logo

བོད་མིའི་བྱུང་བའི་སྐོར་བརྗོད་པ།

རྩོམ་པ་པོ།:གཟི་མིག་གསུམ་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-10-18 ཀློག་གྲངས།:
      བོད་མིའི་བྱུང་བའི་སྐོར་བརྗོད་པ།

 

         —བོད་གནའ་རབས་ཀྱི་མཁས་པའི་བཞེད་ཚུལ་དང་ཕྱི་གླིང་གི་ཚན་རིག་པ་སྐོར་ཞིག་གི་འདོད་ཚུལ་ཁག་ཅིག་བསྡུར་ཏེ་བཤད་པ།


  དེ་ཡང་བོད་ཀྱི་མི་རྒྱུད་གང་ནས་བྱུང་བ་དང་ཇི་ལྟར་བྱུང་བ།  བྱུང་ནས་དུས་ཡུན་ཅི་ཙམ་འགོར་བ་སོགས་ཀྱི་གནད་དོན་ཐད་ལ་བོད་གནའ་རབས་ཀྱི་མཁས་པ་ཆེན་པོ་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་བོད་ཀྱི་མི་རྒྱུད་ནི་འོད་གསལ་ལྷ་ནས་མཆེད་ཅིང་།  སྤྲེའུ་དང་བྲག་སྲིན་འདུས་པ་ལས་བྱུང་བར་གསུངས་ལ།  མདོ་ལས།  དེ་བཞིན་ལས་ཀྱི་ཁྱད་པར་གྱིས།། སེམས་ཅན་རྣམས་དང་ཞིང་འབྱུང་ངོ་།། ཞེས་གསུངས་པར་གཞི་བཅོལ་ཏེ་བོད་ཀྱི་ཡུལ་དང་མི་གཙོ་བྱས་པའི་སྲིད་པའི་སྣོད་བཅུད་མཐའ་དག་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་གྲུབ་པར་བཞེད་ཅིང་།  དེ་བཞིན་འགོས་ལོ་ཙྰ་བ་སོགས་བོད་སྔ་རབས་ཀྱི་མཁས་པ་མང་བོས་དགོངས་པ་གཅིག་མཐུན་ཀྱིས་བོད་ཀྱི་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་བ་ནས་བྱུང་བར་ངོས་འཛིན་ཡང་དག་བྱས་ཡོད་པས།    མཐར་དེད་ན་དེ་དག་གིས་བོད་ཀྱི་མི་རྒྱུད་འདི་ནི་ཆེས་གནའ་སྔ་མོའི་དུས་སུ་མདོ་དབུས་མཐོ་སྒང་སྟེ་རང་ས་རང་ཡུལ་ནས་བྱུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཤིག་ཡིན་ལ།   ས་སྒང་འདིའི་སྟེང་དུ་བྱུང་བའི་མིའི་རིགས་ཀྱི་ཆེས་ཐོག་མའི་མེས་པོ་ཡིན་པ་གསལ་བོར་བསྟན་པར་མ་ཟད། བོད་ཀྱི་མི་རིགས་འདི་བྱུང་ནས་ལོ་གྲངས་མེད་ཅིག་འགོར་ཡོད་ཚུལ་སྔ་མོ་ནས་གསུངས་འདུག་པས་ན།     ཕྱིས་ཀྱི་ཚན་རིག་པ་སྐོར་ཞིག་གིས་སྣོད་བཅུད་གཉིས་པོ་འབར་གས་ཆེན་མོ་དང་རྡུལ་སྣ་ཚོགས།  ཟ་འཐུང་དང་སྤྱོད་ལམ།  ངལ་རྩོལ་སོགས་ལས་བྱུང་ཞིང་།  བྱུང་ནས་ཀྱང་ལོ་ངོ་སྟོང་ཁ་ཤས་ནས་ཁྲི་དང་།   ཁྲི་ནས་འབུམ།   འབུམ་ནས་ས་ཡ་དང་དུང་ཕྱུར་ག་གེ་མོ་ཞིག་འགོར་འདུག་ཟེར་ནས་མགོ་ཆག་གིས་ཁ་བླ་བ་ལྟ་བུ་མང་བོ་བཤད་པ་དག་ནི་དགོད་བྲོ་བའི་གནས་སོ།།
  གོང་གི་བོད་སྔ་རབས་ཀྱི་མཁས་པ་མང་བོས་འདོད་པའི་འོད་གསལ་ལྷ་ཞེས་པ་དེའང་ཕར་དེད་ན་གོ་ལ་གཞན་ནམ་འཇིག་རྟེན་གཞན་གྱི་སྟེང་གི་མིའམ་མཐོ་རིམ་སྲོག་ཆགས་ཀྱི་རིགས་ཤིག་ཡིན་པར་ད་ལྟའི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་།   གཉའ་ཁྲི་བཙན་པོའང་སྟེང་ལྷ་ཡུལ་ནས་བྱོན་པའི་གོ་ལ་གཞན་གྱི་མི་ཞིག་ཡིན་ཚུལ་ལུང་དང་རིགས་པ་བཀོལ་ཅིང་དངོས་བྱུང་གནས་ཚུལ་དང་ངོ་མཚར་གསར་འགྱུར་སོགས་བདེན་དཔང་སྣ་ཚོགས་བཙལ་ཏེ་འབད་པས་སྒྲུབ་ཀྱིན་འདུག་པ་དེ་ནི།    ཚན་རིག་པ་དེ་ཚོ་དང་བསྡུར་ན་ཅུང་བསམ་རིན་ཡོད་པའི་དབྱེ་ཞིབ་ཀྱི་ཁ་ཕྱོགས་གསར་བ་ཞིག་རེད།
  དེ་ཡང《བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས》ཞེས་པའི་དཔེ་དེབ་ནང་འཁོད་གསལ་ལྟར་ན།  སྤྱི་ལོ་༡༩༣༥ལོར་ཚན་རིག་པ་ཁ་ཤས་ཀྱིས་བོད་མདོ་སྨད་ཀྱི་བ་ཡན་ཧ་རིའི་ཉེ་འདབས་ཀྱི་རི་གསེབ་ཅིག་ཏུ་བོད་རིགས་ཡིན་པའི་མིའུ་ཐུང་སྐོར་ཞིག་རྙེད་ཅིང་།  ཚན་རིག་པ་ཚོས་མིའུ་ཐུང་དེ་དག་གི་རྒྱུད་པ་ལས་བྱུང་བའི་འབྲོང་ལྷོ་དང་ཁམས་པ་ཟེར་བའི་ཚོ་བ་གཉིས་ཡོད་པ་དེའི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པས།   ཚོ་བ་གཉིས་ཀྱི་མི་རྣམས་ཀྱིས་ཁོང་ཚོའི་མེས་པོ་རྣམས་ནི་འཇིག་རྟེན་ནམ་གོ་ལ་གཞན་པ་ཞིག་གི་སྟེང་ནས་ཡུལ་འདིར་བསླེབས་པའི་ལོ་རྒྱུས་ཡོད་ཟེར།  ད་དུང་ཁོ་ཚོའི་སྡེ་བ་དང་བར་ཐག་ཉེ་ས་ཞིག་ཏུ་ལྷ་བཞུགས་ཡོད་ཟེར་བའི་བྲག་ཁུང་ཞིག་ཡོད་ཅིང་།   དེར་ལོ་ངོ་དུ་མར་མཆོད་འབུལ་བྱེད་པ་ལས་ནང་དུ་འགྲོ་བའི་ལུགས་སྲོལ་མེད།    ཚན་རིག་པ་ཚོ་ནང་དུ་སོང་ནས་བལྟས་ཚེ།   བྲག་ལྡེབས་སུ་ཉི་ཟླ་དང་གཟའ་སྐར་སོགས་ཀྱི་རི་མོ་དང་གནས་ཡུལ་སོགས་གསལ་བོར་བྲིས་པའི་རྗེས་ཤུལ་དང་།    འཇིག་རྟེན་འཕུར་གྲུ་ཆུང་ཆུང་ཞིག་གི་གཟུགས་རིས་དང་།    དཀྱིལ་དབུས་སུ་བུ་ག་ཡོད་པའི་རྡོ་ལེབ་གོར་མོ་༧༡༦རྙེད་ཅིང་།   བརྟག་དཔྱད་བྱས་པས་རྡོ་དེ་དག་ནི་སྤྱིར་བཏང་གི་རྡོ་ཞིག་མ་ཡིན་པར་གློག་འདོན་གྱི་ནུས་པ་དང་ལྡན་པའི་འཕུར་སྡེར་ཡིན་པ་རྟོགས་པས། གནའ་བོའི་རྡོ་ཆས་སྤྱོད་པའི་དུས་རབས་ཀྱི་མིས་འདི་འདྲ་བཟོ་ཐུབ་པར་ངོ་མཚར་བར་གྱུར།   སྤྱིར་བཏང་མིའི་རིགས་ཀྱི་ཚན་རིག་ལོ་རྒྱུས་སྟེང་ལོ་རབས་ལྔ་བཅུ་བའི་ནང་དབྱིན་ཇིས་རྩིས་འཁོར་དུ་སྤྱོད་རྒྱུའི་གློག་འདྲེན་ཉར་ཆས་ཤིག་བཟོས་ཤིང་།    དེ་ནི་འཛམ་གླིང་སྟེང་གི་ཆེས་ཐོག་མ་དེ་ཡིན་ལ་དེའི་གོང་དུ་དེ་ལྟ་བུ་ཞིག་གཏན་ནས་མེད་པས།   དེ་ནི་སའི་གོ་ལའི་སྟེང་གི་མིས་བཟོས་པ་ཞིག་མིན་པ་ཧ་ཅང་གསལ་བོ་རེད།   ཁོ་ཚོས་མུ་མཐུད་བརྟག་དཔྱད་བྱས་པས་རྡོ་ལེབ་གོར་མོ་དེ་ནི་གོ་ལ་གཞན་པའི་མི་རྣམས་ཀྱིས་ཕན་ཚུན་ལ་བརྡ་སྐྱེལ་བྱེད་ཀྱི་ཡོ་བྱད་ཅིག་ཡིན་པ་ཤེས་ཤིང་།    དེས་ཡུལ་འདིའི་མི་རྣམས་ནི་གོ་ལ་གཞན་པའི་མི་ཡིན་པར་བསྒྲུབས་ཤིང་།   ཁོ་ཚོ་ནི་དོན་ངོ་མར་འཇིག་རྟེན་གཞན་པའམ་འོད་གསལ་ལྷ་ནས་མཆེད་པ་ཞིག་ཡིན་པར་འདོད་ཀྱིན་ཡོད།   
  ཡང་བཤད་ཚུལ་གཞན་ཞིག་ལ།    འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་འཇར་མན་གྱི་དམག་དཔོན་ཞི་མོ་ལེ་ཟེར་བ་ཞིག་གིས་རང་གི་མི་རིགས་ཀྱི་གདུང་རྒྱུད་ལ་ཞིབ་འཇུག་བྱ་སའི་ལས་ཁུངས་ཤིག་བཙུགས་ཤིང་།   དེར་གནའ་བོའི་ཀེ་རི་སིའི་མཚན་ཉིད་རིག་པ་བ་པོ་ལ་ཐུས་བཤད་པའི་སྐད་ཆ་ཞིག་སྟེ།   ད་ནས་ཡར་བརྩིས་ན་མི་ལོ་ཆིག་ཁྲི་ཉིས་སྟོང་གི་ཡར་སྔོན་དུ་ཡ་ཐུ་ལན་ཏིས་སི་ཞེས་པའི་མཚོ་གླིང་ཞིག་ཡོད་ཅིང་།   མཚོ་གླིང་དེར་ཡ་ལི་ཨན་ཟེར་བའི་ལྷའི་རིགས་ཤིག་གནས་པ་དང་།   དེ་གར་གྲོང་ཁྱེར་བཟོ་བཀོད་ལེགས་པ་ཤིན་ཏུ་མང་བོ་ཡོད།   ལྷའི་རིགས་སུ་གྱུར་བ་དེ་དག་གིས་རྒྱ་མཚོའི་ཕར་ཚུར་བསྐྱོད་པའི་གྲུ་གཟིངས་དང་གནམ་ལ་འཕུར་ཐུབ་པའི་འཕུར་སྡེར་སོགས་བཟོས་ཏེ་སྤྱོད་ཅིང་།   ཁོ་ཚོ་ནི་ཤེས་རབ་ཆེ་ལ་མཐུ་དང་རྫུ་འཕྲུལ་ལ་མངའ་བརྙེས་ཡོད།   རྗེས་སུ་ས་ཡོམ་བྱུང་ནས་མཚོ་གླིང་དེ་བསྣུབས་པའི་དུས་སུ་ཡ་ལི་ཨན་གྱི་ལྷའི་རིགས་སུ་གྱུར་བའི་མི་རྣམས་ཁ་འཐོར་དུ་གྱུར།   ཞེས་གསུངས་པར་གཞི་བཅོལ་ཏེ།   ཡ་ཐུ་ལན་ཏིས་སི་ཞེས་པའི་ཡུལ་ནི་ས་དཀྱིལ་རྒྱ་མཚོ་ཞེས་པའི་གནས་སུ་ཡོད་པར་འདོད་ཅིང་།   མི་རྣམས་ཀྱིས་ཡ་ཐུ་ལན་ཏིས་སི་ཞེས་པའི་ཡུལ་དེ་ཉིད་མཚོ་ནང་དུ་ནུབ་པའི་ཤུལ་ལས་རྒྱུས་མེད་འཕུར་སྡེར་USOམང་བོ་ཞིག་འོད་དང་བཅས་ཏེ་ཡར་འཕུར་མར་འབབ་བྱེད་པ་མངོན་སུམ་དུ་མཐོང་བ་དང་།    དེ་བཞིན་རྗེས་ཕྱོགས་ཀྱི་མི་མང་བོ་ཞིག་གིས་ཀྱང་རྒྱུས་མེད་འཕུར་སྡེར་USOདང་ UFOམངོན་སུམ་དུ་མཐོང་ཞིང་།    དེ་བཞིན་འཛམ་གླིང་གི་ཚན་རིག་པ་རྣམས་ཀྱིས་རྒྱུས་མེད་ཀྱི་འཕུར་སྡེར་དེ་དག་ནི་འཇིག་རྟེན་གཞན་པའི་མིའམ་ལྷས་བཟོས་པ་ཞིག་ཡིན་པར་བཤད།   དེ་བས་གནས་ཚུལ་དེ་དག་ལ་འཇར་མན་གྱི་རིགས་རྒྱུད་ཞིབ་འཇུག་ལས་ཁུངས་ཀྱིས་ཡང་ཡང་ཞིབ་འཇུག་བྱས་མཐར་ཡ་ལི་ཨན་ཞེས་པའི་ལྷའི་རིགས་ཀྱིས་རྒྱ་གར་གྱི་ཡུལ་མཐའི་བོད་གངས་ཅན་གྱི་ལྗོངས་ནི་སའི་གོ་ལའི་སྙིང་བོའམ་དཀྱིལ་དབུས་ཡིན་པར་ཤེས་ནས་ཁོ་ཚོ་བོད་ཡུལ་དུ་བྲོས་ཏེ་འཚོ་སྡོད་བྱས་པ་རྟོགས་པར་གྱུར་ཅིང་།   དེ་རྗེས་སྤྱི་ལོ་༡༩༣༨ལོར་འཇར་མན་གྱི་དམག་དཔོན་ཞི་མོ་ལེས་འཇར་མན་གྱི་མིའི་རིགས་རིག་པར་མཁས་པའི་ཞིབ་འཇུག་པ་མང་བོས་གྲུབ་པའི་རྟོག་དཔྱོད་རུ་ཁག་ཅིག་ཀྱང་བོད་ཡུལ་དུ་མངགས་ཤིང་།   ཁོ་ཚོས་བོད་ཀྱི་སྐྱེས་ཕོ་མོ་རྣམས་ཀྱི་ལུས་ཀྱི་གྲུབ་ཆ་དང་།   གདོང་དབྱིབས།    རྐང་ལག     རུས་ཚིགས་སོགས་ལ་ཚད་འཇལ་དང་ཞིབ་བཤེར་བྱས་ཏེ་ཡ་ལི་ཨན་གྱི་ལྷའི་རིགས་ཞེས་པ་ནི་བོད་མི་ཡིན་པར་བཤད་ལ།    ཡ་ལི་ཨན་ཞེས་པ་ནི་བོད་སྐད་ཀྱི་ཡབ་ལྷ་ཡིན་ཞིང་།   དེ་ལ་ཡབ་ལྷ་བརྡལ་དྲུག་ཅེས་པའི་ལྷ་རྒྱུད་ཡོད་པ་དང་།   བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའང་ཡབ་ལྷ་བརྡལ་དྲུག་གི་སྲས་བདུན་ཚིགས་ཞེས་པ་དེ་ཡིན་པར་གསལ།   ད་དུང་ཡ་ལི་ཨན་ནམ་ཡབ་ལྷ་གནས་སའི་ཡུལ་འདི་ནི་སའི་གོ་ལའི་ལྟེ་བའམ་སྙིང་བོ་ཡིན་པས།   ཐོག་མར་སའི་གོ་ལའི་དཀྱིལ་དབུས་བདག་ཏུ་འཛིན་ཐུབ་ན་འཛམ་བུ་གླིང་ཡོངས་སུ་རྫོགས་པ་དཀའ་བ་མེད་པར་དབང་དུ་བསྒྱུར་ཐུབ་པའི་ལུང་བསྟན་མངོན་འགྱུར་བྱེད་པའི་ཆེད་དུ།    བོད་ཀྱི་ས་ཆར་ཡང་ཡང་བརྟག་དཔྱད་བྱས་ཏེ་འཇར་མན་རྒྱལ་ཁབ་འདི་ཉིད་འཛམ་གླིང་གི་རྒྱལ་ཁབ་གཞན་དག་ལས་རྣམ་པར་རྒྱལ་ཐུབ་པའི་གཉེན་དུ་སའི་གོ་ལའི་ལྟེ་བའམ་སྙིང་བོ་བདག་གིར་འཛིན་པའི་སྟ་གོན་ལ་ཞུགས་ནའང་།   ༡༩༤༡ལོར་འཇར་མན་དང་ཨུ་རུ་སུ་གཉིས་འཐབས་ཏེ་འཇར་མན་ཕམ་པར་གྱུར་ཅིང་།   ལོ་དེར་འཇར་མན་གྱི་དམག་དཔོན་ཞི་མོ་ལེས་ཡང་བསྐྱར་རྟོག་དཔྱོད་རུ་ཁག་ཅིག་གསང་སྟབས་ཀྱི་བོད་དུ་མངགས་ནའང་།    སྟབས་མ་ལེགས་པར་རྒྱ་གར་བདག་ཏུ་བཟུང་བའི་དབྱིན་ཇིའི་དམག་དཔུང་གིས་རྟོག་དཔྱོད་རུ་ཁག་གི་མི་རྣམས་གསོན་པོར་བཟུང་བས་ཐེངས་འདིར་ཡང་ཁོ་ཚོའི་འདོད་དོན་མ་འགྲུབ།    དེ་ལྟར་བོད་ཀྱི་རྒྱལ་ཁམས་ཆེན་པོ་འདིར་མཐའ་འཁོར་གྱི་འཇར་མན་དང་དབྱིན་ཇི།   ཨུ་རུ་སུ།   ཉི་ཧོང་།  ཨ་རི་སོགས་རྒྱལ་ཁབ་གཞན་པ་མང་བོ་ཞིག་གིས་འཐོབ་འདོད་ཀྱི་ངན་སེམས་བཅངས་ཏེ་གསང་ཉུལ་བ་མང་བོ་མངགས་ནས་སྦྱོར་བ་འདྲ་མིན་སྣ་ཚོགས་ཤིག་སྤེལ་གྱིན་ཡོད་ནའང་།    བོད་ཀྱི་སྲིད་འཛིན་པ་མང་ཤས་ཀྱིས་དེ་དོན་ཅི་ཡང་མ་ཚོར་བར་སྔར་བཞིན་ཁུ་སིམ་མེར་བསྡད་པ་རེད།    མདོར་ན།   འཇར་མན་གྱི་རིགས་རྒྱུད་རྟོག་དཔྱོད་པས་ཡ་ལི་ཨན་གྱི་ལྷ་རིགས་ནི་ད་ལྟའི་བོད་དུ་གྲགས་པའི་མི་རིགས་འདི་ཡིན་ལ།   དེའང་ལྷ་ཡུལ་ལམ་གོ་ལ་གཞན་པ་ཞིག་གི་སྟེང་ནས་འོངས་པར་བདེན་དཔང་བྱས་པ་སོགས་གོང་གི་བཤད་ཚུལ་དེས།   རང་རེའི་མཁས་པ་སྔ་མ་ཚོས་བོད་ཀྱི་མི་རྒྱུད་ནི་འོད་གསལ་ལྷ་ནས་མཆེད་པའམ།   སྤྲེའུ་དང་བྲག་སྲིན་ལས་སྐྱེས་པའི་ཕྲུ་གུ་དྲུག་པོ་དེ་དག་ལྷ་ཡུལ་སོགས་འགྲོ་བ་རིགས་དྲུག་གི་ཁམས་ནས་ཚེ་འཕོས་ཏེ་འཇིག་རྟེན་འདིར་སྐྱེས་པ་ཡིན་པའི་བཞེད་ཚུལ་དེ་དག་ཡང་དག་པ་ཡིན་པར་རྒྱབ་དཔུང་སྤྲད་འདུག
  གཞན་ཡང་།   ཨ་རིའི་ཁེ་ལི་ཧྥོར་ནེ་ཡ་གཙུག་ལག་སློབ་ཆེན་གྱི་ཚན་རིག་པ་ནེལ་སྰན་(Rasmus  Nielsen)ལགས་ཀྱིས་སྣེ་ཁྲིད་པའི་ཨ་རི་དང་རྒྱ་ནག་གི་ཚན་རིག་པ་སྐོར་ཞིག་གིས་ཨེ་ཤ་ཡའི་ནུབ་ཁུལ་སེར་བྷེ་ཡའི་(Siberia)ཨལ་ཌི་(Altai)རིའི་བྲག་ཕུག་ཅིག་ནས་གསར་རྙེད་བྱུང་བའི་གནའ་བོའི་མིའི་རྐང་རུས་ཤིག་དང་སོ་གཉིས་ལ་འདས་པའི་ལོ་ངོ་༤ཙམ་གྱི་རིང་ལ་བརྟག་དཔྱད་བྱས་པ་དང་།   དེ་བཞིན་༢༠༡༠ལོར་ཚན་རིག་པ་ནེལ་སྰན་ལགས་ཀྱིས་བོད་མི་༤༠ཙམ་ཞིག་གི་རིགས་རྒྱུན་(DNA)དང་འཛམ་གླིང་ཐོག་གི་མི་རིགས་འདྲ་མིན་༢༦ཙམ་གྱི་མི་༡༠༠༠དང་།   གཞན་སེར་བྷེ་ཡ་ནས་གསར་རྙེད་བྱུང་བའི་གདོད་མའི་མི་རིགས་ཀྱི་གནའ་ཤུལ་དག་ལ་རིགས་རྒྱུན་རྫས་འགྱུར་བརྟག་ཐབས་(DNA testing)ཞེས་པ་སྤྱད་དེ་བོད་མི་རིགས་དང་རྩ་སྟོང་དུ་ཕྱིན་པའི་གདོད་མའི་མི་རིགས་ཌེ་ནི་སྰོ་ཝན་(Denisovans)ཞེས་པ་གཉིས་གཉེན་རྒྱུད་གཅིག་ཡིན་པར་ངོས་འཛིན་བྱས་པ་དང་། དེ་བཞིན་གདོད་མའི་མི་རིགས་དེ་དང་བོད་མི་རིགས་ཀྱི་རིགས་རྒྱུན་གཉིས་གཅིག་མཚུངས་ཡིན་པ་ཤེས་རྟོགས་བྱུང་སྟེ།    ལོ་ངོ་༣༠༠༠༠ནས་༤༠༠༠༠བར་གྱི་ཡར་སྔོན་དུ་རྩ་སྟོང་དུ་ཕྱིན་པའི་ཌེ་ནི་སྰོ་ཝན་ཞེས་པའི་གདོད་མའི་མི་རིགས་དང་།   དེང་རབས་ཀྱི་འགྲོ་བ་མིའི་རིགས་གཉིས་བར་ལུས་འབྲེལ་བྱུང་ཞིང་།   རིམ་གྱིས་(EPAS1)ཞེས་པའི་རིགས་རྒྱུན་གྱི་རྫས་ཡོད་པའི་མི་རིགས་ཤིག་འཕེལ་རྒྱས་བྱུང་སྟེ།   དེ་ལས་མཆེད་པའི་མི་རིགས་ཀྱི་མངའ་ཐང་ཆེས་ཆེར་རྒྱས་ནས་མཐོ་སྒང་བོད་ཀྱི་ས་ཁུལ་ནང་ལོ་ངོ་སྟོང་ཕྲག་མང་བོའི་གོང་ནས་འཚོ་སྡོད་བྱེད་འགོ་ཚུགས་ཡོད་ཚུལ་བཤད་ཅིང་།   མཇུག་མཐར་ཚན་རིག་པ་ནེལ་སྰན་ལགས་ཀྱིས“རིགས་རྒྱུན་འདི་ནི་རིགས་རྒྱུན་གཞན་དང་མི་འདྲ་བ་ཞིག་ཡིན་སྟབས།    འདིས་མི་རིགས་རིག་པའི་ཤེས་ཡོན་གྱི་སྟོང་ཆ་གལ་ཆེན་ཞིག་བསྐངས་ཡོད།    རྒྱ་རིགས་དང་བོད་རིགས་ཀྱི་རིགས་རྒྱུན་འདྲ་བོ་ཡོད་ཀྱང་།   གསར་རྙེད་བྱུང་བའི་རིགས་རྒྱུན་འདིར་ཞིབ་འཇུག་བྱས་ཚེ་བོད་མི་རིགས་དང་རྒྱ་མི་རིགས་ཀྱི་མེས་པོ་ཁ་ཁ་ཡིན་པ་གསལ་བོར་ཤེས་ཐུབ་ཀྱིན་འདུག”ཅེས་ཀྱང་བཤད་འདུག
  དེ་བཞིན།    《བོད་ཀྱི་ཤེས་རིག་ཤར་ཕྱོགས་སུ་དར་བའི་ལོ་རྒྱུས》ཞེས་པ་ལས།   ཡ་ཐོག་རིང་མོའི་དུས་སུ་མདོ་དབུས་མཐོ་སྒང་ནི་མི་མེད་ས་སྟོང་ཞིག་ནི་མིན་ཞིང་།   རྡོ་ཆས་རྙིང་བའི་དུས་དཀྱིལ་དང་དུས་མཇུག་ཏུ་ད་ལྟའི་བོད་ལྗོངས་ཀྱི་ས་ཆ་ཕལ་མོ་ཞིག་ཏུ་མིའི་འགྲོ་བ་ཡོད་པ་གནའ་རྫས་ཀྱིས་གསལ་བར་བྱས་པ་དང་།   ཁོ་ཚོ་ནི་ང་ཚོས་དེང་སྐབས་ཤེས་པའི་བོད་ལྗོངས་སུ་གཉུག་མར་གནས་པའི་མི་ཡིན་པ་གོར་མ་ཆག      དཔྱད་གཞིས་ཚོད་འཛིན་བྱས་པའི་དབང་གིས་དེང་སྐབས་ཁོ་ཚོའི་གནས་ཚུལ་ལ་བདེན་པ་བསླུ་མེད་ཀྱི་སྡོམ་ཚིག་མང་བོ་ཞིག་འཇོག་དཀའ་མོད།   འོན་ཀྱང་བོད་ཀྱི་མེས་པོ་ནི་བོད་ལྗོངས་ཕུད་པའི་ཡུལ་གཞན་པ་ཞིག་ནས་ཚུར་མཆེད་པར་འདོད་པའི་རྒྱུན་སྲོལ་གྱི་ལྟ་བ་སྟེ།   བོད་མི་ཕྱི་ནས་ཡོང་བར་བཤད་པའི་ལྟ་སྟངས་དེ་ནི་ཁུངས་བཙུན་པ་ཞིག་མིན་པ་ཐག་གིས་ཆོད་པ་ཡིན།   ཞེས་དོན་དང་མཐུན་པའི་གཟུར་གནས་ཀྱི་བསམ་ཚུལ་བསྟན་འདུག
  དེས་ན་གོང་གསལ་བོད་རང་གི་སྔ་རབས་མཁས་པ་རྣམས་ཀྱི་བཞེད་ཚུལ་དང་།   ཕྱི་གླིང་གི་ཚན་རིག་པ་སོགས་ཀྱི་འདོད་ཚུལ་དེ་རྣམས་ཕན་ཚུན་བསྡུར་བ་བྱས་ཏེ་བསམ་བློ་བཏང་བ་ཡིན་ན།    རང་རེ་བོད་མི་རིགས་འདིའི་ལོ་རྒྱུས་ནི་ཧ་ཅང་རྒྱུན་རིང་བ་ཞིག་སྟེ།  བོད་ནི་ལོ་ངོ་གྲངས་མེད་པའི་ཡར་སྔོན་ཏེ།  བསྐལ་བ་ཡ་ཐོག་ཅིག་ནས་བོད་ཡུལ་མཐོ་སྒང་དུ་བྱུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཤིག་ཡིན་པ་བསྙོན་དུ་མེད་ལ།    དེའང་རྒྱ་གར་ནས་མར་ཆད་པ་ཞིག་དང་རྒྱ་ནག་ནས་ཡར་གྱེས་པ་ཞིག་གམ།  ཡང་ན་གདོད་མའི་མི་རིགས་གཞན་པ་ཞིག་ནས་ཚུར་གར་ཡོང་བ་ཞིག་གཏན་ནས་མ་ཡིན་པར།    འོད་གསལ་ལྷ་ཡུལ་སོགས་ནས་མཆེད་པའི་མིའི་རིགས་ཀྱི་ཆེས་ཐོག་མའི་མེས་པོར་གྱུར་བའི་མི་རིགས་རང་རྐྱ་ཐུབ་པ་ཞིག་ཡིན་ཚུལ་ལུང་དང་རིགས་པས་འགྲུབ་ལ།    འགྱུར་རྡོ་དང་གནས་རྫས་སོགས་ཀྱིས་བདེན་དཔང་གསལ་བོ་བྱས་ཡོད་པས།     ནམ་ཡང་ཚོད་དཔག་ཙམ་གྱིས་དུས་འདའ་བའི་ཉམས་ཞིབ་པ་ནུས་མེད་དེ་དག་དང་།   ཡང་ན་ཁོག་པ་གཡོ་སྒྱུས་གཏམས་ཤིང་ཚུལ་འཆོས་ཀྱི་གདོང་འབག་གྱོན་པའི་ལོ་རྒྱུས་འཁྱོག་བརྗོད་པ་ཁ་ཅིག་གི་རྫུན་གཏམ་གྱིས་གླགས་ཁེལ་བ་ཞིག་གཏན་ནས་མིན་ནོ།།

  ད་དུང་ཡང་མ་འོངས་པར་བོད་ཀྱི་ས་ཁུལ་སོ་སོ་ནས་ཡང་བསྐྱར་འགྱུར་རྡོ་དང་གནའ་རྫས་གང་མང་ཐོན་ངེས་པ་དང་།   དེ་བཞིན་ཚན་རིག་བརྟག་དཔྱད་ཀྱི་ཆ་རྐྱེན་དང་ནུས་པ་ཚད་མཐོར་སོན་ཏེ།       དེ་དག་ལ་ཧ་ཅང་ཞིབ་ཕྲ་དང་གཏིང་ཟབ་ཀྱི་ངང་ནས་བརྟག་དཔྱད་ཞིབ་འཇུག་ཕུན་སུམ་ཚོགས་པ་ཞིག་བྱ་ཐུབ་པ་ཡིན་ན།   བོད་ཀྱི་ཡུལ་དང་མི་ཙམ་མ་ཟད་འཛམ་བུ་གླིང་གི་ལོ་རྒྱུས་ལ་ངོ་མཚར་བའི་ཟིན་ཐོ་གསར་བ་ཞིག་འབྲི་མི་ཐུབ་པའི་ངེས་པའང་མི་འདུག་སྙམ་མོ།།


འབྲེལ་ཡོད་འོས་སྦྱོར།