logo

སྙན་ངག་ལ་ཚོར་བས་འགྲིག་ཀྱང་། སྙན་ངག་པར་ཚོར་བ་ཙམ་གྱིས་མི་འགྲིག

རྩོམ་པ་པོ།:ལྷམ་ཀོག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-08-30 ཀློག་གྲངས།:

  དེ་ཡང་ཤེས་བྱ་སྣ་མང་ཡར་ངོའི་ཟླ་ལྟར་འཕེལ་བ་དང་བསྟུན། མིའི་རིགས་ཀྱི་སེམས་ཀྱི་འཆར་སྒོ་ཡང་གཅིག་ཏུ་མ་ངེས་པར་འཕེལ་བ་ནི། ལོག་ལྟ་ཞིག་དང་སྙིགས་མའི་རང་རྟགས་ཤིག་མ་ལགས་པར། དེ་ནི་ཆོས་ཉིད་ཀྱི་འཕེལ་རྒྱས་ཤིག་ཏུ་སོང་ཙང་། ངེད་ཅག་གིས་ཅི་ཞིག་ལག་ནས་ཤོར་བའི་ཟོལ་དུ་མགོ་བོ་ཕྲེད་དུ་གཡུག་པར་མི་བྱ་སྟེ། དེ་ནི་སུས་ཀྱང་བཟློག་པར་དཀའ་བའི་རྒྱུ་འབྲས་ཀྱི་སྨིན་ཚུལ་ཞིག་རེད། ཡིན་ཡང་འཕེལ་རྒྱས་ཅི་ལྟར་མཆེད་ཀྱང་བྱ་དངོས་གང་ཞིག་ཡིན་རུང་རང་རང་གི་ཆོས་ཉིད་དང་བསྟུན་ནས་འཕེལ་བར་ངེས། དམ་པའི་གསུང་དུ། ས་བོན་ཚ་བ་ལས་འབྲས་བུ་ཚ་བ་དང་། ས་བོན་མངར་བ་ལས་འབྲས་བུ་མངར་བ་སྨིན་པའི་རྟེན་འབྲེལ་ལ་འཆོལ་བ་མེད་པའི་སྡོམ་གནང་བ་དེ་ག་རང་རེད། དེའི་ཕྱིར་རིག་གཞུང་གང་ཞིག་ཡིན་རུང་བྱེ་བྲག་གི་ཆོས་ཉིད་ལྟར་དུ་འཕེལ་རྒྱས་སུ་འགྲོ་བ་དང་། གཏོང་བ་ལས་གཞན་དུ་མ་དམིགས་པའི་ངོ་བོ་དང་གོ་རིམ་མ་ནོར་བ་གཅེས། དོན་དེ་ག་རང་དུ་བསམས་ནས་འོང་ན་ངས་སྐབས་སུ་འཆད་རྒྱུའི་སྙན་ངག་ཕྱོགས་ཀྱི་སྐད་ཆ་འདི་ཡང་གོ་རིམ་ཞིག་དང་འབྲེལ་ནས་འཆད་རྒྱུ་ལས་གོ་རིམ་མེད་པར་ཡས་མཐའ་ཞིག་ཏུ་འཕར་བ་དང་མས་མཐའ་ཞིག་ཏུ་ལྟུང་བའི་ཚུལ་དུ་མི་སྨྲའོ།། ད་ནི་སྐད་ཆའི་དཀྱུས་ལ་བབས་ན། དེང་གི་ཆར་སྙན་ངག་ལ་ཚོར་བ་གཙོ་ཆེ་དགོས་པར་གླེང་བ་དང་སྙན་ངག་ནི་ཚོར་བ་དང་འཆར་ཡན་ནམ་རྟོག་བཏགས་ཀྱིས་བྲིས་པར་བསྙད་པའི་གཏམ་འདི་ལ་འཁྲུལ་གཞི་བྱས་ཏེ། མང་པོ་ཞིག་གིས་ཚོར་བ་ཡོད་པ་ཙམ་གྱིས་སྙན་ངག་གི་གཞི་གྲུབ་སོང་བར་འདོད་པ་དང་། གང་འདོད་ཅིག་སྙན་ངག་ཏུ་བྲིས་པའི་སྙན་ངག་པར་རློམ་པའི་ཐལ་ལྟ་ཨེན་ཙམ་བྱུང་དང་འབྱུང་ཉེན་གྱི་སྐབས་སུ་བསླེབས་བསྒང་ལ། ངེད་ཅག་གིས་མིའི་རིགས་ཀྱི་སྙན་ངག་ཅིག་འབྲི་བ་འམ་བྱེ་བྲག་གི་མི་རིགས་ཀྱི་སྙན་ངག་ཅིག་འབྲི་བར། སྔོན་འགྲོའི་ཆ་མང་པོ་ཞིག་ལྡན་དགོས། མེ་ལོང་མར། རང་བཞིན་གྱིས་གྲུབ་སྤོབས་པ་དང་།། མང་དུ་ཐོས་པ་དྲི་མེད་དང་།། མངོན་པར་སྦྱོར་བ་མི་དམན་པ།། སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ།།  གལ་ཏེ་སྔོན་གྱི་བག་ཆགས་ཡོན་ཏན་གྱི།། རྗེས་འབྲེལ་སྤོབས་པ་རྨད་བྱུང་མེད་པ་ལའང་།། ཐོས་དང་འབད་པ་དག་གིས་ངག་བརྟེན་ན།། ཇི་ཞིག་ལྟར་ཡང་ངེས་པར་རྗེས་འཛིན་བྱེད།། དེ་ཕྱིར་གྲགས་འདོད་རྣམས་ཀྱིས་རྟག་ཏུ་ནི།། སྙོམ་ལས་མེད་པར་རིམ་པས་དབྱངས་ཅན་བསྟེན།། སྙན་ངག་ཆུང་ངུ་ལ་ཡང་ངལ་བྱས་མི།། མཁས་པའི་མདུན་ས་དག་ཏུ་འདུག་ལ་དབང་།། ཞེས་སློབ་དཔོན་དབྱུག་པ་ཅན་གྱི་གསུང་འདིས་ག་རེ་བསྟན་སོང་ཟེར་ན། སྙན་ངག་ཅིག་འབྲི་བའམ་སྙན་ངག་པ་ཞིག་ཏུ་འགྱུར་བར། སྔོན་འགྲོའི་རྨང་ཡོད་པ་ཞིག་བྱ་དགོས་པར་མངོན་གསལ་དུ་གསུངས་འདུག  འདིའི་ཐད་དུ་དཔལ་ཚེ་ཏན་ཞབས་དྲུང་ཚང་གིས་སྐྱེ་བོ་གང་དག་སྤྱིར་བློ་གསལ་བ་དང་།  ཁྱད་པར་བློ་གྲོས་ཀྱི་རྩལ་ལས་སྙན་ངག་གི་རྩོམ་ཅི་བདེར་སྤེལ་ནུས་ཀྱི་ངག་སྒོ་ཡངས་ཤིང་ཚིག་སྒྲོས་འཇམ་པ་ཞིག་ཡིན་ཚེ། དེ་ཉིད་རང་གཤིས་ཀྱིས་སྙན་ངག་ལ་མཁས་པའི་སྤོབས་པ་ཅན་ཡིན་ལ། དེ་ལྟ་བུ་ཞིག་མིན་ན་ཡང་གཞུང་ལུགས་ཀུན་དང་།  ལྷག་པར་སྙན་ངག་གི་གཞུང་ཆེ་ཆུང་མང་པོར་ལྟ་རྒྱ་ཆེ་ཞིང་དེ་དག་གི་དོན་ཡིད་ལ་འདྲིས་པར་བྱེད་པ་དང་། ཚུལ་དེ་དང་མཚུངས་པར་རྩོམ་པའི་སྐབས་སུ་དབྱངས་ལ་གྱེར་ནས་ངག་ཏུ་འདོན་བཞིན་རྩོམ་རྩལ་གོམས་པར་བྱས་ན་ནི།། དབང་བོ་ཞན་ཅིང་རྟུལ་བ་ཅི་འདྲ་ཞིག་ཡིན་ཡང་།།  སྙན་ངག་ལ་མི་མཁས་རང་མཁས་སུ་འགྱུར་བར་གོར་མ་ཆག་གོ། ཅེས་ཚིག་ཐག་ཆོད་པའི་གསུང་བུད་པར་གཞིགས་ན་འང་སྙན་ངག་འབྲི་བར་རྨང་གདིང་རྒྱུ་གལ་ཆེ་ཞིང་། རྨང་གཞི་ཕུན་སུམ་ཚོགས་པ་འཛོམས་ན་གཟོད་ཚོར་བ་སྐྱེན་པས་སྙན་ངག་འབྲི་བ་ནི་ལས་སླ་བོར་གོ་ཐུབ། གཞོན་རབས་པར་གོ་ནོར་ཐེབས་ས་ནི་སྙན་ངག་རང་ཤར་ཤར་དུ་འབྲི་བ་ལ། གཞུང་ལུགས་དངོས་ཀྱི་ཉེར་ལེན་མི་མཁོ་ཡང་། བརྒྱུད་པའི་ཉེར་ལེན་ལ་ངེས་པར་གཞུང་ལུགས་མཁོ་བ་གཉིས་ཀྱི་ཧེ་བག་དེར་གོ་བ་མ་ལོན་པའི་ཟོལ་ཞིག་མཆིས། གོང་དུ་དྲངས་པའི་སྙན་ངག་གི་སྔོན་འགྲོ་དག་ནི་སྙན་ངག་པའི་རྒྱུད་ཀྱི་ཚུགས་ཐུབ་ཏུ་སྡོད་མི་བཟོད་པའི་ཚོར་བ་ཕུན་སུམ་ཚོགས་པ་ཕྱིར་འབོ་བ་ལ་མེད་དུ་མི་རུང་བའི་ནང་གི་ཉེར་ལེན་བསྟན་པ་རེད། གལ་ཏེ་བརྒྱུད་པའི་ཉེར་ལེན་ཕུན་སུམ་ཚོགས་པ་ཡིན་ན་བརྒྱུད་པའི་ཉེར་ལེན་རིན་པོ་ཆེའི་བང་བ་ལྟ་བུ་དེ་ལས་འཁྲུངས་པའི་ཚོར་བ་དེ་ཡང་ཚོར་བ་གཞན་དང་ཁྱད་ཞུགས་པའི་སྒོ་ནས་འཇིག་རྟེན་གྱི་བདེ་སྡུག་མཛེས་བཙོག་གང་ལ་ཡང་རྒྱ་ཆེ་ས་དང་ཁྱབ་ཆེ་ས་ནས་ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་ལྟར་སིམ་ཡོད་རྐྱེན། གཞན་དང་འདྲ་ཡི་མི་འདུག་ལ། གཞན་དང་འདྲ་མི་འདྲ་ས་དེ་རང་ཤུགས་ཀྱིས་ཐོན་ཡོད་པ་རེད། རང་ཤུགས་ཀྱིས་ཐོན་སྟངས་དེ་ཡང་མི་རིགས་གང་ཞིག་གི་རྩོམ་པ་པོ་ཡིན་ན་རང་གི་བརྡ་སྤྲོད་ཀྱི་མཛེས་པ་དང་འཚོ་བའི་མཛེས་པ། ཐུན་མིན་གྱི་རིག་གནས་ཀྱི་མཛེས་དཔྱོད་དེས་ཁ་ལོ་བསྒྱུར་ནས་ཁྱེད་ཀྱི་སྙན་ངག་མི་རིགས་ཤིག་གི་མེ་ཏོག་གི་ཟེའུ་འབྲུ་དང་མིའི་རིགས་ཀྱི་ཐུན་མོང་གི་མེ་ལོང་གི་བཀྲག་མདངས་སུ་འཕགས་འོང་ངེས། ཡིན་རུང་ངེད་ཅག་ལ་དེ་ལྟའི་སྙན་ངག་ཕུན་སུམ་ཚོགས་པ་ཐོན་དཀའ་བ་ནི། སྔོན་འགྲོའི་ཆོས་རྣམས་ཕུན་སུམ་མ་ཚོགས་པས་རྗེས་སུ་འགྲོ་ལྡོག་བྱེད་པ་རང་དུ་སྙམ།  དེང་གི་ཆར་ཕྱི་གླིང་བའི་རྩོམ་རིག་གི་གཞུང་ལུགས་དང་སྙན་ངག་མང་པོར་གཟིགས་ཞིབ་གནང་མཁན་དག་གིས་དེང་རབས་སྔ་ཕྱིའི་སྙན་ངག་སྨྲ་བ་དང་འབྲི་བར་དགེ་ཤིན་ཏུ་མཐོ་ཞིང་། ངེད་ཅག་གིས་མིག་དཔེ་བྱས་ཏེ་བསླབ་པར་བྱ་བའང་ཡིན་མོད། ཁོང་ཅག་གིས་སྔོན་གྱི་ལོ་ཙྰ་བ་དག་ལྟར་མ་གཞུང་དང་བུ་གཞུང་གཉིས་ལ་གོ་བསྡུར་སྐབས་གཉིས་སུ་མཐའ་མ་ལྷུང་བའི་ཚུལ་དེར་ཞུགས་མ་ཐུབ་པར་མ་གཞུང་ལ་རྩིས་སུ་བྱས་པར་བསྟུན། ཁོང་ཅག་གིས་སྙན་ངག་ལ་མི་རིགས་རང་གི་མཛེས་དཔྱོད་ཀྱི་ཆ་དེ་ཅུང་ཞན་ཞུམ་དུ་གྱུར་ཡོད་པར་འདོད་ཅིང་། དེའི་རྩ་བ་ཁོང་ཅག་ལ་བོད་རང་གི་བརྡ་སྤྲོད་དང་རིག་གནས་ཀྱི་མཛེས་དཔྱོད་སོགས་ཀྱི་སྔོན་འགྲོ་འཐུས་ཚང་ཞིག་གཞུང་སྒྲུབ་སློབ་གྲྭ་དག་ལས་མ་ཐུབ་པ་ཡིན་ནམ་སྙམ་མོད། གཅིག་ཏུ་མ་ངེས་སོ།། ད་དུང་དེ་ལས་གཞན་གང་ལ་རྗེས་བརྗོད་བྱ་སའི་ཕྱི་གླིང་བ་དེ་དག་གི་རྩོམ་གཞུང་མ་གོ་བར་རྡོ་རྗེ་སྐེད་འཛིན་ལྟ་བུ་འང་བྱས་ཡོད་དམ་སྙམ་པའི་ལོག་རྟོག་ང་ལ་སྐྱེས་མོད། ལོག་རྟོག་ནི་ལོག་རྟོག་རང་ཡིན་པས་དེ་ལ་བརྟེན་ནས་སུ་ཞིག་གིས་ཡིད་འཕེར་བའི་གཏམ་བཤད་ཐུབ། སྔོན་མའི་ལོ་ཙྰ་བ་དང་མཁས་པ་དག་གི་ཁྲོད་ན་ཡང་དེ་ལྟའི་སྣང་ཚུལ་ཡོད་སྐད།དགེ་ཆོས་ལགས་ཀྱིས།  སྐབས་འགའ་ཞིག་རྒྱ་གར་བའི་ཡོ་བྱད་དཀྱུས་མ་ལྟ་བུ་རེ་ངོས་མ་ཟིན་པའི་དབང་གིས་དོན་མེད་ཀྱི་མཚར་གཏམ་མང་དུ་བྲིས་པ་སོགས་ཀྱང་ཡོད་ལ། ཞེས་གསུངས་པས་གོ། སྙན་ངག་ལ་སྔོན་འགྲོའི་རྨང་ཕུན་སུམ་ཚོགས་པ་མེད་ན་སྙན་ངག་ལེགས་པོ་ཞིག་འབྲི་རྒྱུ་ཕར་ཞོག  ཀློག་པ་པོ་འང་བདེ་མོ་ཞིག་འོང་གི་མ་རེད། སྔོན་མའི་བཤད་རྒྱུན་ཞིག་ལ།། བླ་རྒན་ཞིག་གིས། དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར།། ཞེས་པའི་དཔེ་དོན་མ་གོ་བར་དགའ་ལྡན་ལྷ་བརྒྱ་མ་འདོན་ཞོར་ཞོ་གསར་བ་མཆོད་པའི་དགོད་བྲོ་བའི་ལོ་རྒྱུས་དང་།  ད་དུང་དེང་རབས་སྙན་ངག་གསར་བར་དཔྱད་ཞིབ་གནང་མཁན་ཞིག་གིས་ཀྱང་།  སྨན་བླ་སྐྱབས་ཀྱི་སྙན་ངག་ཟླ་བ་སྒྲོལ་མ་ཞེས་པར་དཔྱད་པ་འདི་འདྲ་ཞིག་བཏང་འདུག    “བྲག་རིའི་སྲས་མོ་ལས་ཟླ་བ་སྒྲོལ་མ་ཞེས་པའི་སྙན་ངག་ཏུ།  ཟླ་བ་སྒྲོལ་མ། ཇག་པ་ཞིག་གི་ཆུང་མའམ་སྐྱེད་མ་ལས། ཆུང་མ་དང་སྐྱེད་མ་གཉིས་དོན་གཅིག་ཏུ་བཟུང་ཡང་འདི་ནི་མིང་ཚིག་ལ་བརྡར་ཤ་མ་བཅད་པའི་སྐྱོན་ཏེ། ”ཞེས་ཆུང་མ་དང་སྐྱེད་མ་ཞེས་པའི་མིང་བརྡ་གཉིས་གཙོ་བོར་བཟུང་ནས་འགལ་བ་བསྒྲུབས་པའི་ཞར་ལ། སྙན་ངག་གསར་བར་ཞན་ཆ་བཏོན་པའི་དཔྱད་པ་བྱས་པ་འདི་འང་སྤྱིར་སྙན་ངག་དང་སྒོས་སྙན་ངག་གསར་བར་སྔོན་འགྲོ་ཕུན་སུམ་མ་ཚོགས་པར། མིང་འགྲེལ་ཙམ་གྱིས་སྙན་ངག་ལ་བལྟས་པའི་སྐྱོན་ཆ་རང་ཡིན་པར་སྙམ།  དེ་དང་དེ་ལ་སོགས་པ་སྙན་ངག་ལ་བློ་མི་མོས་པ་དང་སྙན་ངག་གི་བློ་སྦྱོང་ཞན་པ་དག་གིས་རང་རྒྱུད་ན་སྙན་ངག་པ་ཞིག་གི་དངོས་རྒྱུ་དང་བརྒྱུད་རྒྱུ་གང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་མ་གྲུབ་བཞིན་དུ་སྙན་ངག་འབྲི་ཁུལ་བྱེད་པ་དང་སྙན་ངག་གི་རིན་ཐང་གི་ཚད་འཇལ་བ་ནི་ཉ་དང་ཉུང་མ་བསྲེས་པའི་རྣམ་པ་ཁོ་ནར་ངེས་པས། ཤེས་པ་རྣལ་དུ་གནས་པ་དག་གིས་བག་ཡོད་པར་གྱིས་ན་ལེགས།།

 
 
 
 


འབྲེལ་ཡོད་འོས་སྦྱོར།