆོས་ལུགས་དེ་གནའ་བོའི་གྲལ་རིམ་སྤྱི་ཚོགས་ཀྱི་མི་རིགས་སམ་རྒྱལ་ཁབ་ཆོས་ལུགས་སུ་འཕེལ་ཞིང་། དེ་ཉིད་ཀྱང་རིམ་གྱིས་འཕེལ་འགྱུར་བྱུང་སྟེ་འཛམ་གླིང་ཆོས་ལུགས་སུ་ཆགས་པའི་འཕེལ་རིམ་ཆེན་པོ་གསུམ་གྱི་ཁྲོད་དུ། ཆོས་ལུགས་ཀྱི་ངོ་བོ་དང་རྣམ་པ་ལའང་འགྱུར་ལྡོག་རབ་དང་རིམ་པར་བྱུང་བ་ཡིན་འདུག དེ་ལའང་རང་བྱུང་རང་བཞིན་དང་རུས་རྒྱུད་རང་བཞིན། སྐྱེ་ཁམས་རང་བཞིན། ཁེ་ཕན་རང་བཞིན་གྱི་ཆོས་ལུགས་ཀྱི་ཁྱད་ཆོས་འཛོམས་པར་བཤད། དེ་བཞིན་དུ་རུས་རྒྱུད་ཚོ་པའི་ཆོས་ལུགས་ནི་རང་བྱུང་གི་ཆོས་ལུགས་ཤིག་ཡིན་པ་དང་དེ་ལ་དད་མོས་བྱ་ཡུལ་གྱི་སྒོ་ནས་དབྱེ་ན་རང་བྱུང་ཁམས་བཀུར་བ་དང་མེས་པོ་བཀུར་བ། ཐེ་ཐོམ་བཀུར་བ། ལྷ་འདྲེ་བཀུར་བའི་རིགས་བཞི་རུ་དབྱེ་ཡོད་པ་རེད།
རབ་བྱེད་གཉིས་པའི་མི་རིགས་ཆོས་ལུགས་སུ། གནའ་རབས་ཨེ་ཇིབ་ཆོས་ལུགས་དང་གནའ་རབས་བྷ་པུ་ལེང་ཆོས་ལུགས། གནའ་རབས་སྟག་གཟིག་ཆོས་ལུགས། ཡ་ཧུ་དའི་ཆོས་ལུགས། བྲམ་ཟེ་ཆོས་ལུགས། གནའ་རབས་གྷི་རིག་ཆོས་ལུགས། གནའ་རབས་རོམ་གྱི་ཆོས་ལུགས། ཏོོ་ཟིའི་ཆོས་ལུགས། བོན་གྱི་ཆོས་ལུགས་བཅས་པའི་ཆོས་ལུགས་དགུ་ངོ་སྤྲོད་བྱས་ཡོད་པ་རེད། དེ་དག་ཀྱང་ཡུལ་ཁོངས་སྤྱི་བཤད་དང་ཆོས་ལུགས་སྤྱི་དོན། ལྷ་ཚོགས་དང་སྲུང་མ། ཆོས་ཀྱི་ཆོ་ག་དང་ཕྱག་ལེན། མོ་ཕྱཱ་དང་མཆོད་སྦྱིན། འཕེལ་རིམ་དང་གྲུབ་མཐའ་སོགས་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་བར་བཀོད་ཡོད་པ་དང་། ཆོས་ཀྱི་སྟོན་པ་དང་བསྟན་པ། ཆོས་ཀྱི་གསུང་རབ་ལ་སོགས་པ་འཐུས་ཚང་དུ་གྱུར་པའི་གོ་རིམ་ཁྲོད་དུ། ཆོས་ལུགས་གྲུབ་མཐའ་དང་ཆོ་ག་ཕྱག་ལེན། ཆོས་ལུགས་དུས་ཆེན། ཆོས་ལུགས་བྱེད་སྒོ་སོགས་སྣ་མང་དུ་བྱུང་བ་རིག་པས་སྒྲུབ་ཐུབ་བོ། །རབ་བྱེད་གསུམ་པ་འཛམ་གླིང་ཆོས་ལུགས་སུ། སངས་རྒྱས་ཆོས་ལུགས་དང་ཡེ་ཤུ་ཆོས་ལུགས། ཁ་ཆེའི་ཆོས་ལུགས་བཅས་འཛམ་གླིང་གི་ཆོས་ལུགས་ཆེན་པོ་གསུམ་མདོར་བསྟན་པ་སྟེ། ཆོས་ལུགས་དེ་གསུམ་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་སོ་སོར་ཆོས་ཀྱི་སྟོན་པ་དང་བསྟན་པ། ཆོས་ཀྱི་གཞུང་ལུགས་ཆགས་ཡོད་པར་མ་ཟད། ཆོས་པ་དང་ཆོས་ཁང་། ཆོས་གྲྭ་བཙུགས་ཡོད་པ་དང་། ཆོས་ཀྱི་ཆོ་ག་དང་ཕྱག་ལེན། ཆོས་ཀྱི་གྲུབ་མཐའ་དང་དུས་ཆེན་སོགས་འཐུས་ཚང་བར་ཡོད་པ་རེད། ཡང་ན་དེ་ནི་ཆོས་ལུགས་དེ་གསུམ་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་ཆེན་པོར་དར་ཐུབ་པའི་རྒྱུན་རྐྱེན་དུ་བརྩི་དགོས་ཀྱང་སྲིད་དོ། །
མདོར་ན། «སྲིད་པའི་ཆོས་འབྱུང»ཞེས་རབ་བྱེད་གསུམ་དང་ལེའུ་བཅུ་བཞི་ཡི་བདག་ཉིད་ཅན་གྱི་དེབ་རྒན་འདི་ནི་རྩོམ་པ་པོས་མི་ལོ་བཞི་ཡི་དུས་ཚོད་སྤྱད་དེ་ཐོག་མའི་མ་གདན་བཏིང་བ་ནས་བར་གྱི་མ་ཟིན་བསྒྲིལ་བ། ཐ་མའི་ཞིབ་ཆ་བཏོད་པའི་ལུས་སེམས་གཉིས་ནི་ཞིབ་གྲིམ་དྲིལ་གསུམ་ལ་འབད་པའི་བརྩོན་པ་དང་སྙིང་སྟོབས་ལ་ཡི་རང་མི་བྱ་ཐུ་མེད་དང་། མུན་པའི་ནང་ཞུགས་གནས་པ་དག། ཅིའི་ཕྱིར་སྒྲོན་མ་འཚོལ་མི་བྱེད་ཅེས་པ་ནང་བཞིན་ཉམས་རྒུད་དུ་ཕྱིན་པའི་ཨེ་ཅིབ་ཆོས་ལུགས་དང་གྷི་རིག་ཆོས་ལུགས། རོམ་གྱི་ཆོས་ལུགས། བྷ་པུ་ལེང་ཆོས་ལུགས་སོགས་དང་། ད་ལྟར་དར་བཞིན་པའི་ཡ་ཧུ་དའི་ཆོས་ལུགས་དང་བྲམ་ཟེ་ཆོས་ལུགས། སངས་རྒྱས་ཆོས་ལུགས། ཏོོ་ཟིའི་ཆོས་ལུགས་སོགས་ལ་གོ་བ་གཏིང་ཟབ་ཅིག་ལོན་པར་རིག་པ་ནངས་པར་འཆི་ཡང་བསླབ་དགོས་པ་ལྟ་བུ་ཞིག་ཏུ་ངོས་འཛིན་མི་བྱ་ཐུ་མེད་དོ། །
གཉིས། «མཐའ་མཇུག་གི་སྦྲ་ནག»
རྩོམ་པ་པོ། སྟག་འབུམ་རྒྱལ།
དགེ་རྒན་སྟག་འབུམ་རྒྱལ་ནི་ཆ་རྒྱུས་ཆེས་ཆེ་བའི་ཕ་ཡུལ་གྱི་རྩོམ་པ་པོ་ཞིག་ཡིན་པ་དང་། ཁོང་གི་བརྩམས་ཆོས་མང་པོ་ཞིག་ལ་ཐེངས་གཅིག་མ་ཡིན་པའི་སྒོ་ནས་མྱོང་རོལ་དང་དཔྱད་བསྡུར་ཅུང་ཙམ་རེ་བྱས་མྱོང་མོད། དེ་དག་གིས་རྩོམ་པ་པོ་ཞིག་ལ་རྒྱུས་ཡོངས་སུ་ལོན་པའམ་རྩོམ་པ་པོ་ཞིག་གི་ཕྱི་ནང་གསང་གསུམ་ཕྲ་མཐོང་ཆེ་ཤེལ་དུ་བླངས་པ་ལྟ་བུ་ཞིག་ཀྱང་ཡོང་མི་སྲིད་མོད། ངའི་བསམ་པ་ཞིག་ལ་ང་ནི་ཁོང་གི་ཀློག་པ་པོ་རྣམ་དག་ཅིག་དང་ཁོང་གི་སློབ་མ་ཚུལ་ལྡན་ཞིག་ཡིན་པར་བསམ་ཡོད། ད་རེས། ཁོང་གིས༢༠༢༣ལོའི་ཟླ༧པར་དཔར་བའི་སྒྲུང་གཏམ་ཕྱོགས་བསྒྲིགས་དེབ«མཐའ་མཇུག་གི་སྦྲ་ནག»ཅེས་པ་དཔེ་ཁང་དུ་ཐོན་མ་ཐག སྔ་བའི་ནང་གི་སྔུན་མ་བྱས་ནས་ཉོས་པ་དང་གལ་ཆེན་ནང་གི་གཙིགས་ཆེན་དུ་བཟུང་ནས་བཀླགས་པ་ཡིན། སྤྱིར་ན། ན་ཚོད་འདི་འདྲ་ཞིག་ཏུ་སླེབས་པ་ན། དུས་ཚོད་ཀྱི་གཞུག་ཏུ་སྐར་མ་མཐུད་དེ་དཔེ་ཀློག་གི་དབྱིངས་སུ་ཞུགས་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་མིན་ནའང་། རང་ཉིད་དགའ་ཞིང་རང་གིས་འདོད་པའི་ལས་ཀ་ཞིག་ཏུ་འཐམ་རྒྱུ་དེ་ནི་ད་ལྟ་ད་དུང་ཡང་དགའ་ཐོག་ན་ཡོད་པས་ན། དེ་ནི་དཀའ་ངལ་ཅིག་དང་ལས་ཚེགས་ཤིག སུན་སྣང་ཞིག་ཏུ་ཅིས་ཀྱང་སེམས་མི་ཐུབ་པར་འདུག་སྟེ། ལྷག་པར་རང་ཉིད་དགའ་ཞིང་རང་གིས་གུས་པར་འོས་པ་སུ་ཞིག་གི་བརྩམས་ཆོས་ཀློག་རྒྱུ་དེ་ནི་དེ་བས་ཀྱང་སྨྲོས་ཅི་དགོས་སོ། །
དེབ་དེའི་ནང་དུ། ཁོང་གིས་ཉེ་བའི་ལོ་འདི་གའི་རིང་ལ་གསར་རྩོམ་བྱས་པའི་སྒྲུང་གཏམ«དབང་འགྲུབ་དང་ཁོའི་ཕ་རྒན»དང«རྒྱུད་སྤེལ་ལོ་ཟླ།» «འཚོ་བའི་རོལ་རྩེད།» «ཁང་པ།» «མཐའ་མཇུག་གི་སྦྲ་ནག»བཅས་བརྩམས་ཆོས་གསར་བ་ལྔ་ཕྱོགས་བསྡུས་བྱས་ཡོད་པ་རེད། དེ་དག་ལས«རྒྱུད་སྤེལ་ལོ་ཟླ»དང«འཚོ་བའི་རོལ་རྩེད།» «མཐའ་མཇུག་གི་སྦྲ་ནག»གསུམ་ནི་ཁོ་བོས་པན་གཟུགས་ལས་ཧི་གཟུགས་ལ་བསྒྱུར་རོགས་བྱས་པ་དང་། བསྒྱུར་པའི་གོ་རིམ་ཁྲོད་དུ་ཁོ་བོ་ནི་བརྩམས་ཆོས་དེ་དག་གི་ཀློག་པ་པོ་ཐོག་མ་ཡིན་ངེས་བསམ་ཡོད།ང་ནི་དགེ་རྒན་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ལ་དགའ་དོན་ནི། ཁོང་ལ་རང་གི་ཁྱད་ཆོས་ལྡན་པའི་རྩོམ་གཤིས་ཁྱད་པར་བ་ཞིག་ཆགས་ཡོད་པས་མ་ཡིན་པར། ཁོང་གི་བརྩམས་ཆོས་ཡོད་དོ་ཅོག་ལ་འཚོ་བའི་རྨང་མཐུག་ཅིང་ལྷུག་བརྗོད་ཀྱི་ཞིབ་ཚགས་པ། ཚོར་བའི་རྣོ་ཡིས་ཟིན་པ། ལྟ་ཀློག་གི་འདྲེན་ཤུགས་ཆེ་བ་ལྟ་བུ་ཞིག་ཏུ་ཡོད་པས་ཡིན་པ་འདྲ། དཔེར་ན། «དབང་འགྲུབ་དང་ཁོའི་ཕ་རྒན»ནང་གི་དབྱར་ཁའི་ལུག་བལ་ཉོ་སྡུད་ས་ཚིགས་དང་ལུག་བལ་སྡུད་ཉོ་བྱེད་སྟངས། འབྲོག་པ་གཡོ་སྒྱུ་ཅན་གྱི་འུ་ཚུགས་དང་བལ་ཉོ་ཞེ་སྡང་ཅན་གྱི་ཁོང་ཁྲོ་སོགས་ཀྱང་མིག་ལམ་ལ་འཆར་རྒྱུ་ཡོད་པ་ཞིག་སྟེ། ད་ལྟ་ནི་དེ་དག་སྔར་ནས་ཨ་མྱེས་ཀྱི་གནའ་གཏམ་དུ་གྱུར་ཟིན། དེ་ལས་ཀྱང«རྒྱུད་སྤེལ་ལོ་ཟླ»ཡི་ཁྲོད་ཀྱི་ལུག་རྒྱུད་ལེགས་བཅོས་ལྟ་བུ་ནི་རླུང་ལྟར་གློ་བུར་དུ་འཚུབ་པའི་ཐོན་སྐྱེད་ལས་འགུལ་ཞིག་སྟེ། ལས་འགུལ་དེ་རླུང་ལྟར་འོང་བ་གློ་བུར་ཡིན་པ་ནང་བཞིན་ཡལ་བའང་གློ་བུར་ཡིན་མོད། དེས་ནི་དུས་སྐབས་ཤིག་གི་འབྲོག་དམངས་ཀྱི་འཚོ་བར་ཤུགས་རྐྱེན་ཡན་གར་བ་ཞིག་ཐེབས་པར་མ་ཟད། སྒྲུང་གཏམ་དུ་གླེང་བའི་བལ་སྡུད་ས་ཚིགས(畜产站)དང་རྒྱུད་སྤེལ་ས་ཚིགས(配种站)དང་འབྲུ་སྣུམ་ས་ཚིགས(粮油站)དག་གི་ཤུལ་རྗེས་ནི་ད་ལྟ་ད་དུང་ཡང་ང་ཚོའི་མཐོང་ལམ་དུ་མངོན་རྒྱུ་ཡོད་པ་ནང་བཞིན། དུས་སྐབས་ཤིག་གི་དྲན་པའི་རི་མོ་ནི་ནམ་ཡང་དག་ཐབས་ག་ལ་ཡོད་དེ། «མཐའ་མཇུག་གི་སྦྲ་ནག»ཏུ་ཚེ་ཐར་འབུམ་གྱིས་སྦྲ་ནག་ཕུབ་པར་ཁོའི་ཨ་མ་སོགས་ནག་ཞར་སྡེ་བའི་འབྲོག་པ་རྒན་རྒོན་དག་ལ་སེམས་གཏིང་ནས་གར་འོང་མི་ཤེས་པའི་བརྩེ་དུང་གི་དྲོད་ཁོལ་ཞིག་མེ་རོ་བཞིན་རྒྱས་པར་ཅི་ཁག རྩོམ་པ་པོའི་ཕ་ས་ཕ་ཡུལ་གྱི་ཡུལ་ལུང་ཆུང་ཆུང་དེ་ནས་བྱུང་ཞིང་བོད་ཡུལ་ལུང་བ་ཀུན་ལ་ཁྱབ་པའི་འབྲོག་པའི་འཚོ་བ་ངོ་མ་དེ་དག་གི་ཀློང་དུ་ཞུགས་མ་ཐག ཞ་དང་ཞོར་དུ་འབྲོག་པའི་དམངས་ཁྲོད་ཀྱི་རིག་གནས་མང་པོ་ཞིག་ལའང་ངེས་ཤེས་ཟབ་མོ་འདྲོངས་ཐུབ་པར་འགྱུར་ལ། དེས་ཀྱང་རང་དབང་མེད་པར་ནང་སེམས་སླར་ཡང་སྒྲུང་གཏམ་གྱི་ཀློང་དུ་ཁྲིད་འགྲོ་བ་ཞིག་སྟེ། འཚོ་བ་དངོས་ཀྱི་ཁྲོད་དུའང་དགེ་རྒན་ནི་སྒྲུང་གཏམ་བློས་བསླངས་བྱས་བྱས་ལ་འདུག་མཁན་ཞིག་ཡིན་པ་ནི། སྐབས་ལན་རེར། ཇ་ཁ་ཆང་ཁ་ནས་ཀྱང་ཁོ་ནི་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་བར་གསེང་དུ་བསམ་པ་རྒྱ་ཡན་དུ་ཤོར་ཏེ་སྒྲུང་གི་བྱུང་རིམ་དང་མི་སྣ། སྐད་ཆ་གང་རུང་ཁ་ནས་དབང་མེད་དུ་འཆོར་མཁན་གྱི་རིགས་སུ་གཏོགས་པས་སོ། །དེབ་ཀྱི་ངོ་སྤྲོད་དུའང་། "དེབ་འདི་ལས་རྩོམ་པ་པོས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་བསམ་བློའི་བརྩེ་དུང་རྣམས་རང་ཉིད་ཀྱི་འཚོ་བའི་མྱོང་བ་དང་སྦྱར་ཡོད་པ་དང་། ཁྱད་མཚར་གྱི་བློས་བསླངས་དང་ཐུན་མིན་གྱི་རྩོམ་སྟངས། ཚིག་དང་འབྲུ་རེ་རེའི་བར་ནས་བཞེང་སྐྲུན་བྱས་པའི་སྒྱུ་རྩལ་གྱི་སྣང་བརྙན་སྣ་ཚོགས་སོགས་ཀྱིས་རྩོམ་རིག་གི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཆེས་ཆེར་འཕགས་ཡོད་པས་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་སུ་འགྲོ་བར་ནུས་པ་མི་དམན་པ་ཐོན་པར་གདོན་མི་ཟ་ལ། ཀློག་མཁན་དག་ལ་བག་ཆགས་དང་ཚོར་འདུ་སྣ་ཚོགས་རླབས་བཞིན་སྐྱོམ་ཞིང་རླུང་བཞིན་འཚུབ་པར་བྱེད་དུའང་འཇུག་སྲིད་དོ། །"ཞེས་སུ་བཀོད་ཡོད་པ་རེད།གང་ལྟར། དགེ་རྒན་སྟག་འབུམ་རྒྱལ་ནི་བོད་ཡིག་གི་བརྩམས་ཆོས་མང་པའི་རྩོམ་པ་པོ་ཞིག་དང་། སྐད་ཡིག་གཞན་པར་འགྱུར་རྩོམ་མང་པའི་རྩོམ་པ་པོ་ཞིག རྩོམ་རིག་བྱ་དགའ་ཡང་མང་པའི་རྩོམ་པ་པོ་ཞིག་ཡིན་པ་སུས་ཀྱང་ཁས་མི་ལེན་ཐུ་མེད་དོ། །
གསུམ།«མཚོ་འགྲམ་གྱི་ནོར་འཁྲུལ།»
རྩོམ་པ་པོ། ཡུས་ཧྭ།
དེབ་འདིའི་གླེང་གཞི་རུ། རྩོམ་པ་པོ་ཡིས་ཧྭ་ཡིས་ཨ་རིའི་རྩོམ་པ་པོ་ཞིག་གི་སྐད་ཆ་དྲངས་ཡོད་པ་ནི། "ལྟ་ཚུལ་ནི་ནམ་ཡང་རྙིང་རུལ་དང་རྗེས་ལུས་སུ་འགྱུར་རྒྱུ་ཡོད་མོད། དོན་དངོས་ནི་ནམ་ཡང་རྙིང་རུལ་དང་རྗེས་ལུས་ཐེབས་མི་སྲིད་དོ། །"ཞེས་པ་དེ་དང་། རྩོམ་པ་པོ་མེན་ཐེན་གྱི་སྐད་ཆ་ཞིག་དྲངས་ཡོད་པ་ནི། "རང་གི་ནུས་པས་བྱ་དངོས་ཀྱི་དྲང་ལྡོག་ལ་བརྡར་ཤ་གཅོད་པ་ནི་བླུན་རྨོངས་ཤིག་གོ །"ཞེས་པ་དེའོ། །
སྐད་ཆ་འདི་གཉིས་ཀས་སྣེ་དྲངས་ནས་སྒྲུང་གཏམ་གྱི་ཀློང་དུ་ཞུགས་པ་ཡིན་ན། སྒྲུང་གཏམ་འདི་ཡང་ཁོང་གི་སྔ་རབས་ཀྱི་སྒྲུང་གཏམ་གཞན་དག་དང་མི་འདྲ་བར་ཧ་མི་གོ་བ་དེ་འདྲ་མི་འདུག་མོད། རབ་རིབ་མག་མོག་གི་གཏམ་རྒྱུད་ཀྱི་བྱུང་རིམ་ཁྲོད་དུ་དོན་དངོས་ལ་གསལ་ཐག་ཆོད་པའི་བརྡར་ཤ་ཞིག་གཅོད་མི་ཐུབ་པར་སྔར་བཞིན་རབ་རིབ་མག་མོག་གིས་མཇུག་བསྡུས་འགྲོ་བ་ལྟ་བུ་ཞིག་གིས་ང་ཚོའི་ལྟ་ཚུལ་ཀྱང་ལོག་ལམ་དུ་དྲུད་འགྲོ་བ་རེད། ཆེས་ཐོག་མར་ཀློག་དུས་ནི། ཁོང་གི་སྒྲུང་འབྲིང་ཕྱོགས་བསྒྲིགས«དོན་དངོས་རིགས་ཤིག»ཅེས་པ་ལས་བཀླགས་པ་ཡིན་ལ། སྒྲུང་ཐུང་འདིའི་རོགས་ན་ད་དུང་སྒྲུང་འབྲིང་གཉིས་ཡོད་པ་འདྲ་མོད། དེ་གཉིས་ཀྱི་ཁ་བྱང་ཡིད་ལ་མི་དྲན་པར་འདུག ཐེངས་གཉིས་པར་ཀློག་དུས་ནི་ཟླ་སྔོན་མར་དེ་འབྲེལ་གྱི་གློག་བརྙན་ཚ་ཚ་འུར་འུར་བྱེད་ཀྱིན་པའི་གཞུག་ཡིན། ཐོག་མར་བྱ་བརྒྱ་འུར་འདྲོགས་ཀྱིས་གློག་བརྙན་ལ་བལྟས་པ་དང་། གློག་བརྙན་གྱིས་མགོ་རྨོངས་ནས་ཧ་ཅི་ཡང་མི་གོ་བ་ལ་རྐྱེན་བྱས་ནས་སྒྲུང་གཏམ་དེབ་ཉོས་པ་དང་བཀླགས་པ་ཡིན། སྐབས་ལན་རེར། རྩོམ་པ་པོ་ཞིག་གི་བརྩམས་ཆོས་ལ་བློ་ཞིབ་མོས་ཀློག་པ་དེ་ལའང་རྒྱུ་རྐྱེན་དང་རྟེན་འབྲེལ་དེ་འདྲ་ཞིག་ཡོང་གི་འདུག «གཙང་འགྲམ་གྱི་ནོར་འཁྲུལ»ཞེས་པའི་ནང་དུ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པར་ལྐོག་གྱུར་དང་བསླུ་བྲིད་ཀྱིས་ཁེངས་པའི་གཙང་འགྲམ་ཞིག་ཏུ་སུ་ཞིག་གིས་སྙིང་རྗེ་མེད་པའི་སྒོ་ནས་རྨོ་མོ་བཞི་བ་དམར་གསོད་བཏང་བ་དང་། ཉེས་དོན་ཉེན་རྟོག་རུ་དཔོན་མ་ཀྲིས་གྱོད་གཞི་དེར་མྱུལ་ཞིབ་བྱས་པ་བརྒྱུད་གྲོང་རྡལ་གྱི"སྨྱོན་པ"ཞིག་ནི་ལག་དམར་ཡིན་པའི་བདེན་དཔང་རྙེད། འོན་ཀྱང་། བཅའ་ཁྲིམས་ཀྱིས་སྨྱོན་པར་ཁྲིམས་ཐག་གཅོད་མི་ཐུབ་པས་ཧ་ལས་ཤིང་ཧང་སངས་པར་བྱེད་པའི་མི་གསོད་གྱོད་གཞི་བསྟུད་མར་བྱུང་བ་རེད། བརྒྱུད་རིམ་དེའི་ཁྲོད་དུ་མི་རྣམས་ཀྱི་ནང་སེམས་སུ་ཤེས་མེད་ཚོར་མེད་ངང་གཅིག་གཅིག་ལ་ཡིད་ཆེས་མེད་པའི་ཉེན་ཁ་གཞན་ཞིག་མཆེད་པ་རེད། དེས་ནི་སུ་ཡང་སུ་ལ་ཡིད་མི་ཆེས་དང་སུས་ཀྱང་སུར་དོགས་པ་ཟས་ཏེ་དོན་དངོས་ཐག་གཅོད་དཀའ་བའི་གནས་སུ་གྱར། (དཔེར་ན། རྨོ་བོ་བཞི་བ་སྨྱོན་པར་ཡིད་ཆེས་མོད་མི་རྣམས་སྨྱོན་པར་དོགས་པ་ཆེ་བ་དང་། མ་ཀྲིས་བྱིས་པ་ཡིད་ཆེས་བྱེད་མོད་མི་རྒན་དག་གིས་བྱིས་པར་ཡིད་ཆེས་མི་བྱ། ཞོ་ལིས་ཞིས་ལའང་ལ་དོགས་པ་ཟ་མོད་མ་ཀྲི་ཁོ་ལ་ཡིད་ཆེས་ཡོད། མ་ཀྲིས་རང་གིས་སྨྱོན་པ་བསད་ཅེས་བཤད་མོད་ལས་གྲོགས་ཚོ་ཡིད་མི་ཆེས་པ་ལྟ་བུའོ། །) གནས་བབ་དེ་འདྲ་ཞིག་གི་འོག་ཏུ། ང་ཚོས་ད་དུང་དོན་དངོས་ཀྱི་མཐིལ་བརྟོལ་ཐུབ་བམ། ཉེས་དོན་ཉེན་རྟོག་རུ་དཔོན་མ་ཀྲིས་དྲང་བདེན་གྱི་ཆེད་དུ་སྨྱོན་པའི་སྲོག་ཐོག་ཏུ་བཏང་བར་མ་ཟད། རྫོགས་མཐའ་མེད་པར་དོགས་པའི་མཚམས་ཀྱང་ཆད་པ་རེད་མོད། དེའི་རིན་དོད་ནི་དེ་ལས་ལྡོག་སྟེ་མ་ཀྲི་ཁོ་རང་ཉིད་སྨྱོན་པར་གྱུར་པ་དེ་རེད། དོན་ལ«གཙང་འགྲམ་གྱི་ནོར་འཁྲུལ»ནི་དགེ་སྡིག་དང་བདེན་རྫུན། དྲང་ལྡོག་སྐོར་གྱི་གཏམ་རྒྱུད་ཅིག་སྟེ། སྣ་མང་རྙོག་འཛིང་གི་བྱུང་རིམ་གྱིས་དོན་དག་ཅི་ཡང་འབྱུང་སྲིད་མོད་མཇུག་འབྲས་གང་ཡང་ཐག་གཅོད་མི་ཐུབ་པའི་གཏམ་རྒྱུད་ཅིག་ཡིན་པས། བལྟས་པ་ཙམ་གྱིས་གནས་ལུགས་དང་མཐུན་པའི་འགྲེལ་བཤད་རེ་རེ་ནི་ཡང་དག་པའི་དྲིས་ལན་ཡིན་པའི་ངེས་པ་མེད་པར། ཀློག་པ་པོ་ཡང་རང་དབང་མེད་པར་ཁུངས་ལུང་མེད་པའི་འཇིག་རྟེན་གྱི་ནོར་འཁྲུལ་ཞིག་གི་ཕྱོགས་སུ་འཁྲིད་པར་བྱེད། ཡང་ན། དེ་ནི་རྩོམ་པ་པོ་ཡིས་ཧྭ་ཡི་ཐོག་མའི་ཀུན་སློང་ཡིན་ཡང་སྲིད་དེ། ཡིད་ཆེས་མེད་པ་དང་དོགས་པ་ཆེ་བས་མི་ལ་སྡུག་བསྔལ་བཟོད་གླགས་མེད་པ་སྟེར་ཞིང་། ང་ཚོས་གནས་ཚུལ་ངོ་མ་འཚོལ་འདོད་པ་ནི་དོགས་པ་སེལ་ཆེད་དང་ཡིད་ཆེས་རྙེད་ཆེད་ཡིན་མོད། དོགས་པས་ང་ཚོར་དེ་བས་ཀྱང་གྱོད་དོན་གྱི་གནས་ཚུལ་ངོ་མ་གསལ་ཐག་ཆོད་དུ་མ་བཅུག་པར། ཡིད་ཆེས་མེད་པའི་གཏམ་རྒྱུད་གསར་པ་ཞིག་དྲངས་པ་རེད། དོན་ལ་གཙང་འགྲམ་གྱི་བྱ་གག་དག་གིས་གྱོད་གཞིའི་བརྒྱུད་རིམ་གསལ་བོར་མཐོང་བ་ཡིན་མོད། ཡིད་ཕངས་པ་ཞིག་ལ«གཅིག་དང་བཞི»ཡི་ཁྲོད་ཀྱི་ཤྭ་བོ་དང་འདྲ་བར་བྱ་གག་དེ་དག་གིས་ནམ་ཡང་བདེན་པ་ར་སྤྲོད་ཐབས་མེད་དོ། །གང་ལྟར། «གཙང་འགྲམ་གྱི་ནོར་འཁྲུལ»ནི་ཀློག་མགོ་ཚུགས་མ་ཐག་གཏམ་རྒྱུད་ཀྱི་ཀློང་དུ་ཁྲིད་འགྲོ་བའི་བརྩམས་ཆོས་ཀྱི་རིགས་སུ་གཏོགས་ཤིང་། གློག་བརྙན་བརྙན་མིག་གི་ཚོར་བའང་སྟེར་བ་ཞིག་ཡིན་པས། ཚན་པ་རེ་རེ་བཀླགས་པ་ཙམ་གྱིས་དེ་འབྲེལ་གྱི་བརྙན་རིས་མིག་ལམ་དུ་འཆར་རྒྱུ་ཡོད་པ་ཞིག་རེད་མོད། གློག་བརྙན་པར་གཞིར་ལྟ་དུས་སུ་མགོ་རྨོངས་ནས་སྔ་གཞུག་སྦྲེལ་མི་ཐུབ་པ་ལྟ་བུར་འདུག་པ་དེ་ནི་གློག་བརྙན་བཤེར་འབེབས་ཀྱི་དུས་སུ་བཅད་གཏུབ་མང་དུ་བྱས་པས་ཨེ་ཡིན་བསམ་པ་བྱུང་།
འབྲེལ་ཡོད་འོས་སྦྱོར།