༄༅། །གནས་མཇལ་ཞིག་གི་བརྗེད་བྱང་།
རྩོམ་པ་པོ།:ཟླ་ཞེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-03-11
ཀློག་གྲངས།:
སྟོང་ལོ་ཉེར་བཞིའི་ལོ་སར་དེ་འཆར་ཅན་ལྟར་རང་ཁྱིམ་དུ་རོལ་བའི་སྟ་གོན་བོར་ནས་གནས་མཇལ་དུ་ཕྱིན། འདི་ཡང་དེང་གི་ཆར་མང་ཤོས་ཀྱི་ལོ་སར་རོལ་སྟངས་གཞན་ཞིག་ཡིན་པ་འདྲ། ཕལ་ཆེར་བསྐྱར་ཟློས་ཀྱི་འཚོ་བའི་ཁྲོད་དུ་ལོ་ཡི་འཁོར་མོ་གསར་བ་བསུ་སྟངས་དེ་ཉིད་ཡང་བསྐོར་བསྐྱར་བསྐོར་གྱིས་ཟློས་པར་སུན་སྣང་ངམ་སྤྲོ་བ་མེད་པར་ཆགས་པས་ཡིན་སྲིད་སྙམ། གང་ལྟར་ང་རང་ཉིད་ཀྱང་རོལ་སྟངས་ཟློས་མ་དེ་ལ་དགའ་པོ་མེད། ལྷག་པར་ངའི་ཕ་ཡུལ་འབྲོག་ཕྱོགས་འདི་ལ་མཚོན་ན། ལོ་རེའི་ལོ་གསར་སྐབས་ནི་མི་རྣམས་བྲེལ་ཟིང་ཆེ་བའི་དུས་ཤིག་ཡིན། ཁ་ལ་ཟ་རྒྱུའི་ཟ་མ་སྣ་མང་ལས་པ། མགྲོན་ལ་བཤམ་རྒྱའི་སྡེར་ཀ་མང་པོ་སྒྲིག་པ། ཉོ་ཅ་རྒྱགས་པ་དང་གད་བདར་བྱེད་པ་སོགས་མི་ཁོམ་པའི་ལས་གང་མང་མཆིས། དེ་ལས་ཀྱང་ཁྱིམ་ཚང་གང་དེའི་ཁྱིམ་འཛིན་བདག་མོ་ནི་ལས་ཀའི་གནས་དེ་ལས་ཚགས་ཆེས་ལྕི་བའི་ལས་ཀ་པ་ཡིན་པར་འདོད་མོད། ཀུན་ལ་དེ་འདྲའི་བསམ་ཚུལ་ཡོད་མེད་ཅི་ཆ། ང་རང་ལོ་སར་སྐབས་འབྲོག་ཕྱོགས་ཀྱི་ཁྱིམ་ཚང་ལ་ལར་མགྲོན་དུ་སོང་དུས། དེ་འདྲའི་མཐོང་སྣང་ཞིག་ངང་ངམ་ཤུགས་ཀྱིས་ཡོད་མྱོང་། སྣང་ཚུལ་འདི་ཡོངས་ཁྱབ་ཡིན་མི་སྲིད་ཀྱང་འགའ་ཤས་སུ་དེ་ལྟར་སྣང་ངོ་། །བྱས་ཙང་། སྟ་གོན་ཚགས་སུ་ཆུད་པ་བྱས་རྗེས་རང་གི་ཁྱིམ་མི་དག་ཁྲིད་དེ་གནས་མཇལ་དུ་ཕྱིན། དེ་རེས་མཇལ་སའི་གནས་ནི་མདོ་སྨད་ཤོ་བའི་དགོན་མཁས་གྲུབ་གླིང་ཡིན་པས། གསེར་ཆེན་རི་བོའི་འདབས་རོལ་ནས་ལམ་དུ་ཆས་དེ་མདོ་སྨད་གཙོས་གྲོང་ཕྱོགས་སུ་འཐེན་པའི་ཤར་ཕྱོགས་ཉི་མ་འཆར་ཕྱོགས་སུ་བསྐྱོད་དོ། །
ཤོ་བ་དགོན།
གཙོས་གྲོང་ནས་མཚན་གཅིག་ལ་ཞག་མལ་དུ་བསྡད་རྗེས་ཉིན་གཉིས་པའི་སྔ་ཆར་ལམ་དུ་ཆས། ད་རེས་ཀྱི་གནས་མཇལ་ནི་མདོ་སྨད་ཤོ་བ་དགོན་ཡིན་སྟབས། གཙོས་གྲོང་ནས་དགོན་པ་གང་དེ་ཡོད་སའི་ཤར་ལྷོའི་ཕྱོགས་སུ་བསྐྱོད། ལམ་བར་ནས་སྒར་གསར་དགོན་པའི་ཨ་ཁུ་རབ་རྒྱས་ལགས་ཀྱིས་དགོན་པར་སྣེ་ལེན་བྱེད་རྩིས་ཡིན་པས་དེར་ཐོན་དགོས་ཚུལ་བཤད་པ་ནང་བཞིན་སོང་། ཁོང་ནི་མཛོད་དགེ་སྒར་གསར་དགོན་གྱི་གྲྭ་བ་ཡིན། ཁོང་གིས་སྒར་གསར་དགོན་ནི་ཁྲི་ཆེན་གུང་ཐང་གསུམ་པ་བསྟན་པའི་སྒྲོན་མེས་བཏབ་ཅིང་མཚན་ཆ་ཚང་ལ་སྒར་གསར་དགོན་དགའ་ལྡན་རབ་རྒྱས་གླིང་ཞུ་བར་གསུངས། དགོན་པའི་གྲྭ་གྲངས་མང་ཙམ་མེད་ཀྱང་ཁོ་པ་ཚོའི་ཞབས་ལ་ཡོད་པའི་ལྷམ་དང་གྲྭ་བ་མང་ཤོས་རྒན་པར་མཐོང་དུས། དགོན་སྡེ་འདིའི་སྒྲིག་སྲོལ་དང་སྤྱོད་ལམ་ཡང་ལེགས་པར་གནས་པ་ཡིད་ཚོད་བྱེད་ནུས། དགོན་འདིའི་སྐོར་ལ་ལོ་རྒྱུས་ཞིབ་བུ་གུད་དུ་འདྲི་མ་ནུས་ལ་དེའི་སྐོར་གྱི་ལོ་རྒྱུས་རྒྱུ་ཆ་ཡང་བཙལ་འཚོལ་མེད་པས་འབྲི་བར་མ་སྤོབས། ད་ལོར་ཁོང་གིས་དགོན་སྡེ་འདིའི་གྲྭ་བཙུན་ཡོངས་ལ་ཟས་རིགས་གྱ་ནོམ་པས་ལོ་སར་ཟས་ཀྱི་སྟོན་མོ་ཞིག་ཤོམ་ཀྱིན་ཡོད་ཅིང་། ངེད་ཅག་གིས་ཀྱང་ཁོང་གི་བཀོད་སྒྲིག་འོག་མདུན་དུ་བཤམས་པའི་ཤ་མར་རྩམ་གསུམ་ལ་ཕྱི་ཡོང་མགྲོན་པོའི་སྲོལ་གྱིས་ལོངས་སྤྱོད་བྱས། ཉིན་གུང་ཙམ་དུ་སྒར་གསར་དགོན་ནས་ལམ་དུ་ཆས། གནས་དེ་ག་ནས་ཤོ་བ་དགོན་དུ་སྤྱི་ལེ་མང་པོ་མེད་ཀྱང་བགྲོད་ལམ་ཀྱག་ཀྱོག་ཡིན་ལ་ཁ་བ་ཅུང་ཟད་ཡོད་པས་དུས་ཚོད་མང་པོ་ཟད། ཤོ་བ་དགོན་ནི་བྲག་དཀར་མཐོན་པོ་ཞིག་གི་མདུན་ངོས་སུ་རི་ངོས་ལེབ་མོ་ཞིག་ལ་སྙེ་ནས་ཆགས་འདུག ཆགས་སྟངས་འདི་ཡང་སྔོན་མ་དགོན་སྡེ་ཞིབ་འཇུག་པ་ཞིག་གིས་བཤད་པ་ལྟར་བོད་དགོན་ཕལ་ཆེ་བ་རི་བོ་རྒྱབ་ཏུ་བླངས་ནས(依山而建)ཆགས་འདུག་ཅེས་པ་དང་ཀུན་ནས་མཐུན། དགོན་སྡེ་འདི་ནི་དེང་གི་སྲིད་འཛིན་གྱི་དབྱེ་སྟངས་ལྟར་ན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཤོ་བ་ཡུལ་ཚོའི་ཁོངས་སུ་གཏོགས། དེ་ལས་ཤོ་བ་ཡུལ་ཚོ་འདི་ལ་ཤོ་བ་ཧོར་རིགས་རང་སྐྱོང་ཡུལ་ཚོའམ་ཧོར་རིགས་ཤང་ཞེས་བྲིས་འདུག གནས་འདི་གར་ཡང་ཡུལ་ལུང་གང་དེའི་སྐད་ཉམས་སེ་བ་ཞིག་ཡོད་མོད་ཀྱང་ཕལ་ཆེ་བའི་ཁ་ནས་ཨ་མདོའི་སྐད་གསལ་ཐག་ཆོད་པ་རེ་སྨྲ་ཐུབ་པས་ངེད་ཅག་གོ་བརྡ་འཕྲོད་པ་ལའང་ཁག་པོ་མེད་དོ། །
ཤོ་བ་དགོན་གྱི་མཚན་ཆ་ཚང་ལ་ཤོ་བ་དགོན་མཁས་གྲུབ་གླིང་ཞུ་ཞིང་། དགོན་འདི་ཉིད་ནི་ཡོངས་གྲགས་སུ་ཤོ་བ་རིན་པོ་ཆེའམ་སྒོམ་ཆེན་པ་བློ་བཟང་རྣམ་རྒྱལ་ཞུ་བས་བཏབ་པར་གྲགས། མདོ་སྨད་ཆོས་འབྱུང་ལས་ཀྱང་ཤོ་བ་མཁས་གྲུབ་གླིང་ནི་འདུལ་འཛིན་ཤོ་བ་རིན་པོ་ཆེ་ཉིད་ཀྱི་རྩ་དགོན་ཡིན་ཞིང་། ཉིད་དགུང་ལོ་ང་ལྔ་བ་ཤིང་གླང་ལ་སྨྲ་ཚང་མགོ་བ་རྒྱལ་མཚན་རིན་ཆེན་གྱིས་དགོན་ས་ཕུལ་ཏེ་ཕྱག་འདེབས་མཛད་པར་གསུངས།① ཁོང་ཉིད་ནི་རབ་བྱུང་བཅུ་གཅིག་པ་སྤྱི་ལོ༡༦༣༡ལོར་ཤོ་ཡུལ་ར་བ་གྲོང་དུ་སྐུ་འཁྲུངས་ཤིང་།② སྐུ་ན་ཕྲ་མོའི་དུས་ནས་དབུས་སུ་བྱོན་ཏེ་སློབ་གཉེར་བྱས་མཐར། ལྔ་བ་ཆེན་མོར་མཇལ་ཏེ་བསྙེན་པར་རྫོགས་པས་མཚན་ལ་བློ་བཟང་རྣམ་རྒྱལ་དུ་གསོལ། རྗེས་སུ་ལྔ་བ་ཆེན་མོའི་བཀས་མདོ་སྨད་དུ་དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་དོན་ཐུགས་ལ་འདོགས་དགོས་ཚུལ་ནན་ཏན་མཛད་པ་བཞིན་སོ་དགུ་བ་ས་བྱ་ལ་རང་ཡུལ་དུ་བྱོན། ཕྱིས་སུ་རང་ཡུལ་ཀན་ལྷོའི་སར་ཕྱག་ཕེབས་ཏེ་གནས་དེ་གར་སྟོད་སྨད་བར་གསུམ་གྱི་དགོན་པ་གསུམ་བཏབ་པ་སྟེ། ཁོང་ཉིད་དགུང་ལོ་ཞེ་དྲུག་བཞེས་པ་མེ་འབྲུག་ལོར་བཏབ་པའི་ཁང་ཐོག་དགོན་དར་རྒྱས་གླིང་དང་། དགུང་ལོ་ང་གཉིས་བཞེས་པ་ཆུ་ཁྱི་ལ་བཏབ་པའི་སྟོད་མ་དགོན་ཕུན་ཚོགས་དགའ་ལྡན་གླིང་། དགུང་ལོ་ང་ལྔ་བ་ཤིང་གླང་ལ་བཏབ་པའི་ཤོ་བ་དགོན་མཁས་གྲུབ་གླིང་བཅས་ནི་དབུས་གདན་ས་གསུམ་གྱི་དོད་དུ་བཏབ་ཀྱང་ཟེར།③ དགོན་པ་སོ་སོའི་རྟེན་གཙོ་བོ་ཡང་དབུས་སེ་འབྲས་དགེ་གསུམ་གྱི་རྟེན་དང་གཅིག་པ་ཡིན་གཤིས། མདོ་སྨད་དུ་དགོན་འདི་དག་ལ་མཇལ་ཐུབ་ཚེ་དབུས་སེ་འབྲས་དགེ་གསུམ་དང་མཇལ་བའི་ཁྱད་མེད་ཟེར་སྲོལ་ཡང་མཆིས། དེ་ལའང་དགོན་འདི་གསུམ་གྱི་ཕྱག་འདེབས་བླ་མ་བློ་བཟང་རྣམ་རྒྱལ་ལམ་ཤོ་བ་རིན་པོ་ཆེ་ཡི་སྐུ་སྐྱེ་ཕྱི་མ་འདུལ་འཛིན་བློ་བཟང་ཤེས་རབ།④ བྲག་སྒོམ་པ་བསྟན་པ་རབ་རྒྱས།⑤ འཇམ་དབྱངས་བསྟན་པ་རྒྱ་མཚོ་སོགས་སྐུ་ཕྲེང་རིམ་པ་ནས་ཀྱང་ཐུགས་ཁུར་སྦྱོར་འཇགས་མཛད་ཡོད་དོ། །⑥ དགོན་པའི་འདུ་ཁང་ཅུང་ཆེ་བར་འདུག་ཀྱང་གྲྭ་བཙུན་མང་པོ་མཐོང་དུ་མེད། དགོན་སྡེ་འདི་སྔོན་མ་ཅོ་ནེ་དགོན་པའི་དགོན་ལག་ཏུ་གཏོགས་པར་བྱས་པའི་ལོ་རྒྱུས་ལ་དཔགས་ན། དགོན་པའི་གྲྭ་བཙུན་དག་ཕལ་ཆེར་ཅོ་ནེ་དགོན་ཆེན་ནས་ཚུར་གཏོང་གི་ཡོད་ལས་ཆེ་མོད་གསལ་པོར་འདྲི་མ་ནུས།
བྲག་སྒོམ་སྒྲུབ་ཕུག
ཤོ་བ་དགོན་ནས་ཤར་གྱི་སྤྱི་ལེ་བཅུ་གྲངས་ཀྱི་ཕྱོགས་ན་བྲག་དགོན་སྐུ་ཕྲེང་རིམ་པའི་སྒྲུབ་ཕུག་ཡོད་ལ། སྒྲུབ་ཕུག་དེ红土泉ཟེར་བའི་རྒྱ་མ་བོད་ཀྱི་སྡེ་བ་ཞིག་བརྒྱུད་དེ་འགྲོ་དགོས་ཤིང་། ལམ་སའི་ལམ་ཡང་གུ་དོག་པོ་ཀྱག་ཀྱོག་ཆེ་བ་ཞིག་འདུག རི་བོའི་ཉག་ཁ་ཞིག་ཏུ་རྐང་ལམ་ཞིག་ལས་མེད་ཅིང་རྐང་པ་བརྒྱབ་ཏེ་སོང་ན་ཐད་ཀར་སྒྲུབ་ཕུག་ཡོད་སར་སླེབས་ཐུབ། སྒྲུབ་ཕུག་གི་ནང་དུ་འཛུལ་ཚེ། སྒོ་འགྲམ་དུ་རིང་ཚད་ལ་ཁྲུ་གཉིས་ཙམ་ཡོད་པའི་སྒྲོལ་ལྗང་གི་སྐུ་མཆོད་མེ་སྒྲོན་སའི་ཅོག་ཙེ་ལེབ་མོ་དང་བཅས་ཡོད། དེའི་ཕྱི་རུ་སོང་ཚེ་སྒྲུབ་ཆུ་དྭངས་མོ་མཐིལ་མཐོང་བ་ཞིག་བསྐྱིལ་ཡོད། སྒྲུབ་ཕུག་གི་ཕུ་དོག་ལ་མདའ་ཡངས་པར་འདུག་སྟེ་ཕལ་ཆེར་མི་ཆེན་ཞིག་ཡར་འགྲེང་ནས་འགྲོ་ཐུབ་པའི་ཚད་དུ་སྣང་། གནས་འདི་རུ་བྲག་སྒོམ་པ་སྐུ་ཕྲེང་རིམ་བྱོན་གྱིས་སྒྲུབ་པ་ཉམས་ལེན་གནང་ཞིང་། མཛད་པ་འཕྲིན་ལས་བསྐྱངས་ཡོང་གཤིས།⑦ དད་ལྡན་མཇལ་བ་མང་པོ་འཁོར་སའི་གནས་གལ་ཆེན་ཞིག་ཏུ་ཆགས་ཡོད། ལྷག་པར་སྒྲུབ་ཕུག་འདིར་ཡོད་པའི་སྒྲུབ་ཆུ་ཁ་ལ་རེག་པའམ། སྒྲུབ་ཆུས་ལུས་འཁྲུད་པ་སོགས་ཀྱིས་ནད་དྲག་སྐྱེད་བྱུང་བ་དང་བུ་སྦྲུམ་པ་བཅས་ལ་ཕན་བདོག་པར་བཤད། དངོས་གནས་ཡིད་ལ་འཆར་དཀའ་བ་ཞིག་ནི། སྔོན་བྱོན་རི་ཁྲོད་འགྲིམ་པའི་ཉམས་ལེན་པ་དེ་དག་གིས་མི་མེད་ལུང་སྟོང་། རི་གཟར་ནགས་སྟུག གཅན་གཟན་གྱི་འཇིགས་པ་ཆེ་ས། ཉེན་ཁ་རབ་ཏུ་རྒོལ་བའི་གནས་ཁྱད་དུ་འཕགས་པ་དེ་འདྲ་ཅི་ལྟར་རྙེད་པ་ཡིན་ནམ། འདི་ཡང་སྔོན་མའི་ཟིན་ཐོ་ཞིག་ཏུ་རང་ལ་དྲི་བའི་ཚུལ་དུ་བྲིས་མྱོང་ཡོད་ཀྱང་། ད་ལྟའི་ཆར་སྔར་བཞིན་ལན་ཡང་དག་པ། འོས་འཚམ་པ་ཞིག་རྙེད་མ་ཐུབ་པ་འདྲ། རྗེས་མར་སྔར་བཞིན་འཚོལ་ངེས་སོ། །
ལུས་ཅན་ལེགས་བྱས་གསེར་ལྡན་ལྟོ་བ་རུ། །
ལྷམ་མེར་ལྷན་ནེར་འཁྱིལ་བའི་ཞིང་མཆོག་ཅིག །
ཤོ་བའི་གནས་ཆེན་དབེན་པའི་ཕོ་བྲང་ལ། །
ལན་གཅིག་མཇལ་བའི་ཟིན་ཐོ་བྲིས་པ་དགེ །མངྒལཾ།
ལྷམ་མེར་ལྷན་ནེར་འཁྱིལ་བའི་ཞིང་མཆོག་ཅིག །
ཤོ་བའི་གནས་ཆེན་དབེན་པའི་ཕོ་བྲང་ལ། །
ལན་གཅིག་མཇལ་བའི་ཟིན་ཐོ་བྲིས་པ་དགེ །མངྒལཾ།
མཆན།
①③ བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། «མདོ་སྨད་ཆོས་འབྱུང་།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ༤པར། ཤ༦༩༩ ཤ ༦༩༥-༧༠༠
② བཀྲ་ཤིས་ཕུན་ཚོགས། «ཀན་ལྷོའི་རེབ་ཚའི་དགོན་ཆུང་གསུམ་གྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་ལ་དཔྱད་པ།» ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག ༢༠༢༠ལོའི་སྤྱིའི་དེབ་གྲངས་བཅུ་དྲུག་པ།
④ ཤོ་བ་རིན་པོ་ཆེའི་ཡང་སྤྲུལ་སྐོར་ལའང་བཤད་ཚུལ་རེ་འགའ་མཆིས་ཀྱང་འདིར་བྲི་བར་མི་བྱའོ། །
⑤ སྤྱིར་བཏང་བྲག་དགོན་པ་དང་བྲག་སྒོམ་པ་ཞེས་འབྲི་སྲོལ་མི་འདྲ་བ་གཉིས་མཆིས་ཀྱང་གཉིས་ཀ་དག་པར་སྣང་།
⑥ བཀྲ་ཤིས་ཕུན་ཚོགས། དམངས་ཁྲོད་དུ་ཉར་བའི«ཤོ་བ་རིན་པོ་ཆེའི་རྣམ་ཐར»ལ་ཐོག་མར་དཔྱད་པ། ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག ༢༠༢༠·༡ སྤྱིའི་དེབ་གྲངས་བཅུ་གསུམ་པ།
⑦ མགོན་པོ་སྐྱིད། «བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་མཛད་རྣམ་ལ་དཔྱད་པ།» ཀན་ལྷོའི་མི་རིགས་རིག་གནས་ཞིབ་འཇུག ༢༠༡༩·༤ སྤྱིའི་དེབ་གྲངས་བཅུ་གཉིས་པ།
འབྲེལ་ཡོད་འོས་སྦྱོར།