logo

རྨ་ཆུའི་རྟ་རྒྱུག་དང་རྨ་ཆུའི་སློབ་གསོ་གླེང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། དུས་ཚོད།:2014-07-07 ཀློག་གྲངས།:

  སྤྱི་ཚོགས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པ་དང་བསྟུན་མང་ཚོགས་ཀྱི་དགོས་མཁོ་ཡང་དེ་བསྟུན་གྱིས་མཐོ་ནས་མཐོ་རུ་འགྲོ་བཞིན་པ་ལ་སུས་ཀྱང་ཚོད་འཛིན་བྱེད་ཐབས་བྲལ་བ་ཞིག་རེད། ཉེ་བའི་ལོ་འདི་དག་གི་རིང་ལ་མཚོན་ནས་བཤད་ན་བདག་གི་ཕ་ཡུལ་སྟེ་རྨ་ཆུའི་ཁུག་པ་དང་བོ་རུ་གྲགས་པའི་གླིང་ས་མཐོང་བ་ཀུན་སྨོན་དུ་རྟ་རྒྱུག་གི་ཚ་རླབས་ཤིག་འཕྱུར་ནས་ཕལ་ཆེར་ཁྱིམ་ཚང་རེ་ལ་གཤིིབ་རྟ་རེའི་ཚད་དུ་ཐོན་འདུག ཞིབ་ཏུ་བསམས་ན་འདི་ལ་ཡང་དགེ་སྐྱོན་གཉིས་ནས་འདང་བརྒྱབ་ན་འགྲིག་སྟེ།ཐོག་མར་དགེ་མཚན་གྱི་སྐོར་ནས་བཤད་ན་སྤྱིར་རྟ་རྒྱུག་གམ་རྟ་གཤིབ་ནི་བོད་མི་རིགས་ཀྱི་ཁྱད་ཆོས་དང་ལྡན་པའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན་ན། དེ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ནི་རྨ་ཆུ་བ་ཁོ་ན་ཙམ་མ་ཡིན་པར་རང་རེ་བོད་མི་རོང་འབྲོག་ཚང་མ་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཅི་ལ་མིན།  དེ་མིན་ས་ཆ་འདི་ལ་མཚོན་ན་ཀྲུང་གོའི་རྟ་རྒྱུག་གི་ཕ་ཡུལ་ཞེས་ཆོ་ལོ་བརྗིད་པོ་ཞིག་ཡོད་ཕྱིར་ལོ་རེའི་གེ་སར་རྟ་རྒྱུག་འགྲན་ཚོགས་སུ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོ་མང་བ་ལ་སོགས་པས་ས་གནས་མང་ཚོགས་ལ་ཡང་དཔལ་འབྱོར་གྱི་ཁེ་ཕན་མི་དམན་པ་རེ་ཐོབ་ཀྱིན་པ་མིག་མཐོང་ལག་ཟིན་རེད།  དེ་མིན་རྨ་ཆུའི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་སོགས་ཕྱི་ལ་ཁྱབ་བསྒྲགས་ཀྱི་གོ་སྐབས་མང་དུ་ཕྱིན་པ་བཅས་ནི་ང་ཚོས་གླེང་ཆོག་ཆོག་གི་གྲུབ་འབྲས་རེད། ཕྱོགས་གཞན་ཞིག་ནས་འདང་བརྒྱབ་ན། རྨ་ཆུའི་རྟ་རྒྱུག་ནི་རྨ་ཆུ་བའི་གཟི་བརྗིད་ཁོ་ན་མ་ཡིན་པར་གྱོང་གུད་ཅིག་ཀྱང་མིན་པའི་ངེས་པ་ཆེར་མི་འདུག་ཏེ། དེང་སང་གི་འབྲོག་པ་མང་ཆེ་ཤོས་ཤིག་གིས་གཤིབ་རྟ་ཞིག་རྒྱུག་པར་འགྲོ་སྒོ་ག་ཙམ་གཏོང་གིན་པ་སོ་སོའི་སེམས་ན་ཁྲིགས་སེ་ཡིན་རྒྱུ་རེད། དཔེར་མཚོན་ཙམ་ཞིག་བགྲང་ན། གཤིབ་རྟ་ཞིག་ལ་སྒོར་ཁྲི་བཅུ་ཡས་མས་ཤིག་བྱིན་ནས་ཉོས་ཏེ།  ལོ་གཅིག་གི་རྟ་གསོ་བྱེད་ཀྱི་གཟན་ཆས་དང་།  མོ་རྩིས་ལུང་བསྟན་ཞུ་བ། བཅའ་བ་རིམ་གྲོ་བསྒྲུབ་པ། རྟ་གཤིབ་སྐབས་རེ་རེའི་བྱ་དགའི་གནས་ཚུལ་ལ་བལྟས་ནས་དངུལ་ལོར་བསྡུ་བ། ས་ཆ་ག་གེ་མོ་ནས་གནས་ཆེ་གེ་མོ་ཞིག་ལ་རླངས་འཁོར་གླས་ཏེ་རྟ་འདྲུད་པ། རང་ཉིད་ཀྱི་ཡར་འགྱོ་མར་འདུག་གི་འགྲོ་སོང་སོགས་ལ་བསམ་ན་མང་བོ་ཞིག་ལ་མ་རྩ་རྡིབ་བཞིན་པའང་གསང་ཐབས་མེད་པའི་དོན་དངོས་རེད།  དེ་ལས་ཀྱང་ངོས་ཟིན་དགོས་པ་ཞིག་ལ་ལོ་རེ་རེའི་གེ་སར་རྟ་རྒྱུག་འགྲན་ཚོགས་སྐབས་སུ་རྨིད་སྟོང་ནས་ཁྲི་ཡི་བར་དུ་བྱ་དགའ་མཐོན་པོ་ལེན་མཁན་རྨ་ཆུའི་གཤིབ་རྟ་མ་ཡིན་པར་ཕྱོགས་གཞན་ནས་ཡིན་ཕྱིར་རང་གི་བསགས་པའི་རྒྱུ་ནོར་ཡང་ཕངས་སེམས་དང་ཞེ་སྡང་གིས་གཞན་ལ་གཏང་རག་ཏུ་ཕུལ་ན་ང་ཚོའི་རྟ་རྒྱུག་དེ་ཡང་ཕམ་ཁ་ལས་རྒྱལ་ཁ་ཞིག་ག་ལ་ཡིན།
  རྨ་ཆུའི་རྟ་རྒྱུག་ཟེར་ན་ཡུལ་ཕྱོགས་ཀུན་ཏུ་མྱིང་ཆེ་ལ་རྨ་ཆུའི་སློབ་གསོ་ཟེར་ན་དེ་ལས་ཀྱང་སྐད་གྲགས་ཆེ་བ་རིག་རིག་མྱིག་རྩ་དང་གོ་གོ་རྣ་རྩ་རེད། དེའི་རྒྱུ་མཚན་མདོར་བསྡུས་ཤིག་ངོ་སྤྲོད་ཙམ་དུ་བྱས་ན།རྨ་ཆུ་རྫོང་གི་སློབ་གསོའི་གནས་བབ་གླེང་ཡོང་དུས་ཕྱོགས་གསུམ་ཙམ་ནས་འདང་མི་རྒྱག་ཐབས་མེད་ཡིན་ཏེ། དགེ་རྒན་ཚོའི་མིག་ནང་དུ་རྨ་ཆུའི་སློབ་མ་རྣམས་ནི་སྒོར་མོ་བརླག་ནས་གོས་གང་ཡག་དང་ཟས་གང་ཞིམ་ལ་རོལ་ནས།  སློབ་སྦྱོང་གི་རྣམ་འགྱུར་མི་ལེགས་པ་མ་ཟད་དགེ་རྒན་ལ་མི་གུས་པའི་མ་རབས་ཐ་ཤལ་གྱི་རིགས་དེ་ཡིན་འདུག རྨ་ཆུའི་སློབ་མ་ཚོའི་མིག་ནང་དུ་དགེ་རྒན་དེ་དག(ས་ཕྱོགས་གཞན་གྱི་མི)ནི་རང་གི་ཁེ་ཕན་དང་ཟླ་ཕོགས་ཉི་ཚེ་བ་ལ་ལོངས་སུ་སྤྱོད་མཁན་ལས་སློབ་གསོ་བྱ་གཞག་ལ་ནུས་པ་མི་ཐོན་པའི་རྒྱ་ཕག་གསོ་མའི་རིགས་དེ་ཡིན་པ་མ་ཟད། སློབ་མའི་མི་གཞི་ལ་རྡོག་བརྫིས་གཏོང་མཁན་དང་བདེ་ཐང་ངང་འཚར་ལོངས་ཡོང་བའི་སེམས་ཁམས་དམར་གསོད་བྱེད་མཁན་གྱི་གཤེད་མ་ལྟ་བུ་ཞིག་རེད། ཁྱིམ་བདག་ཚོའི་སེམས་སུ་རྨ་ཆུའི་དགེ་སློབ་གཉིས་ཀ་རང་སྐལ་གཞན་ལ་བྱིན་པའི་བླ་བཙོང་གི་རིགས་དེ་ཡིན་འདུག་པས་རང་སེམས་རང་གི་གསོས་ནས་རང་མགོ་གཡོག་པ་ལས་གཞན་ཅི་ནུས། བདག་གིས་དགེ་རྒན་དག་ལ་བཤད་འདོད་པ་ནི་གལ་ཏེ་རྨ་ཆུའི་མིས་མ་འཁྱོངས་བ་རེད་བསམ་ན། སློབ་གྲྭ་གཞན་པ་ལས་རྨ་ཆུའི་སློབ་མ་སློབ་མཐར་ཕྱིན་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གླིང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་། ཀན་སུའུ་བོད་ལུགས་གསོ་རིག་སློབ་གླིང་སོགས་ལ་ཁྱབ་ནས་ཡོད་པ་ཁྱོད་ཚོ་སློབ་གསོའི་བྱ་བ་བསྒྲུབ་མཁན་ཞིག་ལ་མཚོན་ནས་བཤད་ན་བདག་ལས་ཀྱང་གསལ་ཁ་ཡོད་རྒྱུ་རེད། དེ་མིན་རྨ་ཆུའི་སློབ་མ་ལ“ཟོག”དང“དུད་འགྲོ”སོགས་ཟེར་ནས་རང་ཉིད་དགེ་ལེགས་ཀུན་འབྱུང་གི་རྩ་བ་དང་ཉེས་སྐྱོན་ཀུན་ཟད་ཀྱི་སངས་རྒྱས་ལྟ་བུ་ཞིག་ཏུ་བལྟས་ན།དགེ་རྒན་ངན་པའི་དགེ་ཕྲུག་ཅེས་པ་སྲིད་པ་རྒད་པོ་ཁོམ་སོང་ནས་བཤད་པ་ཨེ་རེད། རྨ་ཆུའི་སློབ་མ་དག་ལ་བགྲོ་གླེང་གི་ཚབ་ཏུ་ཞུ་འདོད་པ་ནི། འུ་ཅག་སློབ་ཆུང་གི་སྐབས་སུ་དགེ་རྒན་མང་བོ་ཞིག་གིས་དཀའ་སྡུག་གི་རྔུལ་ཆུ་བཏོན་ནས། བགྲང་བྱ་དྲུག་ཙམ་ལ་གཅིག་ནས་དགེ་རྒན་དང་གཉིས་ནས་ཕ་མའི་ཚབ་བྱས་ཏེ་གཅིག་གོ་གཉིས་ཆོད་ཀྱིས་སློབ་སྦྱོང་བྱེད་སྟངས་དང་མི་བཅའ་སྟངས་སོགས་རང་ནུས་ཅི་ལྕོགས་ཀྱིས་ཁྲིད་པ་རེད། ཡིན་མོད་ཚང་མ་རྫོང་བོད་རིགས་སློབ་འབྲིང་དུ་ཐོན་དུས་ཅིའི་ཕྱིར་རང་གི་སློབ་སྦྱོང་གི་འགན་འཁྲི་དོར་ནས་མི་ཚེའི་ཁ་ཕྱོགས་བོར་འགྲོ་བ་རེད། ས་ཕྱོགས་གཞན་པ་དང་རྫོང་ཁག་གཞན་པའི་སློབ་མ་ཚོ་སློབ་འབྲིང་གི་དུས་ལ་ཐོན་དུས་ཅིའི་ཕྱིར་མིག་གི་མཐོང་རྒྱ་དང་བསམ་པའི་ཤེས་རྒྱ་སོགས་ཇེ་ཡངས་སུ་སོང་བ་རེད། བདག་གིས་བསམ་ན།འདི་ལ་ཕྱི་ནང་གི་རྐྱེན་མང་བོ་ཞིག་མཆིས་མོད་ཆེས་རྩ་བར་གྱུར་བ་དེ་དགེ་སློབ་བར་དུ་འབྲེལ་བ་ལེགས་པོ་ཞིག་མེད་པས་ལན་པ་རེད། སྤྱིར་དགེ་རྒན་དང་སློབ་མ་ནི་རྟེན་དང་བརྟེན་པའི་འབྲེལ་བ་ཞིག་ཏུ་གྲུབ་ཕྱིར་དགེ་སློབ་བར་གྱི་འབྲེལ་བ་ལེགས་པོ་ཞིག་འཛུགས་མ་ཐུབ་པ་དེ་སློབ་གྲྭ་སྤྱིའི་སློབ་སྦྱོང་གི་ཁོར་ཡུག་གམ་རྣམ་པ་ཇེ་བཙོག་ཏུ་སོང་བའི་རྒྱུ་གཙོ་བོ་ཞིག་ཏུ་འདོད་དོ། དེ་ལས་ཀྱང་རྨ་ཆུའི་ཁྱིམ་བདག་ཚོས་ཤེས་དགོས་པ་ཞིག་ལ། སྤྱིར་སློབ་གསོ་ལ་སྤྱི་ཚོགས་སློབ་གསོ་དང་སློབ་གྲྭའི་སློབ་གསོ། ཁྱིམ་ཚང་གི་སློབ་གསོ་བཅས་ཀྱི་དབྱེ་བ་ཡོད་པས་རང་ཉིད་ནས་ཁྱིམ་ཚང་གི་སློབ་གསོ་ལ་དོ་སྣང་མ་བྱས་པར་ནམ་རྒྱུན་དགེ་རྒན་དང་སློབ་མ་ལ་ལེ་བདའ་བྱས་ན་ག་ལ་འགྲིག ཁྱོད་རང་ཚོ་ནས་འདང་ཞིག་རྒྱོབས་དང་། དེང་སང་རྟ་གཤིབ་འདི་རྒྱུག་ཆེ་བས་མྱི་མང་བོ་ཞིག་གིས་རང་སྒེར་ནས་རྟ་གཅིག་ལ་སྒོར་ཁྲི་བཅུ་ཉི་ཤུ་དང་ཁྲི་ལྔ་དྲུག་བྱིན་ནས་ཉོ་བ་དང་གལ་ཏེ་སྒེར་ནས་མ་ཁུག་ན་མྱི་གཉིས་གསུམ་རེ་མཉམ་དུ་བསྡེབས་ནས་ཉོ་བ་དེ་རྒྱུ་ཐོག་ལ་རྒྱག་འདོད་པ་རེད། ཡིན་ཡང་། ཁྱིམ་བདག་སུ་ཞིག་གིས་རང་ཉིད་ཀྱི་སློབ་མའི་ཆེད་དུ་སྒོར་ཁྲི་འགའ་བཀོལ་ནས་སློབ་སྦྱོང་གི་ཡོ་ཆས་དང་སློབ་ཕྱིའི་དཔེ་ཆ་ཉོ་བཞིན་ཡོད། སུ་ཞིག་གིས་འགྲོ་སོང་ཉུང་ཤས་རེ་བཏང་ནས་མཁས་པ་ཆེན་མོ་དང་སློབ་གསོ་བ། བསམ་བློ་བ་གདན་དྲངས་ནས་རང་ཉིད་ཀྱི་བུ་ཕྲུག་གི་རྒྱུད་ལ་ཤེས་བྱ་ཕྲན་ཙམ་རེ་ཡང་ཨེ་འབྱོར་ལྟ་བཞིན་ཡོད། ཚང་མའི་ཤེས་དགོས་པ་ཞིག་ལ་བརྒྱ་ལ་ཁྱོད་ཀྱིས་ཉོས་པའི་རྟ་དེ་ཧ་ཅང་གི་མགྱོགས་པ་ཞིག་ཡིན་ནས་གནས་སྐབས་ཙམ་ལ་སྒོར་རྡོག་འགའ་རེས་རྒྱུ་ཐོག་ལ་བརྒྱབ་ཡང་། ཁྱོད་ཀྱི་རྟ་དེ་རྐུན་མས་བརྐུས་པའམ་སྟབས་མ་འགྲིག་པར་ནད་རེ་བྱུང་ནས་ཤི་སོང་ན་ཁྱོད་རྒྱུ་ཐོག་ལ་རྒྱག་བྱེད་ཀྱི་རྩ་བ་ཆད་སོང་བ་རེད། དེ་བས་རང་ཉིད་ཀྱི་བུ་ཕྲུག་གི་རྒྱུད་ལ་ཤེས་བྱ་རེ་འབྱོར་ཐབས་བྱས་ན་དེ་ནི་ཁྱོད་རྒྱུ་ཐོག་ལ་རྒྱག་སྤྱད་ཀྱི་ཐབས་ཀྱི་མཆོག་གོ གང་ལྟར་རྨ་ཆུའི་སློབ་གསོ་ཡུལ་ཁམས་གང་ལ་བལྟོས་ན་རྗེས་སུ་ལུས་ཡོད་པ་མིག་མདུན་དུ་ལྷགས་པའི་གནད་དོན་ཞིག་ཡིན་པས་ཚང་མའི་འདི་ལ་དོ་སྣང་མ་བྱས་ན་ལོ་ངོ་བཅུ་ཡས་ཤིག་གི་རྗེས་ནས་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་ཟེར་བ་ཞིག་ཡོད་མེད་སུས་ཀྱང་ཁ་ཚོན་གཅོད་དཀའ་རྒྱུ་རེད། དེ་བས་རང་ཉིད་ནས་འདི་ལ་སྟ་གོན་ཙམ་ཞིག་གི་ཚུལ་དུ་གཏམ་འདི་སྤེལ་བ་ལགས།
 


འབྲེལ་ཡོད་འོས་སྦྱོར།