logo

མིང་གི་བསྟན་དོན་ནམ་བརྡ་དོན་གྱི་གོ་དོན་དང་རིགས་དབྱེ་ལ་ཅུང་ཟད་དཔྱད་པ།

རྩོམ་པ་པོ།:སྙིང་ལྕགས་དོན་གྲུབ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-07-19 ཀློག་གྲངས།:
དང་པོ། མིང་གི་བསྟན་དོན་ནམ་བརྡ་དོན་གྱི་གོ་དོན།
       “བརྡ་ནི་གོ་བར་བྱེད་པ་སྟེ། ངག་གི་རྗོད་བྱེད་དང་ལུས་ཀྱི་རྣམ་འགྱུར་གྱིས་གོ་བྱེད་ཡིན”ལུས་ཀྱི་རྣམ་འགྱུར་གྱིས་གོ་བར་བྱེད་པ་ནི། ལག་བརྡ་དང་མིག་བརྡ། མགོ་བོ་གུག་པ་དང་གཡུགས་པས་འཐད་མི་འཐད་དང་དགའ་མི་དགའ་སྟོན་པ།མཐེ་བོང་བསྟན་པ་སོགས་ཀྱིས་དོན་ཅུང་ཙམ་གོ་སླ་བ་ཞིག་སྟོན་བཞིན་ཡོད། ངག་གི་རྗོད་བྱེད་ཀྱིས་གོ་བར་བྱེད་པ་ནི། ཁ་བརྡ་ལ་སྟོན་པ་སྟེ། དེ་ཡང་སྐད་ཀྱི་མཐོ་དམའ་དང་། རིང་ཐུང་། དྲག་ཞན། ཐེངས་གྲངས་སོགས་མི་འདྲ་བ་ལ་བརྟེན་ནས་དོན་མི་འདྲ་བ་སྟོན་བཞིན་ཡོད་མོད། “གཞན་ཡང་ཆོས་ཅན་སྟོན་པའི་མིང་ལའང་བརྡ་ཟེར་ཏེ། བརྡ་གསར་རྙིང་ཞེས་པ་ལྟ་བུ”ཞེས་པ་ནང་བཞིན། སྐབས་འདིར་བརྗོད་པའི་བརྡ་ཞེས་པ་ནི་མིང་ལ་བརྗོད་པ་དང་། བརྡ་དོན་ཞེས་པ་ཡང་མིང་གི་བསྟན་དོན་ནམ་མིང་གི་དོན་སྙིང་ལ་སྟོན་པ་ཡིན།
       མི་ལ་མངའ་ཞིང་མི་དུད་འགྲོའི་གྲལ་ནས་ཕྱུང་ཐུབ་པའི་གཞི་རྩའི་ཁྱད་ཆོས་ནི་སྐད་ཆ་ཡིན། འགྲོ་བ་མིའི་རིགས་ལ་མི་ཞེས་འབོད་པའི་རྒྱུ་མཚན་ཡང་། དེ་དག་གིས་སྐད་ཆར་བརྟེན་ནས་རང་ཉིད་ཀྱིས་བསྐྲུན་པའི་རིག་གནས་ཡོད་ཚད་རྗེས་རབས་པར་བརྒྱུད་ཐུབ་པར་མ་ཟད། སྐད་ཆར་བརྟེན་ནས་སྔར་ཡོད་འཐུས་ཚང་དང་སྔར་མེད་ཀྱི་རིག་གནས་མང་པོ་གསར་སྐྲུན་བྱེད་ཐུབ་ལ།དེ་ལ་བརྟེན་ནས་བློ་གྲོས་འཕེལ་ཐུབ་པས་རེད། མི་ནི་སྨྲ་ཤེས་ཤིང་དོན་གོ་བའི་བདག་ཉིད་ཅན་ཞིག་ཡིན་པའི་ཆ་ནས། སྐད་ཆར་བརྟེན་ནས་འབྲེལ་འདྲིས་དང་སྤྱི་ཚོགས་ཀྱི་ལས་དོན་སྤེལ་རེས། རིག་གནས་རྒྱུན་འཛིན། རིག་གནས་གསར་སྐྲུན་སོགས་ལས་དོན་གང་རིགས་སྤེལ་གྱིན་ཡོད་པས། སྐད་ཆས་རྒྱུན་ལྡན་གྱི་འཚོ་བའི་ནང་གོ་གནས་གལ་ཆེན་ཟིན་ཡོད། “སྐད་ཆ་ནི་མིང་ནས་མགོ་བརྩམས་པ་དང་། མིང་མེད་ན་སྐད་ཆ་ཞེས་པའང་གཞི་མ་གྲུབ”མིའི་སྐད་ཆ་ནི་འབྲེལ་ཡོད་ཀྱི་མིང་བརྡ་དག་སྐད་བརྡའི་སྦྱོར་ལུགས་ངེས་ཅན་ཞིག་གཞིར་བྱས་ཏེ་སྔ་རྗེས་ཀྱི་གོ་རིམ་ལྟར་བསྒྲིགས་ནས་བརྗོད་དེ་དོན་སྟོན་པ་ཞིག་ཡིན། སློབ་དཔོན་ཐོན་མིས། མིང་ཚིག་བརྗོད་པ་མེད་ན་ནི། །དོན་རྣམས་བརྗོད་པ་མི་འགྱུར་རོ། །དེ་ལྟར་འགྱུར་ན་འཇིག་རྟེན་དུ། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །བསླབ་པ་རྣམས་ཀྱང་ཡོད་མི་འགྱུར། །ཞེས་གསུངས་པ་ལྟར། མིང་གིས་སྐད་ཆ་གྲུབ་པ་དང་། སྐད་ཆས་དོན་ཀུན་སྟོན་པའང་བརྗོད་པར་བྱེད་པས། མི་སུ་དང་སུ་ཡིན་རུང་སྐད་ཆ་འབྲེལ་ཆགས་ཤིང་། བརྗོད་དོན་སྐྱོན་མེད་པ་ཞིག་ངག་ནས་སྨྲ་བ་ལ། ཐོག་མ་ཉིད་ནས་མིང་རེ་རེ་ལ་ནན་ཏན་གྱིས་བསླབ་དགོས།
       མི་རྣམས་ཀྱིས་བཤད་པའི་རྒྱུན་ལྡན་གྱི་སྐད་ཆ་དེ་སྡེ་ཚན་ཆེ་ཆུང་མི་འདྲ་བར་བགོ་ཐུབ་ལ། སྡེ་ཚན་རེར་ཡང་ཕྱི་ཚུལ་དང་ནང་དོན་ཕྱོགས་གཉིས་སུ་དབྱེ་ཆོག ཕྱི་ཚུལ་ནི་སྐད་སྒྲ་དང་། ནང་དོན་ནི་བརྗོད་བྱ་ཡིན། སྐབས་འདིར་བརྗོད་པའི་བརྗོད་བྱ་ནི་བརྡའི་དོན་ཡིན་པས། མིང་གི་བསྟན་དོན་ནམ་བརྡ་དོན་མེད་ན་སྐད་སྒྲ་དེ་ཉིད་རང་བྱུང་གི་སྣང་ཚུལ་ཁོ་ན་ཉིད་དུ་འགྱུར།དེའི་རྐྱེན་སྐད་ཀྱི་སྒྲ་དང་དོན་གཉིས་ནི་དམ་པོར་འབྲེལ་ཞིང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་གནས་པ་ཞིག་ཡིན། བརྡ་དོན་ཞེས་པ་ནི་མིང་གི་བསྟན་དོན་ནམ་ནང་དོན་ལ་སྟོན་པ་སྟེ། དེ་ལ་མིང་གི་ཚོགས་པའི་དོན་སྙིང་དང་བརྡ་སྤྲོད་ཀྱི་དོན་སྙིང་གཉིས་འདུ། རྒྱུན་ལྡན་གྱི་འཚོ་བའི་ནང་སྤྱོད་པའི་བརྡ་དོན་ནི་མིང་གི་ཚོགས་པའི་དོན་སྙིང་ལ་གོ་བ་ཡིན།
       མིང་གི་བསྟན་དོན་ནམ་བརྡ་དོན་མཚོན་བྱེད་ཀྱི་སྡེ་ཚན་ནི་ཚིག་རྒྱུ་ཡིན་ལ། ཚིག་རྒྱུ་ནི་སྐད་ཆའི་ནང་གི་དོན་མཚོན་ཞིང་ཆེས་ཆུང་བའི་སྡེ་ཚན་དེ་ཡིན། བོད་རང་གི་བརྡ་སྤྲོད་པའི་ལུགས་ལ“རྣམ་ཆ”ཡང་ཟེར། སྲོལ་རྒྱུན་གྱི་ངོས་འཛིན་ལྟར་ན།རྣམ་ཆ་ནི་མིང་ཞིག་འགྲུབ་བྱེད་ཀྱི་ཡི་གེ་བྱེ་བྲག་པ་རེ་རེར་ངོས་འཛིན་བྱེད་བཞིན་ཡོད་དེ།སྨྲ་སྒོ་རུ“པ་རི་ཀ་ཥ་ལྟ་བུའི་ཡི་གེ་བཞིའི་རྣམ་པའི་བྱེ་བྲག་དང་བཅས་པ་ལའང་མིང་ཞེས་བྱའོ། ཁ་ལྟ་བུའི་ཡི་གེ་གཅིག་ལ་ཡང་མིང་ཞེས་བྱ་སྟེ།”ཞེས་པ་ལྟར་ན་པ་རི་ཀ་ཥ་སྟེ་རྣམ་ཆ་བཞི་འདུས་ཏེ་མིང་གཅིག་གྲུབ་པ་དང་། ཁ་སྟེ་རྣམ་ཆ་གཅིག་གིས་མིང་གཅིག་གྲུབ་པར་འདོད། འོན་ཀྱང་དེང་རབས་སྐད་ཆ་རིག་པའི་ངོས་འཛིན་ལྟར་ན་ཡི་གེ་འགྲུབ་བྱེད་ཀྱི་ཚེག་ཁྱིམ་རེ་རེ་ནི་སྒྲ་ཚིགས་མི་འདྲ་བ་རེ་ཡིན་ལ། སྒྲ་ཚིགས་གཅིག་གམ་དུ་མ་འདུས་ནས་རྣམ་ཆ་རེ་གྲུབ་པ་ཡིན། དེ་བས་རྣམ་ཆ་ནི་ཆེས་ཆུང་བའི་སྒྲ་དོན་ཟུང་ལྡན་གྱི་སྐད་ཆའི་སྡེ་ཞིག་ཏུ་གྱུར་ཡོད་དོ། །དེ་ལ་ཡང་ཚིག་སྦྱོར་འགྲུབ་བྱེད་ཀྱི་དོན་སྙིང་དང་ནུས་པ་མི་འདྲ་བ་ལ་བརྟེན་ནས་རྣམ་ཆ་དངོས་དང་རྣམ་ཆ་ཆ་འདྲ་བ་གཉིས་སུ་དགར་ཡོད། རྣམ་ཆ་དངོས་ནི་མིང་གི་ཚོགས་པའི་དོན་སྙིང་དང་བརྡ་སྤྲོད་ཀྱི་དོན་སྙིང་ཉིས་འདུས་ཀྱི་ཕུང་བོ་ཞིག་ཡིན་ཏེ། དཔེར་ན་བསྟན་བཅོས་ཞེས་བརྗོད་པའི་སྒྲ་དེ་མིང་གི་ཚོགས་པའི་དོན་སྙིང་ལ། འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་མཁས་པའི་གསུང་རབ་ལ་གོ་བ་དང་། བརྡ་སྤྲོད་ཀྱི་དོན་སྙིང་ལ་མིང་གི་དབྱེ་བའི་ངོས་འཛིན་གྱི་དངོས་པོ་བརྗོད་པའི་མིང་དུ་གོ་བ་དེའོ། །རྣམ་ཆ་ཆ་འདྲ་བ་ནི་བརྡ་སྤྲོད་ཀྱི་དོན་སྙིང་རྐྱང་བ་ལས་མིང་གི་ཚོགས་པའི་དོན་སྙིང་མེད་པའོ། །དཔེར་ན་འབྲེལ་སྒྲའི་ཕྲད་ཀྱི་ལྟ་བུ་སྟེ། བཀྲ་ཤིས་ཀྱི་དཔེ་ཆ་ཞེས་བརྗོད་པའི་སྐབས་སུ་ཀྱི་ནི་བརྡ་སྤྲོད་ཀྱི་དོན་སྙིང་རྐྱང་བ་ལས་བཀྲ་ཤིས་ལྟར་དངོས་ཡོད་ཀྱི་མིང་གི་ཚོགས་པའི་དོན་སྙིང་དང་དངོས་པོ་བརྗོད་པའི་མིང་གི་བརྡ་སྤྲོད་ཀྱི་དོན་སྙིང་ཡོད་པ་མ་ཡིན་ནོ། །མིང་ནི་ཚིག་རྒྱུ་ལས་རིམ་པ་གཅིག་གིས་མཐོ་བའི་སྡེ་ཚན་ཡིན་ལ། ཚིག་རྒྱུ་གཅིག་གིས་གྲུབ་པའི་མིང་གིས་དོན་ཆ་ཚང་བ་ཞིག་སྟོན་ཐུབ་ལ། ཚིག་རྒྱུ་དུ་མས་གྲུབ་པའི་མིང་ཡང་དེ་ལྟར་ཡིན།
གཉིས་པ། མིང་གི་བསྟན་དོན་ནམ་བརྡ་དོན་གྱི་རིགས་དབྱེ།
       “མིང་ཞེས་པ་ནི་མིང་གཞི་རྐྱང་བརྩེགས་གང་ཡང་རུང་བ་ལ་རྗེས་འཇུག་གི་བྱེད་པས་སྒྲ་གདངས་རིང་ཆ་ཅན་དུ་བསྒྲུབས་ཏེ། རང་ཉིད་གང་ལ་གདགས་བྱའི་དོན་དེ་ཚུགས་ཐུབ་ཏུ་སྟོན་པའི་རྗོད་བྱེད་སྒྲའི་ཐུང་མཐའ་དེ་ཡིན་ནོ། །”སྐད་ཆའི་ཁྲོད་ཀྱི་མིང་དེ་དག་གི་བསྟན་དོན་ལ་བརྡ་དོན་ཞེས་བརྗོད་དེ། བརྡ་དོན་ལ་ཡང་མིང་གི་ཚོགས་པའི་གོ་དོན་དང་བརྡ་སྤྲོད་ཀྱི་གོ་དོན་གཉིས་ཡོད་པ་རེད། ཐ་མིང་མང་ཆེ་བར་མིང་གི་ཚོགས་པའི་གོ་དོན་ཡོད་ལ་བརྡ་སྤྲོད་ཀྱི་གོ་དོན་ཡང་ཡོད་པ་རེད། མིང་དེ་དག་ལ་ཚིག་དངོས་ཟེར། མིང་ཉུང་ཤས་ལ་བརྡ་སྤྲོད་ཀྱི་གོ་དོན་ཡོད་པ་ལས་མིང་གི་ཚོགས་པའི་གོ་དོན་མེད། མིང་དེ་དག་ལ་ཚིག་ཕྲད་ཟེར། ཚིག་དངོས་མཐའ་དག་ལ་བསྟན་དོན་དང་འབྲེལ་བའི་གཙོ་སྟོན་གྱི་གོ་དོན་ཞིག་ཡོད་དེ་རྗེས་དཔག་གི་གོ་དོན་ཞེས་བརྗོད། དེ་ལས་གཞན་མིང་ཁ་ཤས་ད་དུང་རྗེས་དཔག་གི་གོ་དོན་གྱི་སྟེང་ཟུར་སྣོན་དུ་གྲུབ་པའི་ཁྱད་ཆོས་འགའ་ཡང་ཡོད་པ་རེད། དེ་ལ་ཟུར་སྣོན་གྱི་ཁྱད་ཆོས་ཞེས་བརྗོད་པ་རེད།
       གཅིག རྗེས་དཔག་གི་གོ་དོན།
       རྗེས་དཔག་གི་གོ་དོན་ཞེས་པ་ནི་མིང་གི་བསྟན་དོན་ནམ་བརྡ་དོན་གྱི་གཙོ་སྟོན་གྱི་གོ་དོན་ནམ་བསྟན་དོན་ལ་བརྗོད། ཚིག་མཛོད་དང་མིང་མཛོད་ནང་གི་མིང་གི་འགྲེལ་བ་ནི་རྗེས་དཔག་གི་གོ་དོན་ཡིན། དཔེར་ན། བཀྲ་ཤིས་ནི་ལེགས་པའམ་ཕུན་སུམ་ཚོགས་པའི་དོན།ཕུན་ཚོགས་ནི་ལེགས་ཤིང་ཆད་ལྷག་མེད་པ་ཉེས་སྐྱོན་མེད་པ་སོགས་ཀྱི་དོན། ལྟ་བུའོ། །རྗེས་དཔག་གི་གོ་དོན་ལ་འབྲེལ་ཡོད་ཀྱི་བྱ་དངོས་སམ་རིགས་མཐུན་བསྡུ་བའི་ནུས་པ་ཡོད་པ་དེ། གོ་དོན་དེས་བསྟན་པའི་བྱ་དངོས་ཡོངས་རིགས་དེའི་ཁོངས་སུ་འདུ་བ་རེད། དཔེར་ན“སྲོག་ཆགས”ཞེས་པའི་མིང་དེའི་རྗེས་དཔག་གི་གོ་དོན་ནི“སེམས་ལྡན་སྤྱི་ལ་བརྗོད་པ”ཡིན། དེའི་རྐྱེན་ཆེ་བ་གླང་ཆེན་ནས་ཆུང་བ་འབུ་སྲིན་སོགས་རང་སྟོབས་ཀྱིས་འགུལ་སྐྱོད་བྱེད་པའི་སྲོག་ལྡན་གྱི་རིགས་ཡོད་ཚད་སྲོག་ཆགས་ཀྱི་ཁོངས་སུ་འདུ་བ་རེད།
       གཉིས། ཟུར་སྣོན་གྱི་ཁྱད་ཆོས།
       རྗེས་དཔག་གི་གོ་དོན་ནི་བརྡ་དོན་ཁྲོད་ཀྱི་གཙོ་སྟོན་གྱི་གོ་དོན་ལ་བརྗོད་པ་དང་། དེ་ལས་གཞན་མིང་གི་བསྟན་དོན་ནམ་བརྡ་དོན་ལ་ཟུར་སྣོན་གྱི་ཁྱད་ཆོས་ཡོད་པ་རེད། “མིང་གི་བསྟན་དོན་ལ་ཕྱིའི་ཁོར་ཡུག་དང་ནང་གི་ཀུན་སློང་གི་ཁྱད་པར་ལས་གོ་བ་མི་འདྲ་བ་ཡོད་པ”ལྟར། ཟུར་སྣོན་གྱི་ཁྱད་ཆོས་དེ་དག་ནི་རྗེས་དཔག་གི་གོ་དོན་གཞིར་བྱས་ཏེ་གྲུབ་པ་དང་།མིང་དེ་དག་གི་རང་སྟེང་ནས་གྲུབ་པའི་གོ་དོན་མ་ཡིན་པར། མི་རྣམས་ཀྱིས་མིང་དེ་དག་བཀོལ་སྤྱོད་བྱེད་སྐབས་བསམ་པའི་འཁྱེར་སོ་དང་བརྩེ་དུང་། ནང་གི་ཀུན་སློང་། ཚིག་གི་སྐབས་དོན་སོགས་ཀྱིས་མིང་དེར་རྗེས་དཔག་གི་གོ་དོན་ལས་གཞན་ཟུར་སྣོན་གྱི་དོན་གཞན་སྤྲད་པ་ལ་ཟེར། ཟུར་སྣོན་གྱི་ཁྱད་ཆོས་ལ་གཟུགས་འགོད་ཀྱི་ཁྱད་ཆོས་དང་བརྩེ་དུང་གི་ཁྱད་ཆོས། ཉམས་འགྱུར་གྱི་ཁྱད་ཆོས་བཅས་ཡོད།
       ༡ གཟུགས་འགོད་ཀྱི་ཁྱད་ཆོས།
       མིང་ཁ་ཤས་ཀྱིས་སྐབས་ལ་ལར་གཟུགས་སུ་བཀོད་པའི་ཁྱད་ཆོས་ཙམ་ཕྱིར་མངོན་ཡོད། དེར་དངོས་སུ་ནན་བཤད་མ་བྱས་ན་རྒྱུན་ལྡན་གྱི་འཚོ་བའི་ནང་ཚོར་དཀའ་བ་རེད། དཔེར་ན། མྱུ་གུ་དང་སྤྲིན་པ། ཐག་པ་སོགས་ཀྱིས་སྔར་དོན་དེ་ལས་དོན་གཞན་གང་ཡང་མི་སྟོན་ལ། གཟུགས་འགོད་ཀྱི་ཁྱད་ཆོས་ཙམ་ཡང་ཟུར་ནས་གླེང་རྒྱུ་མེད། ད་དུང་ལྗང་ཁུ་དང་དཀར་པོ། དཔྱང་པ་སོགས་མིང་ཁ་ཤས་ཀྱིས་དངོས་པོའི་ཁྱད་ཆོས་ཙམ་བརྗོད་པ་ལས། གཟུགས་སུ་བཀོད་པའི་ཁྱད་ཆོས་བརྗོད་པ་རེད་ཅེས་བཤད་དཀའ་མོད། འོན་ཀྱང་མིང་དེ་དག་མཉམ་བསྲེས་བྱས་ནས་ལྗང་མྱུག་དང་སྤྲིན་དཀར། དཔྱང་ཐག་བཅས་གྲུབ་པ་ན། མིང་དེ་དག་གིས་རྗེས་དཔག་གི་གོ་དོན་སྟོན་པ་ལས་གཞན། ད་དུང་མི་རྣམས་ལ་དངོས་པོའི་རྣམ་པ་དང་ཁ་དོག་སོགས་སྟོན་པའི་ཚོར་བ་སྟེར་ཐུབ།
       ༢ བརྩེ་དུང་གི་ཁྱད་ཆོས།
       མིང་གི་བསྟན་དོན་ནམ་བརྡ་དོན་གྱི་བརྩེ་དུང་གི་ཁྱད་ཆོས་ནི་རྗེས་དཔག་གི་གོ་དོན་གཞིར་བྱས་ཏེ་གྲུབ་པ་ཞིག་ཡིན། དེ་ནི་མི་རྣམས་ཀྱིས་འཇིག་རྟེན་སྟེང་གི་དངོས་པོའི་དགེ་སྐྱོན་དང་དེ་ལ་བཅངས་པའི་དགའ་སྡང་གི་ཚོར་བའམ་རྣམ་འགྱུར་ལ་བྱ། མིང་ཁ་ཤས་ནི་སྤྱོད་ཡུལ་གྱི་ཐད་ནས་བསྔགས་བརྗོད་བྱེད་པའི་ཡུལ་དུ་བཀོལ་བ་ལས་གཞན་དུ་མི་བཀོལ། མིང་དེའི་རིགས་ལ“བསྟོད་ཚིག”ཟེར་བ་དང་། མིང་ཁ་ཤས་ནི་གཞན་གྱི་སྐྱོན་བརྗོད་པའི་སྐབས་སུ་མ་གཏོགས་གཞན་དུ་མི་བཀོལ། མིང་དེའི་རིགས་ལ“སྨད་ཚིག”ཟེར། མིང་ཁ་ཤས་ཀྱིས་རྗོད་ཡུལ་གྱི་དགེ་སྐྱོན་གང་ཡང་མི་བརྗོད། དེའི་རིགས་ལ“མ་ནིང་གི་ཚིག”ཟེར་བ་དང་། འདོད་རྒྱལ་གྱི་མིང་ཕལ་ཆེར་རིགས་འདིའི་ཁོངས་སུ་འདུ།
       དཔེར་ན “འབྲས་བུ”དང “གྲུབ་འབྲས” “མཇུག་འབྲས”མིང་འདི་གསུམ་གྱིས་མཐའ་འབྲས་འབའ་ཞིག་སྟོན་གྱིན་ཡོད་མོད། འོན་ཀྱང་སྤྱོད་ཡུལ་གྱི་ཐད་ནས“འབྲས་བུ”ཞེས་པའི་མིང་འདིས་དགེ་སྐྱོན་གང་ཡང་མི་བརྗོད་པས་མ་ནིང་གི་ཚིག་ཡིན། “གྲུབ་འབྲས”ཞེས་པ་ནི་དགེ་སྐྱོན་གཉིས་ལས་དགེ་བ་སྟོན་གྱིན་ཡོད་པས་བསྟོད་ཚིག་ཡིན། “མཇུག་འབྲས”ཞེས་པ་ནི་དགེ་སྐྱོན་གཉིས་ལས་སྐྱོན་སྟོན་གྱིན་ཡོད་པས་སྨད་ཚིག་ཡིན།
       ༣ ཉམས་འགྱུར་གྱི་ཁྱད་ཆོས།
       མིང་གི་བསྟན་དོན་ནམ་བརྡ་དོན་གྱི་ཉམས་འགྱུར་གྱི་ཁྱད་ཆོས་དེ་སྤྱོད་ཡུལ་མི་འདྲ་བ་དང་རྩོམ་ལུགས་མི་འདྲ་བའི་ཐད་ནས་རིགས་མི་འདྲ་བ་དུ་མར་དགར་ཆོག སྤྱོད་ཡུལ་མི་འདྲ་བའི་ཐད་ནས་སྤྱིར་བཏང་གི་མིང་ཚིག་དང་ཞེ་ཚིག་གཉིས་སུ་དགར་ཆོག་པ་སྟེ། དཔེར་ན“ལག་པ”དང“མགོ” “མིག”ལྟ་བུ་ནི་སྤྱིར་བཏང་གི་འབྲེལ་འདྲིས་ནང་བཀོལ་སྤྱོད་བྱེད་པ་ཡིན་པས་སྤྱིར་བཏང་གི་མིང་ཚིག་ཡིན། “ཕྱག”དང“དབུ” “སྤྱན”ལྟ་བུ་ནི་རང་ལས་ཆེ་བའམ་གཞན་ལ་གུས་པ་བརྗོད་ཕྱིར་བཀོལ་སྤྱོད་བྱེད་དགོས་པས་ཞེ་ཚིག་ཡིན། རྩོམ་ལུགས་མི་འདྲ་བའི་ཐད་ནས་ཁ་སྐད་དང་ཡིག་སྐད་དུ་དགར་ཆོག་ལ། དཔེར་ན“ཕ་ལོ” “མ་ལོ”དང“ཨ་ཕ” “ཨ་མ”ཞེས་པའི་མིང་གི་གོ་དོན་གཅིག་འདྲ་ཡིན་ཡང་། རྩོམ་ལུགས་དང་བཀོལ་སའི་ཡུལ་མི་འདྲ་བའི་རྐྱེན་གྱིས“ཕ་ལོ” “མ་ལོ”ནི་རྒྱུན་ལྡན་གྱི་འཚོ་བའི་ནང་བཀོལ་སྤྱོད་བྱེད་པས་ཁ་སྐད་ཀྱི་རང་བཞིན་ལྡན། “ཨ་ཕ” “ཨ་མ”ནི་གསལ་བཤད་དང་གཞུང་ཡིག་སོགས་རྩོམ་ལུགས་ཚད་ལྡན་གྱི་གཞུང་ཡིག་དང་ཕྱག་རྩོམ་སོགས་ཀྱི་ནང་རྒྱུན་པར་བཀོལ་སྤྱོད་བྱེད་པས་ཡིག་སྐད་ཀྱི་རང་བཞིན་ལྡན་པ་རེད།
       མདོར་ན་སྐད་ཆ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཡིན་ལ། སྐད་ཆའི་སྡེ་ཚན་དུ་གྲུབ་པའི་མིང་གིས་སྤྱི་ཚོགས་གང་དེའི་འདུ་ཤེས་འཛིན་སྟངས་དང་རིག་གནས་ཀྱི་ཁོར་ཡུག སྐད་ཆའི་འགྱུར་ལྡོག་སོགས་མངོན་ཡོད་པས། མིང་གི་བསྟན་དོན་ནམ་བརྡ་དོན། རིགས་དབྱེ་སོགས་ལ་ཞིབ་འཇུག་བྱེད་པ་ནི་དོན་གྱི་གོ་བ་བདེ་བླག་ཏུ་ལོན་པ་དང་། བསྟན་དོན་གསར་དུ་བསྐྱེད་ནས་མིང་གི་བྱེ་བྲག་གསར་པ་འཕེལ་བ་དང་ཐ་སྙད་ཕུན་སུམ་ཚོགས་པོར་གཏོང་བའི་ཐབས་ཤིག་ཀྱང་ཡིན་ནོ། །
འབྲེལ་ཡོད་འོས་སྦྱོར།