logo

བོད་ཀྱི་ཡུལ་སྐད་ཁག་ཅིག་གི་ཆོས་ཉིད།།

རྩོམ་པ་པོ།:འབྲོང་རྭ་མེ་འབར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-19 ཀློག་གྲངས།:

   མདོ་སྟོད་ནང་ཆེན་འབྲོག་དང་ནག་ཆུ་ཕྱོགས།།

  རྨང་ཡིག་པ་ཕ་བ་ཡི་ར་བཏགས་དེ།།

  ཡུལ་སྐད་ནང་དུ་ཕལ་ཆེར་མེད་པར་བཅད།།

  སྨྲ་བ་བདེ་དང་འཁྱུག་ཡིག་སྟབས་སུ་ཕྱིར།།



   མདོ་སྨོད་ཡུལ་གྲུབ་བཅས་དང་རྒྱལ་རོང་ཟུར།།

  རྨང་ཡིག་ཀ་ཁ་ག་ཡི་ར་བཏགས་དེ།།

  ཧ་ལམ་ཡ་བཏགས་ཅན་དུ་དངོས་སུ་བཅོས།།

  བརྡ་རྙིང་ཁ་ཤས་ནང་དུ་ཡ་བཏགས་བཙན།།



  གནའ་བོ་ཞང་ཞུང་སྐད་དང་བོད་སྐད་བར།།

  མགོ་དང་ལུས་པོ་གཉིས་ཀྱི་འབྲེལ་བ་དེ།།

  སྒང་བ་བོད་པ་ཚང་གི་རིག་པའི་བཅུད།།

  མ་ཉམས་སླར་གསོ་ཞིབ་ཏུ་དཔྱད་པར་འགན།།

 

  ༡ ནང་ཆེན་དང་ནག་ཆུའི་འབྲོག་སྐད་དུ་ར་བཏགས་བཅད་པ། 
  གདན་སྤྲུག་ལ་ས་གདན་སྤུག     སྤྲང་རྒན་ལ་སྤང་རྒན།    སྤྲིན་དཀར་ལ་སྤིན་དཀར།   སྤྲེལ་རྒན་ལ་སྤེལ་རྒན།    ཕྲ་སྦོམ་ལ་ཕ་སྦོམ།    འཕྲུ་རྨོ་ལ་འཕུ་རྨོ།  ཕྲུག་གོས་ལ་ཕུག་གོས།    ཕྲག་ལ་ཕག     འཕྲེད་གླིང་ལ་འཕེད་གླིང་།   ཟ་འཕྲོ་ལ་ཟ་འཕོ། ཡི་གེ་བྲི་ལ་ཡི་གེ་བི།    འབྲི་བཞོ་ལ་འབི་བཞོ།འབྲོག་པ་པ་འབོག་པ།   ཚྭ་བྲོ་ལ་ཚྭ་བོ། བྲང་ལ་བང་ཞེས།   བྲག་གསེར་དགོན་ལ་བག་གསེར་དགོན།    སྦྲ་ནག་ལ་སྦ་ནག    འབྲེལ་འཚུབ་ལ་འབེལ་འཚུབ།  སྤྲད་ལ་སྤད།  
  ༢ ནང་ཆེན་གྱི་ཡུལ་སྐད་དུ་ར་བཏགས་བཅད་ཅིང་རྗེས་འཇུག་ལ་དེ་ས་རུ་བཅོས། 
  སྦྲུལ་ལ་སྦུས།   སྤྲེལ་ལ་སྤེས།   སྦྲེལ་ལ་སྦེས། 
  ༣ ནང་ཆེན་འབྲོད་སྐད་དུ་ཡ་བཏགས་བཅད་པ། 
  བྱེད་ལ་བེད། བྱས་ལ་བས། འཕྱི་བ་ལ་འཕི་ལི། ཕྱི་གླིང་ལ་ཕི་གླིང་། 
  ༤ ནང་ཆེན་ཡུལ་སྐད་དུ་རྗེས་འཇུག་ལ་དེ་ས་རུ་བཏགས་པ།

  སྐལ་ཆད་ལ་སྐས་ཆད།    ཤ་ཚིལ་ལ་ཤ་ཚིས། རྡོ་སོལ་ལ་རྡོ་སོས།   སྦལ་བ་ལ་སྦས་བ། དུག་སྦྲུལ་ལ་དུག་སྦུས།   སྐྱེལ་ལ་སྐྱེས།   ཆུ་རྐྱལ་ལ་ཆུ་རྐྱས།   བལ་ཁེལ་ལ་བས་ཁེས། རྔུལ་ཆུ་ལ་རྔུས་ཆུ།   དལ་མོ་ལ་དས་མོ།  གསེར་དངུལ་ལ་གསེར་དངོས། ཉལ་ལ་ཉས། རྒྱལ་བསྐུགས་ལ་རྒྱས་བསྐུགས།   རིལ་རིལ་ལ་རིས་རིས།   ཝ་བརྒྱལ་ལ་ཝ་བརྒྱས། ས་འགུལ་ལ་ས་འགུས།     ཐལ་ལྕག་ལ་ཐས་ལྕག   འབྲེལ་བ་ལ་འབེས་བ། དུག་སྦྲུལ་ལ་དུག་སྦུས། འཛུལ་ལ་འཛུས།
  ༥ མདོ་སྨོད་འབྲོག་སྐད་ནང་དུ་ར་བཏགས་ནི་ཡ་བཏགས་སུ་བཅོས་པ།
  ལྭ་བ་བསྐྲུ་ལ་ལྭ་བ་བསྐྱུ།  ནེའུ་སྐྲ་ལ་ནེའུ་སྐྱ།  སྐྲངས་འབུར་ལ་སྐྱངས་འབུར།   སྐྲག་ལ་སྐྱག ཡིག་ཆ་བཀྲམ་ལ་ཡིག་ཆ་བཀྱམ།   ཁྲ་གླག་སྤྱང་ལ་ཁྱ་གླག་སྤྱང་།  ཁྲལ་མཇལ་ལ་ཁྱལ་མཇལ།   ཁྲ་ཁྲ་ལ་ཁྱ་ཁྱ།   ཁྲི་ཀ་ལ་ཁྱི་ཀ།  ཁྲག་ལ་ཁྱག   རྟ་ཁྲིད་ལ་རྟ་ཁྱིད།  ཁྲུང་ཁྲུང་ལ་ཁྱུང་ཁྱུང་། གྲུམ་པ་ལ་གྱུམ་པ།   གྲོག་བྱུང་བ་ལ་གྱོག་བྱུང་བ།   གྲངས་ཀ་ལ་གྱངས་ཀ།   གྲུ་མོ་ལ་གྱུ་མོ།   གྲོག་མ་ལ་གྱོག་མ། གྲོས་བྱེད་ལ་གྱོས་བྱེད།     གྲོ་མ་ལ་གྱོ་མ།    གྲང་ལ་གྱང་།   རྨ་བྱའི་སྒྲོ་ལ་རྨ་བྱའི་སྒྱོ།   སྒྲོ་བ་ལ་སྒྱོ་བ།   མཆོན་མེ་སྒྲོན་ལ་མཆོད་མེ་སྒྱོན།  ལྷམ་སྒྲོག་ལ་ལྷམ་སྒྱོག སྒྲུང་བཤད་ལ་སྒྱུང་བཤད།  མ་ཎི་བགྲང་ལ་མ་ཎི་བགྱང་།  འགྲམ་ལྕག་ལ་འགྱམ་ལྕག  
  ༦ བོད་ཡུལ་ཡོངས་ཀྱི་ཡུལ་སྐད་དུ་ར་བཏགས་བཙན་ཤེད་ཅན།
  བླ་བྲང་ལ་བླ་རང་། ཨ་བྲ་ལ་ཨབ་ར། སྦྲ་ནག་ལ་ར་ནག དྭ་ཕྲུག་ལ་དྭ་རུག
  ༧ བརྡ་རྙིང་དར་ཁྱབ་ཅན།
  མི་ལ་དམུ་འམ་མྱི་ཡང་ཟེར། མིག་ལ་དམིག་གམ་མྱིག་ཀྱང་ཟེར། འགྲོ་ལ་འགྱོ་ཟེར། 



 ཡུལ་སྐད་སོ་སོའི་ཁྱད་ཆོས་དག་རང་གིས་འཚོ་བ་དངོས་སུ་མྱོང་ཞིང་།  ཡིག་སྐད་དང་ཡུལ་སྐད་བར་གྱི་ཆོས་ཉིད་ཀྱང་ཡིན་ལ།  བོད་ཀྱི་ཡུལ་སྐད་ཞིབ་འཇུག་ཐད་ལ་ཕན་པ་ཅུང་ཙུམ་ཐོབ་པར་སྨོན།

 

                                       


འབྲེལ་ཡོད་འོས་སྦྱོར།