logo

བཙལ་བ་བེ་ཤ།

རྩོམ་པ་པོ།:འབའ་བ་བློ་བཟང་མགོན་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-17 ཀློག་གྲངས།:
ཅི་ཞིག་ལ་བཙལ་བ་བེ་ཤ་ཟེར།
     བཙལ་བ་ནི་ཁམས་འབའ་ཐང་གི་གྲོང་སྡེ་ཞིག་ཡིན། བཙལ་བ་བེ་ཤ་ནི་བཙལ་བ་ལ་སྐྱེས་བའི་བེ་ཤིང་ཤ་མོ་ལ་གོ  བེ་ཤ་ཞེས་པ་ནི་ཤ་མོའི་རིགས་ཤིག་ཡིན། བེ་རི་ནང་དུ་སྐྱེས་བའི་ཤ་མོ་གོང་ཆེན་དེ་ལ་བེ་ཤ་ཟེར། ཤ་མོ་ནི་སྤང་དང་ནགས་སུ་སྐྱེ་བའི་སུལ་ཅན་ཏེ། དེ་ལ་གསེར་ཤ་དང་དངུལ་ཤ་སོགས་རིགས་མང་བོ་ཡོད་ཅིང་ལ་ལ་ཁ་ཟས་བྱེད་ཆོག  ལ་ལ་དུག་ཡོད་པས་ཟ་མི་ཉན། བེ་ཤ་ནི་ཟ་ཆོག་བ་མ་ཟད་ཉི་ཧོང་རྒྱལ་ཁབ་ཀྱི་ཤ་མོ་ནོར་བུ་ལྟར་བུ་བརྩིས་འདུག བེ་ཤ་ལ་རྒྱ་སྐད་དུ་སོང་རུང(松茸)ཟེར། དབྱིན་སྐད་དུ་མ་སུ་ཊ་ཀི(Tricholoma matsutake)ཟེར། བེ་ཤའི་མདོག་ནི་དམར་ཁྲ་དང་བེ་ཤ་ལ་ཤ་མོ་གཞན་དང་མི་འདྲ་བའི་དྲི་མ་ཧ་ཅང་ཞིམ་པོ་ཞིག་ཡོད།
     བེ་ཤ་ལ་རིགས་བཞི་ཙམ་དབྱེ་ཆོག དང་པོ་ནི་ཤ་མོ་ཁ་ཕྱེ་མེད་པ་མ་ཟད་འབུས་ཟོས་མ་མྱོང་བ་དེ་ལ་ཟེར། གཉིས་པ་ནི་ཤ་མོ་ཁ་ཕྱེ་མེད་པ་མ་ཟད་གཟུགས་དབྱིབས་འབྲིང་བ་དང་ཆེ་བ། གསུམ་པ་ནི་ཤ་མོ་ཁ་ཕྱེ་ཚར་བ་ཡང་ན་བྱས་ཟོས་མྱོང་བ་ལ་ཟེར། བཞི་པ་ནི་ཤ་མོ་ཁ་ཕྱེ་མེད་པ་མ་ཟད་གཟུགས་དབྱིབས་མཐེ་བོང་ཙམ་མ་གཏོགས་མེད། རིགས་མི་འདྲ་བའི་ཤ་མོ་ལ་རིན་གོང་ཡང་མི་འདྲ། རིགས་དང་པོ་ལ་རིན་གོང་མཐོ། རིགས་བཞི་པ་ལ་རིན་གོང་དམའ།
བེ་ཤ་རིན་གོང་མཐོ་བའི་རྒྱུ་མཚན།
     བེ་ཤ་ནི་འཛམ་གླིང་ཐོག་རྒྱལ་ཁབ་ཁ་ཤས་ལ་འདུག བེ་ཤ་རིན་གོང་མཐོ་བའི་རྒྱུ་མཚན་གཙོ་བོ་ནི་ཨ་རིས་ཉི་ཧོང་རྒྱལ་ཁབ་ཀྱི་ཀོང་ཏབ(广岛)ས་ཆ་ལ་ཉིང་རྡུལ་འཕུར་མདེལ(核导弹)འཕེན་སྐབས་མི་ཁྲི་ཕྲག་མང་པོ་རྩ་མེད་གཏོང་བ་མ་ཟད་སྐྱེ་དངོས་ཚང་མའི་ནང་བེ་ཤ་མ་གཏོགས་མེད་པར་བཟོ་འདུག  སྐབས་དེ་དུས་བེ་ཤ་གཅིག་པུ་སྐྱོན་སྤུ་ཙམ་མེད་པར་གནས་ཡོད། ཉི་ཧོང་གི་མི་ཚང་མ་ཧང་སང་ནས་བེ་ཤ་ལ་ཉིང་རྡུལ་འཕྲོ་ཐིག(核辐射)འགོག་བྱེད་བའི་ནུས་པ་ཁྱད་དུ་འཕགས་པ་ཡོད་པ་རྟོགས། དུས་དེ་ནི་བཟུང་ཉི་ཧོང་གི་བེ་ཤ་དེ་ཟས་མཆོག་ཞིག་ཏུ་ངོས་འཛིན་པ་མ་ཟད་ཤ་མོའི་ནོར་བུ་ལྟ་བུར་བརྩིས་འདུག ཉི་ཧོང་རྒྱལ་ཁབ་ཏུ་ནམ་རྒྱུན་གྱི་ཟ་མ་ནང་དུ་བེ་ཤ་ནི་མེད་དུ་མི་རུང་བ་ཞིག་ཏུ་གྱུར་འདུག དེ་ཡིན་པའི་རྐྱེན་གྱིས་བེ་ཤ་ལ་རིན་གོང་ལེགས་པོ་རག་བའི་རྒྱུ་མཚན་དེ་ཡིན། ང་ཚོ་ཕ་ཡུལ་གྱི་ཤ་མོ་ཚང་མ་ཡང་ཉི་ཧོང་ལ་འདྲེན་བཞིན་འདུག
བེ་ཤའི་ཚོང་རྫས།
     བེ་ཤ་གསར་པ་བསྡུ་ནས་བཙོང་མཁན་དེ་མང་ཆེས་ཤོས་རེད། ཁྱིམ་ཚང་ཁ་ཤས་བེ་ཤ་བསྡུ་ནས་རང་གི་དམ་བེ་ཆེན་པོ་ནང་དུ་ཚྭ་དང་འདྲེས་ནས་བསྙལ་བ། བེ་ཤ་རྩ་བ་ཐོག་གི་ས་གཙང་མ་བཀྲུ་ནས་ཆུ་འཁོལ་ནང་དུ་བཙོ་དགོས། འཚོད་ཚར་རྗེས་དམ་བེ་ཆེན་པོ་ནང་དུ་ཚྭ་དང་མཉམ་དུ་བླུགས་ནས་ཡུན་རིང་པོ་བསྙལ། ཁྱིམ་ཚང་ཁ་ཤས་བེ་ཤ་སྐམ་པོ་བཙོང་། བེ་ཤ་གསར་པ་བསྡུ་ཚར་རྗེས་བཤགས་ནས་ཉི་མར་སྐམ། སྐམ་ཚར་རྗེས་ཤོག་སྒམ་ཆུང་ཆུང་ནང་དུ་བླུགས་ནས་ལེགས་སྐྱེས་འབུལ་བར་བཙོང་།
བེ་ཤ་དང་ངའི་སློབ་གསོ།
     ཁོ་བོ་ལ་མཚོན་ན་བེ་ཤ་ནི་ཧ་ཅང་དྲིན་ཆེ་བའི་ཤ་མོ་རིགས་ཤིག་རེད། རྒྱུ་མཚན་ནི་ང་རང་ཆུང་དུས་སློབ་གྲྭར་འགྲོ་དུས་སློབ་ཡོན་དང་འཚོ་བའི་རིན་ཚང་མ་བེ་ཤ་བསྡུས་ནས་ཡོང་བ་རེད། ང་ཚོ་ཕ་ཡུལ་གྱི་ཡོངས་སྒོ་གཙོ་བོ་ནི་དབྱར་རྩ་དགུན་འབུ་དང་བེ་ཤ་གཉིས་ལ་བརྟེན་དགོས། ལྷག་པར་དུ་བེ་ཤ་ནི་ཡོངས་སྒོ་གཙོ་བོ་ནང་གི་གཙོ་བོ་ཡིན། ང་ཚོ་རོང་བ་ཡིན་པའི་རྐྱེན་གྱིས་ནགས་རི་མང་ཡང་རྩྭ་ཐང་ཉུང་། བེ་ཤ་བསྡུ་ས་མང་བ་དང་དབྱར་རྩྭ་དགུན་འབུ་བརྐོ་ས་ཉུང་། ང་ཚོ་ཁྱིམ་མི་ཡོད་དོ་ཅོག་གིས་བེ་ཤ་བསྡུས་ནས་ང་རང་སློབ་ཆེན་སློབ་གྲྭར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ལེགས་པོ་དེ་བསྐྲུན་པ་རེད།
བེ་ཤ་དང་སྒྲུང་གཏམ།
     ང་རང་ལོ་བཅུ་གཉིས་ཐོག་ནས་ཨ་ཕ་དང་མཉམ་དང་བེ་ཤ་བསྡུ་སར་སོང་། བེ་ཤ་བསྡུ་བའི་སྐབས་སུ་རི་ཐོག་ལ་སྦྲ་ནག་དང་གུར་ཕུབ་ནས་འདུག་དགོས། བེ་ཤ་བསྡུ་བའི་སྐབས་སུ་གནས་ཚུལ་འདྲ་མིན་སྣ་ཚོགས་མཐོང་།
     ཉིན་ཞིག ང་དང་ངའི་ཨ་ཕ་དང་སྲིང་མོ་གསུམ་བེ་རི་སྟུག་པོ་ནང་དུ་བེ་ཤ་བསྡུ་རུ་སོང་ཡིན། གློ་བུར་དུ་དོམ་ནག་ཞིག་དང་འཕྲེད། དོམ་དེའི་སུག་བཞི་སྦོམ་ལ་རགས་པ། མཇུག་མ་ཐུང་བ། མགོ་ཞེང་ཆེ་བ། སྤུ་མདོག་ནག་ཅིང་སྙིང་ཁར་དཀར་པོ་ཟླ་ཚེས་ཀྱི་དབྱིབས་ཅན། འགྲེང་ཚུགས་ཀྱིས་འགྲོ་ནུས་པའི་གཅན་གཟན་གཏུམ་པོ་ཞིག་རེད། དོམ་དེ་བེ་ཤིང་ཐོག་ཏུ་འཛེགས་འདུག ངའི་སྲིང་མོ་དང་ངེད་གཉིས་སྐྲགས་ནས་ཨ་ཕའི་རྒྱབ་ཏུ་གབ། ཨ་ཕས་གྲི་རིང་པོ་དེ་ལག་ཏུ་བཟུང་ནས་ང་ཚོ་བྲོས་སོང་བ་ཡིན། སྐབས་དེ་དུས་མ་གཏོགས་དོམ་ཞེས་པ་དེ་གོ་མྱོང་ཀྱང་མཐོང་མ་མྱོང་།
རང་གི་སྨོན་འདུན།
     སྤྱི་ཟླ་བརྒྱད་པ་ནི་ང་ཚོ་ཕ་ཡུལ་གྱི་བེ་ཤ་བསྡུ་བའི་དུས་ཚོད་རེད། སློབ་མ་ཚང་མ་དེ་དུས་གུང་གསེང་ཡིན་པ་མ་ཟད་རང་གི་སློབ་ཡོན་བཙལ་བའི་གོ་སྐབས་བཟང་པོ་ཞིག་ཀྱང་རེད། ཕ་ཡུལ་གྱི་མི་སེར་རྣམས་དབྱར་རྩྭ་དགུ་འབུ་དང་བེ་ཤ་མ་གཏོགས་གཞན་ཚོང་ལས་ཀྱི་བྱ་བ་གང་ཡང་སྒྲུབ་མི་ཤེས། དེ་ཡིན་པའི་རྐྱེན་གྱིས་ང་ཚོ་ཕ་ཡུལ་ལ་དཔལ་འབྱོར་ཐོག་འགྱུར་བ་ཆེན་པོ་མི་འདུག རང་ལ་ཐོན་ཁུངས་འདི་འདྲ་ཡག་པོ་ཡོད་ཀྱང་ཚོང་ལས་སྒྲུབ་མཁན་ཧ་ཅང་ཉུང་བའི་རྒྱུ་མཚན་ཅི་ཡིན་ནམ། མ་འོངས་པར་ང་ཚོ་ཕ་ཡུལ་གཙོས་པའི་བོད་ཀྱི་ཡུལ་གྲུ་སོ་སོར་ཚོང་པ་ཇེ་མང་དང་ཚོང་ལས་བྱ་བ་སྒྲུབ་མཁན་ཇེ་མང་ཡོངས་བར་སྨོན། ཚོང་ལས་དང་སློབ་གསོ་གཉིས་ཟུང་དུ་འབྲེལ་ནས་ཡུལ་གྲུ་དེ་འཕེལ་རྒྱས་ཡོད་པ་སྨྲ་མི་དགོས།


འབྲེལ་ཡོད་འོས་སྦྱོར།