logo

སློབ་མ་སྐྱོན་ཅན་གྱི་སྐྱོན་ཆ་གླེང་རྐྱང་ལས་སྐྱོན་གྱི་རྒྱུ་བཙལ་ན་ལེགས།

རྩོམ་པ་པོ།:ཚེ་དཔག་རྣམ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-04 ཀློག་གྲངས།:

  སྤྱིར་སློབ་མ་སྐྱོན་ཅན་ཞེས་ན་དེ་འདྲའི་གོ་བདེ་ཞིག་མིན་རུང་།སློབ་གསོའི་ལས་གནས་ན་བཞུགས་པའི་དགེ་རྒན་རྣམས་ལ་མཚོན་ན་ཧ་མི་གོ་མཁན་མང་པོ་ཡོད་རྒྱུ་མ་རེད།དེ་ཡང་།དགེ་རྒན་ཚོས་འདོད་པའི་སློབ་མ་སྐྱོན་ཅན་ནི་སློབ་སྦྱོང་མི་བཟང་བའམ་སློབ་སྦྱོང་མི་བྱེད་པ་དང་།རྡུང་རེས་རྒྱག་མཁན།དྲ་ཁང་དུ་འགྲོ་མཁན།སློབ་ཁྲིད་ལ་མི་ཞུགས་མཁན།བརྐུ་བྱེད་མཁན།ཐ་མག་འཐེན་མཁན།དགའ་རོགས་སྒྲིག་མཁན་སོགས་གནད་དོན་ལུང་བ་གང་ཅན་ཚོ་རེད་ལ།སློབ་མ་ཚོས་འདོད་པའི་སློབ་མ་སྐྱོན་ཅན་ནི་གཙོ་བོ་རང་འདོད་ཅན་དང་དགེ་རྒན་ལ་ཞུ་གཏུག་རྒྱག་མཁན་སོགས་རེད།དེ་ཡང་སློབ་མ་དེ་རིགས་ནད་ཅན་ཞིག་ཡིན་པའི་དབང་དུ་བཏང་ན།ནད་རྟགས་གཙོ་བོ་ནི་གོང་དུ་བསྟན་པའི་སྤྱོད་ལམ་དག་ཡིན་ལ་ནད་གཙོ་བོ་ནི།བསླབ་པ་དོན་གཉེར་གྱི་བློ་ཞན་པ་དང་སྤྱོད་ལམ་གོམས་གཤིས་མི་ལེགས་པ།སེམས་ཁམས་བདེ་ཐང་མིན་པ་དང་བསམ་བློ་ཀུན་སྤྱོད་ཀྱི་ཚད་དམའ་བ་བཅས་སུ་འདུ།གང་ལྟར།ངས་ནི་སློབ་མ་ཞིག་གི་བསམ་བློ་དང་སྤྱོད་ལམ་ཐད་ཀྱི་སྐྱོན་ཆ་ནི་མིའི་རང་བཞིན་གྱི་ཞན་ཆ་ཞིག་གམ་ཡང་ན་ཁོར་ཡུག་སོགས་ཀྱི་རྒྱུ་ལས་བྱུང་བའི་མི་རེ་རེའི་ཐུན་མོང་མ་ཡིན་པའི་བར་ཁྱད་ཙམ་དུ་འདོད་ཅིང་།སློབ་མ་སྐྱོན་ཅན་ཞེས་པའི་དོན་སྤྱི་དེ་ཡང་གཙོ་བོ་ཚུར་རོལ་བོའི་བསམ་པའི་འཛིན་སྟངས་ཀྱི་གནད་དོན་ཞིག་སྟེ།ཕྱོགས་དང་ཟུར་མི་འདྲ་བར་བརྟེན་ནས་སྐྱོན་ཆ་ལ་ངོས་འཛིན་བྱེད་སྟངས་ཀྱང་མི་འདྲ་བ་རེ་འབྱུང་གི་ཡོད་པར་འདོད།འོ་ན།ང་ཚོའི་མིག་མདུན་དུ་གནས་པའི་ཁ་ཚ་དགོས་གཏུག་གི་དངོས་ཡོད་གནད་དོན་ནི་གང་ལགས་ཤེ་ན།དེ་ནི་སློབ་མ་སྐྱོན་ཅན་གྱི་སྐྱོན་ཆ་གླེང་རྐྱང་ལས་ན་རྐྱེན་ལྟ་བུའི་སྐྱོན་གྱི་རྒྱུ་བཙལ་ནས་སློབ་མ་དེ་རིགས་ལ་ངོས་འཛིན་ཡང་དག་ཅིག་ཡོད་རྒྱུ་དང་དེ་ཉིད་ལེགས་ལམ་དུ་བཀྲི་བའི་སློབ་གསོ་ཡིན་པས།གཤམ་ནས་སྐྱོན་གྱི་རྒྱུ་རྐྱེན་གཙོ་བོ་གསུམ་འཆད་པར་བྱ།

  གཅིག    ཁྱིམ་ཚང་གི་རྒྱུ་རྐྱེན།

  ༡ ཁྱིམ་གཞི་འཐུས་ཚང་མེད་པས་བྱིས་པའི་སེམས་ཁམས་ལ་གནོད་བསྐྱལ་བ།
  གཉེན་འཐོར་གྱི་རྒྱུ་རྐྱེན་གཙོས་ཁྱིམ་གཞི་འཐུས་ཚང་མ་ཡིན་པས་རྐྱེན་བྱས་ཏེ་བྱིས་པའི་སེམས་ཁམས་དང་བདེ་ཐང་གི་འཚར་ལོངས་ལ་གནོད་པ་ཡོད་མེད་ཐད་ཨ་ཡེས་བཤད་ན་ཨ་ཡེ་དང་དོམ་པས་བཤད་ན་དོམ་པ་ཞེས་པའི་དཔེ་ལྟར།གཉེན་སྒྲིག་སེམས་ཁམས་རིག་པའི་ཆེད་མཁས་པ་ཚོར་ལྟ་བ་གཅིག་གྱུར་ཅིག་བྱུང་མི་འདུག་མོད་ཀྱི།བུ་ཕྲུག་ཚོར་ཕ་འཛོམས་མ་འཛོམས་ཀྱི་ཁྱིམ་ཚང་སློབ་གསོ་ལེགས་པོ་ཞིག་མ་ཐོབ་པས་བག་ཉལ་གྱི་འདུ་ཤེས་སྟེང་རྨ་ཁ་གྲངས་མེད་བཟོས་པ་སུ་ཞིག་གིས་བསྙོན་ནུས།རྣམ་པ་གཅིག་ཏུ་ན་གངས་རིའི་ལྗོངས་སུ་བྱོན་པའི་སྐྱེས་ཆེན་མི་ལ་རས་པ།ཞབས་དཀར་ཚོགས་དྲུག་རང་གྲོལ།མཁས་དབང་དགེ་འདུན་ཆོས་འཕེལ།དེང་རབས་ཀྱི་བསམ་བློ་ཅན་དོན་གྲུབ་རྒྱལ་སོགས་དང་།གཞན་ཨ་རིའི་སྲིད་འཛིན་ཨོར་བྷ་མས་མཚོན་པའི་དཔལ་དང་ལྡན་པའི་སྐྱེས་བུ་གང་མང་ཞིག་ལ་འཐུས་ཚང་གི་ཁྱིམ་གྱི་ཁོར་ཡུག་གི་སློབ་གསོ་ཕལ་ཆེར་རེག་མྱོང་ཚོད་མེད་ཀྱང་།མཉམ་མཉམ་ལས་འཇོན་ཐང་ལྷག་པར་འཕགས་པ་ནི་སོ་སོར་བྱམས་བརྩེ་དང་ཤེས་རབ་ལྡན་པའི་མ་ཡུམ་རེ་མཆིས་པའམ་ཡང་ན་ལྷན་སྐྱེས་ཀྱི་རིག་སྟོབས་ཁྱད་པར་བ་སོགས་དམིགས་བསལ་གྱི་རྒྱུ་རྐྱེན་མང་པོ་ཡོད་པ་ནི་གདོན་མི་ཟ་ཞིང་།མིའི་རིགས་སྤྱིའི་ཆ་ནས་བཤད་ན“མི་གཤིས་ལེགས་པོ་ཞིག་ཆགས་རྒྱུ་ནི་བདེ་ཐང་གི་ཁོར་ཡུག་དང་ཚུལ་མཐུན་གྱི་སློབ་གསོའི་ཤན་ཤུགས་ལ་རག་ལས་ཤིང་དེ་ལས་ལྡོག་ཚེ་མི་གཤིས་ཡ་མ་བརླ་དང་དབང་རྩའི་ནད་ཅན་དག་འབྱུང་ངེས”①པར་བཤད་པ་བཞིན་མིའི་བསམ་པ་དང་སྤྱོད་པའི་འཚར་ལོངས་ཐང་མོ་ཞིག་མགོ་རྩོམ་ས་ནི་ཁྱིམ་གཞི་འཐུས་ཚང་གི་སློབ་གསོའི་ཁོར་ཡུག་ལེགས་པོ་དེ་ཡིན་འདུག

  ༢  ཁྱིམ་ཚང་གི་སྤྱོད་པ་འཆལ་བས་བུ་ཕྲུག་གི་བསམ་སྤྱོད་ལ་ཤན་ཞུགས་པ།

  ཕ་མའི་ཚུལ་མིན་གྱི་སྤྱོད་ལམ་སྟེ།དཔེར་ན།ཚངས་སྤྱོད་ལས་ལྡོག་པའི་ཕོ་མོའི་འབྲེལ་བ་དང་ཤོ་རྒྱག་རྒྱལ་འགུག ཚོད་མེད་ཀྱི་ཆང་དང་སོད་མེད་ཀྱི་བུ་ལོན།རྐུ་ཇག་ཁྲམ་གསུམ་དང་ཁ་མཆུ་རྩོད་གླེང་སོགས་ཀྱིས་ཁྱིམ་གང་བོའི་འཆམ་མཐུན་དང་བདེ་སྐྱིད་མེ་ཏོག་སད་ཀྱིས་བཅོམ་པ་ལྟར་བརླགས་ཏེ།དཔྱིད་མགོའི་མེ་ཏོག་ལྟ་བུའི་བུ་ཕྲུག་ཚོའི་ལུས་སེམས་གཉིས་ཀའི་འཚར་ལོངས་ལ་གེགས་བཟོས་པ་མ་ཟད།མི་ཞིག་གི་རང་གཤིས་གསར་དུ་ཆགས་པའི་གོ་རིམ་དུ་ཁ་མིག་ཡར་བལྟས་སུ་མི་འགྲོ་བར་ཁྱི་མིག་ཐུར་བལྟས་ཀྱི་དཔེ་བཞིན་ངན་ཤན་ཐེབས་ནས།ཞེན་པ་གྱོང་ལ་སྤྱོད་པ་རྩིང་བའི་སྒེར་གཤིས་ཕྱིན་ཅི་ལོག་པ་དག་གི་རྒྱུ་སྒྲུབ་ཀྱི་ཡོད་སྙམ།

  ༣  ཁྱིམ་ཚང་གི་ཆ་རྐྱེན་བཟང་ཙམ་ལས་བསམ་པའི་རྒྱགས་ཀྱིས་དབུལ་བ།

  དེང་སྐབས་རོང་འབྲོག་གི་ས་ཆ་ཕལ་མོ་ཆེར་ལྟོ་རྒྱབ་ཕྱིད་པ་ལ་ཚེགས་དེ་འདྲ་མེད་ཅིང་།རྩྭ་ས་བཟང་བའི་འབྲོག་པ་དང་ལས་བྱེད་པའི་ཁྱིམ་དུ་རླངས་འཁོར་སོགས་དེང་རབས་ཀྱི་ཅ་ལག་མང་བ་མ་ཟད།ཕྱི་ཡོང་རིག་གནས(སྒྲ་ཡངས་འཇུག་གི་རིག་གནས)ཀྱི་ཤན་ལ་བརྟེན་ནས་འཚོ་བ་བག་མེད་རྒྱས་སྤྲོས་ལ་དགའ་ཞིང་ཆ་ལུགས་སྤྱོད་པ་ར་མ་ལུག་གི་སྣང་ཚུལ་ཧ་ཅང་མང་།ཡིན་ན་ཡང་།“རགས་རྩིས་བྱས་པ་ལྟར་ན།གཞི་རིམ་ཞིང་འབྲོག་ས་ཁུལ་གྱི་ཁྱིམ་བདག་གི་ནང་ན་སློབ་གསོ་ཤེས་པའི་ཁྱིམ་བདག༡༠%ཙམ་ལས་མེད་པ་དང་།དབུལ་ཕོངས་ཁྱིམ་བདག་གི་ནང་ན་སློབ་གསོ་ཤེས་མཁན༤%ཙམ་ལས་མེད་པ།སློབ་གསོ་མི་ཤེས་པའི་ཁྱིམ་བདག་གིས༩༠%ཟིན་ཡོད།”②པ་ལྟར་ན།ང་ཚོའི་ཁྱིམ་བདག་ཚོས་རང་གི་བུ་ཕྲུག་ལ་བསམ་བློའི་འབྲེལ་འདྲིས་ཀྱི་སྟེང་ནས་འཚོ་བ་དང་སྤྱོད་ལམ་གྱི་ཐད་ལ་ཁ་སློབ་བློ་སློབ་ལེགས་པོ་རེ་འཁྱོངས་རྒྱུ་ཕར་ཞོག  ལ་ཤས་ཀྱིས་བསམ་བཞིན་དུ་བུ་ཕྲུག་ལ་མདོ་མེད་ཀྱི་གྱོན་ཆས་དང་རྫས་ལྷད་ཀྱི་བཟའ་བཏུང་།ཚུལ་མིན་གྱི་ཡོ་བྱད་དང་ཁ་པར་སོགས་སློབ་སྦྱོང་གི་གེགས་སུ་འགྲོ་བའི་བག་མེད་རྒྱས་སྤྲོས་ཀྱི་ཆ་རྐྱེན་གང་མང་བསྐྲུན་ནས།གཅེས་མ་ཤེས་གཅེས་ཕྲུག་གཅེར་བུར་བཏང་ཞེས་པའི་དཔེ་ལྟར།བུ་ཕྲུག་ཚོ་མི་གཤིས་ཀུན་སྤྱོད་དང་ཕུགས་བསམ་ཡག་པོ་མེད་པའི་མདོ་མེད་ལང་ཤོར་གྱི་སེམས་ལྡན་ཁྱུ་ཞིག་ཏུ་བཏང་ཞིང་།རང་ཉིད་ཀྱང་ཕྲུ་གུ་སྐྱེས་ཤེས་ཀྱི་སེམས་ཅན་ཙམ་དང་བུ་ཕྲུག་ཚོའི་བྲན་འཁོར་ཉི་ཚེ་བ་ཙམ་དུ་འགྱུར་གྱིན་ཡོད།

  ༤ ཁྱིམ་བདག་གི་རེ་བ་མཐོ་དྲག་སྟེ་བུ་ཕྲུག་ལ་སུན་སྣང་སྐྱེད་པ།

  བུ་ཕྲུག་ལ་རེ་བ་མཐོན་པོ་འཛིན་མཁན་གྱི་ཁྱིམ་བདག་ཕལ་ཆེ་བ་ལས་བྱེད་པ་དང་ཡང་ན་དཀའ་ཁག་ཅན་ལས་བསམ་ཤེས་ཚོ་རེད་ལ།ཁོ་ཚོས་བུ་ཕྲུག་ལ་རེ་བ་བཟུང་བ་ནི་ལེགས་མོད་ཀྱི།གཙོ་བོ་རེ་བ་དག་རེ་བ་ཙམ་དང་བུ་ཕྲུག་གི་འཚར་ལོངས་ཆོས་ཉིད་དང་མི་མཐུན་པ་དེས་བུ་ཕྲུག་ཚོ་སུན་པོ་བཟོ་བཞིན་ཡོད་དེ།དཔེར་ན།ཡིག་རིགས་དང་བསླབ་ཚན་སྣ་མང་གི་ཤེས་བྱའི་འཇོན་ཚད་ཐད་རེ་བ་མཐོ་དྲགས་པ་དང་།རྒྱུགས་འཕྲོད་ཀྱི་རེ་བ་ནན་འཛིན་གྱིས་སྐར་གྲངས་ཁོ་ན་བསམ་སྟེ་བུ་ཕྲུག་ཚོའི་རང་དབང་གི་བར་གསེང་བཅད་ཅིང་སློབ་སྦྱོང་གི་སྤྲོ་སྣང་ཡལ་དུ་བཅུག་པ་མ་ཟད།སློབ་མ་ཞིག་ལ་འཛོམས་དགོས་པའི་འཆར་གཞི་དང་བརྩོན་སེམས་བཅས་པ་སྒྱིད་ལུག་ནས་སློབ་བྱོལ་དང་ཕྱིར་རྒོལ་གྱི་སྣང་ཚུལ་འབྱུང་གི་ཡོད།གོང་དུ་བསྟན་པ་ལྟར་སློབ་མ་སྐྱོན་ཅན་མང་པོ་ཞིག་གི་སྐྱོན་གྱི་རྒྱུ་རྐྱེན་ཕྱོགས་གཅིག་ནི་ཁྱིམ་ཚང་གི་སློབ་གསོ་ལ་རག་ལས་པས“སྤྱིར་བྱིས་པ་ཐ་ཆད་མེད་ཀྱང་བྱིས་པ་མི་ལེགས་པ་ཡོད།བྱིས་པ་མི་ལེགས་པ་ནི་སློབ་གསོ་མི་ལེགས་པ་ལས་བྱུང་བ་རེད།”③ཅེས་པའི་སྐད་ཆ་འདི་ཤིན་ཏུ་མད་སྙམ།

  གཉིས། སློབ་གྲྭའི་རྒྱུ་རྐྱེན།

  ༡ འཛིན་གྲྭའི་མི་གྲངས་འཕེལ་བས་འཛིན་བདག་གི་དོ་ཁུར་ལ་ཤན་ཐེབས་པ།

  སྤྱིར་འཛིན་བདག་ནི་འཛིན་གྲྭ་ཞིག་གི་སློབ་མ་ཡོངས་ཀྱི་བསམ་བློ་དང་སློབ་སྦྱོང་དང་འཚོ་བ་སོགས་ཀྱི་འགན་ཡོངས་སུ་གཉེར་བའི་དགེ་རྒན་ཡིན་མོད།སློབ་ཞུགས་ཀྱི་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་འཛིན་གྲྭ་གཅིག་ལ་མི་གྲངས་ལྔ་བཅུ་དྲུག་ཅུར་འཕེལ་བས།འཛིན་བདག་ཚོ་ཡང་འཕྲུལ་ཆས་ཀྱི་ཚུལ་དུ་ཁོམ་མེད་དལ་བྲལ་དུ་གྱུར་ནས་འགན་ཁུར་སྣ་ཚོགས་ཇེ་མང་དུ་སོང་ཞིང་།མི་ཞིག་ལ་ལྡན་དགོས་ངེས་ཀྱི་ལས་ཞོར་དུས་ཚོད་དང་ངལ་གསོའི་ཁོམ་པ་ནི་ཕྲ་ནས་ཕྲ་བར་གྱུར།དེར་བརྟེན།སློབ་མར་མཉམ་འཇོག་དང་ཐུགས་ཁུར་གྱི་སེམས་ཤུགས་ཉམས་ནས་སློབ་མ་རེ་རེའི་བསམ་སྤྱོད་མི་འདྲ་བ་ཇི་ལྟ་བ་བཞིན་དུ་དེ་ལྟ་དེ་ལྟར་རྒྱུས་ལོན་དང་སློབ་གསོ་གནང་བའི་ཚད་ཀྱང་ཤིན་ཏུ་ནས་དམའ་བར་གྱུར།

  ༢ དགེ་རྒན་གྱི་འགན་འཁྲིའི་འདུ་ཤེས་དང་བརྩོན་སེམས་ཞན་པ།

  སྤྱིར“སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་དམ་པའི་བཤེས་ཡིན”④ན་ཡང་།ཡུལ་དུས་ཀྱི་རྐྱེན་སྣ་ཚོགས་དབང་གིས་དགེ་རྒན་མང་པོ་ཞིག་གི་འགན་འཁྲིའི་འདུ་ཤེས་དང་བརྩོན་སེམས་ཞན་པས་སློབ་མའི་བསམ་སྤྱོད་ཐད་ལ་དོ་སྣང་མི་བྱེད་པ་དང་།ཡང་ན།སྐྱོན་ཆ་ཐག་གཅོད་ཀྱང་ཞིབ་ཚགས་ལྡན་ཞིང་གནད་དུ་ཐིངས་པ་ཞིག་མིན་པར་ཉི་མ་འགྲོ་ཐབས་དང་ཐང་མ་སྐམ་ཐབས་ཀྱི་ཚུལ་དུ་ཁྲེལ་སེལ་སླ་བཅོས་བྱས་སྟབས།དཔེར་ན།སློབ་མའི་སྐྱོན་ཆ་ལ་ངོས་འཛིན་མ་དག་པས་སློབ་མའི་རང་བཀུར་གྱི་བློ་ལ་གནོད་དེ་དགེ་རྒན་ལ་དད་པ་ལོག་པར་འགྱུར་བ་ལྟ་བུ་སོགས་སློབ་མའི་སླད་ཕྱིན་གྱི་ཡར་རྒྱས་ཐད་གནོད་ཚབས་པོ་ཆེ་བཟོ་བཞིན་པ་མང་དུ་མཐོང་།

  ༣ སློབ་མ་སོ་སོའི་ཁྱད་ཆོས་དང་དགའ་མོས་ལ་མཐོང་ཆེན་མི་བྱེད་པ།

  ང་ཚོས་རྒྱུན་དུ་མི་ལུས་རིན་པོ་ཆེ་ཞེས་བརྗོད་དོན་ཡང་མི་ལ་ཐབས་དང་ཤེས་རབ་ཀྱི་རྒྱུ་ཁྱད་པར་ཅན་ལྡན་པས་ཡིན་ལ།ང་ཚོའི་སློབ་མ་རེ་རེའི་རྟེན་ལ་ཡང་བག་ལ་ཞ་བའི་བློ་རིག་དང་ལུས་ཀྱི་རྩལ་ནུས་ཐུན་མོང་མ་ཡིན་པ་གང་མང་མངའ་བ་ལྟར།རང་རང་སོ་སོའི་དགའ་ཁ་འཁྱེར་ཕྱོགས་དང་རང་གཤིས་ཀྱང་མི་མཐུན་པ་དཔེར་ན།སློབ་གྲོགས་ལ་ལ་རྩིས་ཚན་ལ་དགའ་བ་དང་ལ་ལ་རིག་ཚན་ལ་འགའ་བ།འགའ་ཞིག་གླུ་དང་རོལ་མོ་མཛེས་རྩལ་ལ་དགའ་བ་དང་།འགའ་ཞིག་ལུས་རྩལ་དང་ཤགས་འགྱེད་ལ་འགའ་བ།ལ་ལ་ཁ་ཕྱིར་བལྟས་ཀྱི་གཤིས་ཀ་ཅན་དང་ལ་ལ་ཁ་ནང་བལྟས་ཀྱི་གཤིས་ཀ་ཅན་སོགས་ཁམས་དང་མོས་པ་བསམ་གྱིས་མི་ཁྱབ་པས།མིའི་ལེགས་ཆ་སྤྱིའི་གནས་ཚུལ་ལ་མི་དམིགས་པར་སྦྱངས་འབྲས་ཀྱི་མཐོ་དམན་ཙམ་དང་སྤྱོད་ལམ་གྱི་སྣང་ཚུལ་ཁོ་ན་ལ་བརྟེན་ནས་སློབ་མའི་ལེགས་ཉེས་ཐག་གཅོད་བྱེད་པ་ནི་ཤིན་ཏུ་མི་འོས་ཏེ།བྱེད་ལུགས་དེའི་མཇུག་འབྲས་ཀྱིས་སློབ་མ་མང་པོ་ཞིག་ལ་འདྲ་མཉམ་གྱི་སློབ་གསོའི་སྐལ་བ་ཆད་ཅིང་།གྲོགས་མེད་ཁེར་རྐྱང་གི་ཚོར་བ་དང་རང་གི་རིན་ཐང་ལ་གདེང་ཚོད་བྲལ་བའི་བློ་འབྱུང་བཞིན་ཡོད་པ་མ་ཟད།ཐུན་མོང་གི་ར་བ་ལས་བརྒལ་ཏེ་ཚུལ་དང་འགལ་བའི་སྤྱོད་ལམ་སྣ་ཚོགས་སྟོན་གྱི་ཡོད།འདི་ལྟ་བུའི་གནད་ལ་དམིགས་ནས༢༠༠༨ལོར་རྒྱལ་ཁབ་སློབ་གསོ་པུའུ་ནས“བཟང་གསུམ་སློབ་མ”འདེམ་མི་ཆོག་པ་ཁྱབ་བསྒྲགས་བྱས་པ་རེད།

  ༤ སློབ་མའི་སེམས་ཁམས་དབྱེ་ཞིབ་ལ་མཐོང་ཆེན་མི་བྱེད་པ།

  ང་ཚོའི་སྒྲིག་ལམ་དོ་དམ་པ་དང་འཛིན་བདག་ཕལ་ཆེ་བས་སློབ་མའི་གནད་དོན་ཆེ་ཕྲ་ཀུན་ལ་ཐག་གཅོད་བྱེད་སྐབས་སློབ་མའི་སེམས་ཁམས་ཀྱི་འཚར་ལོངས་བརྒྱུད་རིམ་དང་འབྲེལ་བ་ཡོད་པའི་དོན་དག་གི་རྒྱུ་རྐྱེན་སོགས་ལ་དབྱེ་ཞིབ་མི་བྱེད་པར།ཐད་ཀར་དུ་རྡུང་བ་དང་ཕྱིར་བརྫངས་པ།ཡང་ན།ཅིག་དང་ཉིག་གི་ཆད་པ་ཞེས་དངུལ་ཆད་གཅོད་པ་སོགས་དམིགས་ཡུལ་མི་གསལ་ཞིང་ཐབས་ཀྱིས་དབུལ་བའི་སློབ་གསོ་གཉེར་བས།བདག་གི་འདུ་ཤེས་འཕེལ་ཞིང་དང་ལེན་གྱི་བློ་ཁ་དམའ་བའི་སློབ་མར་མཚོན་ན་ནོངས་འགྱོད་དང་ངོས་ལེན་གྱིས་རང་གཅུན་རང་བདག་གི་བློ་སྐྱེ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་མེ་ཐོག་ལ་སྣུམ་གྱི་རྗེས་སུ་སོང་ནས་བསམ་ཡུལ་ལས་འདས་པའི་དོན་དག་བཟོ་བཞིན་ཡོད།སྤྱིར་ན་ལུས་ཆད་དང་དངུལ་ཆད་གཅོད་རྒྱུ་ནི་སྲིད་ཁྲིམས་འཛིན་པའི་སྡེ་ཁག་ན་སྤྱོད་པ་ལས་སློབ་གསོའི་སྟེང་དུ་སྤྱོད་པ་ནི་བཅའ་ཁྲིམས་ཀྱི་རྟེན་ཁུངས་དང་བྲལ་བ་ཞིག་རེད།ལྷག་པར་དུ་ངེས་དགོས་པ་ཞིག་ལ།ན་གཞོན་དང་གཞོན་ནུའི་གནས་སྐབས་ནི་བྱིས་པ་དང་དར་མ་གཉིས་ཀའི་ཆོས་ཅན་ཏེ།གཞན་བརྟེན་དང་རང་རྐྱ་འཕེར་བའི་རྣམ་པ་འདྲ་འདྲེས་སུ་ཡོད་པས།དཔེར་ན།སེམས་ཁམས་དམ་པའི་ཆ་ཅན་དང་ལྷོད་པའི་ཆ་ཅན།ཆགས་སྡང་མི་བརྟན་ཞིང་བྱ་སྤྱོད་འགྱུར་སྐྱེན་པ།རིག་པ་སྐྲ་རྩེར་སོན་པ།བདག་གི་འདུ་ཤེས་འཕེལ་མྱུར་བ་སོགས་སེམས་ཁམས་སྣེ་མང་རྙོག་འཛིང་གི་གནས་སྐབས་ཤིག་ཡིན་པ་དེ་རེད་ལ།ང་ཚོས“དགེ་རྒན་དང་སློབ་མའི་འབྲེལ་བ་དེ་ཡང་སློབ་གྲྭའི་སྒྲིག་ལམ་དང་འགྲོ་ཕྱོགས་ཙམ་པོ་བའི་གནད་དེ་མ་ཡིན་པ”⑤ཡང་ཤེས་དགོས།

  གསུམ། སྤྱི་ཚོགས་ཀྱི་རྒྱུ་རྐྱེན།

  ༡ དུས་རབས་ཀྱི་འགོག་མེད་ཐོན་དངོས་ཀྱིས་རྐྱེན་བྱས་པ།

  དུས་ཀྱི་འགྱུར་བ་དང་བསྟུན་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་དངོས་སུ་བརྡ་འཕྲིན་གྱི་ཡོ་བྱད་སྣ་ཚོགས་དར་ཞིང་།རིག་གནས་འཛད་སྤྱོད་ཀྱི་གོ་རིམ་དུ་སློབ་མ་ཚོར་དྲ་བྲིད་ཐེབས་ནས་དུས་ངེས་མེད་དུ་དེ་ལ་མགོ་འཁོར་བའི་གོམས་གཤིས་ངན་པ་ལོབས་པ་དང་།རྫས་ཀྱི་བཟའ་བཏུང་འདྲ་མིན་མང་པོ་སྤྱད་པས་ལུས་ཁམས་ལ་ངར་སྐྱེད་དེ་སྐྱེ་འཕེལ་མྱུར་བ་མ་ཟད།སློབ་ཆུང་ནས་མཐོ་འབྲིང་སོགས་སློབ་ཡུན་རིང་དུ་སོང་བ་སོགས་ཀྱིས་རྐྱེན་བྱས་ཏེ་དགའ་རོགས་སྒྲིག་རྒྱུ་སྔ་དྲགས་པའི་སྣང་ཚུལ་བྱུང་བ་རེད།སྤྱིར་བཏང་གི་དབང་དུ་ནི“ཚངས་སྤྱོད་ཀྱི་དཔལ་ཡོན་སྟོབས་ཆེ་རུ་སོང་དུས་མི་སྒེར་གྱི་ཚེ་སྲོག་གི་བདེ་ཐང་འཕེལ་རྒྱས་དང་འགུལ་སྐྱོད་ལ་གནོད་པ”⑥ཡོད་པར་བསྙད་ཀྱང་།ང་ཚོས་སློབ་གཉེར་གྱི་གནས་སྐབས་ལ་དམིགས་ནས་དེ་ལ་དེ་བསྟུན་གྱི་ཐབས་དམ་པ་རེ་འཚོལ་རྒྱུ་ནི་ཁ་བཤད་ལས་ལག་ལེན་མཁོ་བའི་གནས་ལུགས་རེད།

  ༢ གཙོ་རྒྱུགས་རིག་གནས་ཀྱི་རིན་ཐང་མ་ལག་སྤེལ་ཞན་པ།

  རང་རེའི་བོད་ལ་མཚོན་ན་ཐུབ་པའི་བསྟན་པ་གཙོ་བྱས་པའི་གཙོ་རྒྱུག་རིག་གནས་འཐུས་ཚང་ཕུན་སུམ་ཚོགས་པ་ཞིག་ཡོད་མོད།འོན་ཀྱང་།དེ་ལས་མངོན་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ།རིན་ཐང་གི་འཇོག་ལུགས་སོགས་མི་ཆོས་དང་སྦྱར་ནས་མང་ཚོགས་ནང་བརྒྱུད་སྒྲོག་དར་སྤེལ་བྱ་རྒྱུ་མ་འདང་བས་སྤྱི་ཚོགས་སུ་སྤྱོད་པ་འཆལ་བའི་མི་ཡ་མ་བརླ་མང་ཞིང་།དེ་བཞིན་སློབ་གྲྭའི་བསླབ་གཞི་རུ་ཡང་གཙོ་རྒྱུག་རིག་གནས་ཀྱི་ནང་དོན་ཉག་ཕྲ་བས་ཕ་མ་ངན་པའི་བུ་ཕྲུག་དང་དགེ་རྒན་ངན་པའི་དགེ་ཕྲུག་ཅེས་པ་ལྟར།སྤྱི་ཚོགས་ཀྱི་ཕྱོགས་ཆེ་ས་ནས་མ་འཇོན་སྟབས།སློབ་མ་ཚོ་ཡང་དལ་བའི་རྟེན་ལ་གཅེས་ཤིང་བསླབ་པ་དོན་དུ་གཉེར་བ་དང་།ལས་འབྲས་ལ་ཡིད་ཆེས་ཤིང་སྙིང་རྗེ་དང་ལྡན་པ།སྒེར་གྱི་ཁེ་ཕན་ལས་སྤྱི་སེམས་ཆེ་བ་སོགས་བོད་རང་རྐང་གི་མི་གཤིས་ཚད་ལྡན་ལས་ལྡོག་སྟེ།དོན་གཉེར་མེད་ཅིང་དམིགས་ཡུལ་བྲལ་བ།བརྩོན་པ་ཞན་ལ་སྒེར་སེམས་ཆེ་བ་སོགས་བསམ་སྤྱོད་ཕྱིན་ཅི་ལོག་པ་རྟ་མོག་མོག་གི་སྤུ་ལྟར་མང་དུ་མཐོང་།

  ༣ འཕྲལ་གྱི་རིན་ཐང་སྙེག་པ་ལས་སློབ་གསོ་གཙིགས་ཆེན་མི་བྱེད་པ།

  བོད་ཀྱི་སྤྱི་ཚོགས་ཧྲིལ་བོར་སློབ་གསོའི་འདུ་ཤེས་དམའ་ཞིང་།ལྷག་པར་དུ།པགས་རིགས་སྲེག་སྦྱོར་གྱི་ལས་འགུལ་ཡར་སྔོན་ལ་སྟག་གཟིག་སྲམ་གསུམ་གྱི་པགས་པས་གཙོས་པའི་རྒྱན་ཆ་ལ་དངུལ་འབོར་ཆེན་བཏང་བ་དང་།ད་ལྟ་གསེར་དངུལ་གཡུ་བྱུར་གྱི་འདོགས་ཆ་དང་རླངས་འཁོར།རྒྱུག་རྟ་སོགས་འགྲན་སྡུར་གྱི་ལས་ལ་འགྲོ་གྲོན་མང་པོ་བཏང་དང་གཏོང་བཞིན་པས་མཚོན་ཞིང་ཕྱུགས་ཀྱི་ཡོང་སྒོ་ཅུང་བཟང་བ་ཚོས་ཀྱང་དངུལ་མང་ཆེ་བ་འཚོ་བ་ལྷག་མའི་ཆར་བཀོལ་བ་ལས།ལོ་ཆུང་དག་གི་རིག་གནས་བློ་སྦྱོང་དང་འཇོན་ཐང་གསོ་སྐྱོང་གི་ཐད་ལ་དམིགས་ཡུལ་ཡོད་པའི་སྒོ་ནས་འགྲོ་གྲོན་རྒྱ་ཆེན་གཏོང་བ་ནི་རེ་འགའ་ཙམ་ལས་མེད་ཅིང་།འགའ་ཞིག་ནི་བུ་ཕྲུག་སློབ་གྲྭར་སྐྱེལ་རྒྱུ་དེ་ཡང་རྒྱལ་ཁབ་ཀྱི་སྒྲིག་ཙམ་དུ་འཁྲུལ་ནས་སློབ་སྦྱོང་གི་དགོས་ངེས་ཡོ་བྱད་སོགས་མཐུན་རྐྱེན་སྦྱར་རྒྱུ་ཕར་ཟད།ཉིན་རེའི་ལྟོ་བའི་གནད་དོན་ཡང་རྒྱལ་ཁབ་ལ་འཁེན་རྐྱང་བྱེད་མཁན་མང་པོ་འདུག དེར་བརྟེན།སློབ་མ་མང་པོ་ཞིག་ཁ་ཕྱོགས་སྟོར་བའི་ལྡོམ་པོ་དང་འདྲ་བར་ཉི་མ་འགྲོ་ཐབས་དང་ཐང་མ་སྐམ་ཐབས་བྱས་ནས་སྡོད་ཅིང་།ལ་ལ་ཞིག་ལྟོགས་ན་བརྐུ་དྲན་པའི་དཔེ་བཞིན་ཆ་རྐྱེན་གྱིས་དབུལ་ཏེ་ཐ་ན་གཞན་གྱི་བཟའ་བཏུང་དང་གྱོན་པ་ཡན་ཆད་ལ་འཇབ་བུས་བརྐུ་བའི་སྣང་ཚུལ་ཧ་ཅང་མང་།
  མདོར་ན།ལུས་ཅན་དག་གི་ནད་གསོ་བ་ལ་ཡང་།ལྟ་རེག་དྲི་གསུམ་སོགས་བརྒྱུད་ནས་ནད་ཀྱི་ངོ་བོ་དང་རྒྱུ་རྐྱེན་ངོས་འཛིན་གྱིས་གཉེན་པོ་ལ་བརྟེན་དགོས་པ་ལྟར།སློབ་མའི་ལུས་ངག་ཡིད་གསུམ་གྱི་སྐྱོན་བཅོས་ནས་ལེགས་ལམ་དུ་བཀྲི་བ་ལ་ཡང་ཐོག་མར་སྐྱོན་གྱི་རྒྱུ་བཙལ་བ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ།།


  མཆན།
  ①荣格的«荣格智慧集 »P263 中国电影出版社2006.1
  ②གཅན་རོང་བསྟན་འཛིན་གྱི«སློབ་གསོ་ལག་ལེན་རྣམ་བཤད»ཤོག་ངོས༡༧༥བ། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།༢༠༠༣ལོའི་ཟླ༡༢པར།
  ③沙拉的«特别狠心特别爱»P28 接力出版社2010.10
  ④«རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ»[ཕ]ཤོག་ངོས༢༠བ།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
  ⑤苏霍姆林斯基的«这样培养真正的人»P142 教育科技出版社2005.4
  ⑥弗洛伊德的« 弗洛伊德智慧集»P157 中国电影出版社2006.1
 


འབྲེལ་ཡོད་འོས་སྦྱོར།