ཁམས་འབའ་ཐང་བཙལ་བ་གྲོང་སྡེའི་དགེ་སློང་གྲགས་པ་རྣམ་གཉིས་ཀྱི་ལོ་རྒྱུས་རགས་བརྗོད།
དགེ་སློང་གྲགས་པ་རྣམ་གཉིས་ཞེས་པ་ནི་དགེ་སློང་བསྟན་འཛིན་གྲགས་པ་དང་དགེ་སློང་བསོད་ནམས་གྲགས་པ་གཉིས་ལ་གོ་དགོས། དམངས་ཁྲོད་ནང་དུ་ཁོང་རྣམ་གཉིས་ལ་"འཕོ་བ་བླ་མ" དང་"སེར་སྲུང་བླ་མ"ཞེས་ཡང་འབོད། ཁོང་རྣམ་གཉིས་བཙལ་བ་ལུང་པ་ལ་བྱས་རྗེས་ཧ་ཅང་ཆེན་་པོ་བཞག་ཡོད། དང་པོ་དགེ་སློང་བསྟན་འཛིན་གྲགས་པའི་ལོ་རྒྱུས་རགས་ཙམ་བརྗོད་རྒྱུ་ཡིན།
དམངས་ཁྲོད་ནང་དུ་ཆེས་གཅིག་འགྱུར་གྱི་བཤད་སྲོལ་ལྟར་ན། དགེ་སློང་བསྟན་འཛིན་གྲགས་པ་མཆོག་ནི་སྤྱི་ལོ་༡༨༦༧་ལོར་བཙལ་བ་བཙལ་སྨད་གཉའ་ཚང་སྐུ་འཁྲུངས་ཤིང་། ཆུང་དུས་ནས་སྐྱེས་ཆེན་དམ་པའི་ཁྱད་ཆོས་རང་རྟགས་སུ་མངའ་བ། ཡབ་ཡུམ་གཉིས་ཀྱི་མཚན་གསལ་པོ་ཤེས་མཁན་གཅིག་ཀྱང་མི་འདུག། ཁོང་ནི་སྐུ་ཤ་རྒྱག་པ་དང་རྣ་ཅོ་ཆེ་བ། སྐུ་གཟུགས་འབྲིང་ཙམ་ཞིག་ཡིན། ཁོང་ལ་སྲིང་མོ་གཅིག་དང་ཤ་ཉེ་གཅིག་ཡོད། ཁོ་ཚོ་ཁྱིམ་ལ་ཁྱོན་མིང་སྲིང་གསུམ་ཡོད། སྲིང་མོའི་མིང་ལ་ཚེ་སྒྲོལ་མ་ཟེར། ཤ་ཉེའི་མིང་ལ་སྐལ་བཟང་ཚེ་རིང་ཟེར། སྐལ་བཟང་ཚེ་རིང་རྗེས་མ་གསེར་རུ་ཕུགས་ཚང་ལ་མག་པ་བྱེད། ཁོའི་གཟའ་ཟླ་མིང་ལ་དབྱངས་ཅན་ཟེར།
དགེ་སློང་བསྟན་འཛིན་གྲགས་པ་དགུང་ལོ་བཅོ་ལྔར་ཕེབས་དུས(སྤྱི་ལོ་༡༨༨༢་ལོ)འབའ་ཆོས་སྡེ་དགོན་ལ་རབ་ཏུ་བྱུང་ཞིང་། དགུང་ལོ་ཉི་ཤུ་རྩ་ལྔར་ཕེབས་དུས་འབའ་ཆོས་སྡེ་དགོན་གྱི་གཉའ་ངོས་བླ་མ་དང་མཉམ་དུ་དབུས་ཕྱོགས་ཀྱི་ས་ཆ་ཞིག་ལ་འཕོ་བ་ཟང་ཐལ་སྒོམ་པ་སྦྱོང་སར་ཕེབས། དམངས་ཁྲོད་ནང་དུ་བཤད་སྲོལ་ལྟར་ན་ཁོ་རང་གཉའ་ངོས་བླ་མ་ལས་ཉིན་མ་བདུན་འཕོ་བ་སྒྲུབ་མགྱོགས་བ་རེད་ཞེས་ཟེར།
དགེ་སློང་བསྟན་འཛིན་གྲགས་པ་དགུང་ལོ་སུམ་ཅུ་སོ་ལྔར་ཕེབས་དུས་གནས་ཆེན་ཁ་བ་དཀར་པོ་ལ་གནས་བསྐོར་སོང་བ་རེད། ཁོང་དང་མཉམ་དུ་གནས་སྐོར་འགྲོ་མཁན་མི་གཉིས་ཡོད། ཁོ་གཉིས་ནི་བར་གྲོང་ཚང་གི་པད་སྒྲོན་དང་ཁང་གསར་ཞབས་མའི་བློ་བཟང་སྒྲོལ་མ་ཡིན། ཁོ་ཚོ་གསུམ་པོ་ཁ་བ་དཀར་པོ་ལ་མ་ཐོན་སྔོན་ཀོང་རྩེ་རྭ་བའི་ཀོང་འདས་དགོན་ལ་མཇལ་སོང་། ཁོ་ཚོ་དགོན་པ་ནང་ལ་ཐོན་མ་ཐག་ལི་ཐང་ཅི་ལི་སྤྲུལ་སྐུས(ལི་ཐང་ལ་ཅི་ལི་སྤྲུལ་སྐུ་ཞེས་པ་མི་འདུག། ཕལ་ཆེར་མི་ཉག་ཅི་ལི་སྤྲུལ་སྐུ་ཡིན་ས་རེད།)རྗེས་གནང་ཆོ་ག་སྒྲུབ་བཞིན་ཡོད། ཅི་ལི་སྤྲུལ་སྐུ་ཡིས་དགེ་སློང་བསྟན་འཛིན་གྲགས་པ་ཁོང་གི་བཞུགས་ཁྲིད་འགྲམ་ལ་བཞུགས་བཅུག། ཁོང་གིས་འདི་ལྟར་གསུངས། དེ་རིང་དགེ་སློང་བསྟན་འཛིན་གྲགས་པ་ཅུང་ཙམ་མགྱོགས་ན་དབང་སྒྲུབ་མཁན་དང་གནང་མཁན་ཚང་མ་ཁོ་རང་རེད། ཁོང་ནི་འཛམ་བྷ་ལྷའི་སྐྱེས་བ་རེད་ཞེས་གསུངས་མྱོང་། ཅི་ལི་སྤྲུལ་སྐུས་དབང་དེ་དགེ་སློང་གྲགས་པ་ལ་གནང་བཅུག
སྤྱི་ལོ༡༩༠༢ཡན་མན་འབའ་བརྒྱ་ཤོག་བརྒྱད་ལ་ཐན་པ་ཆེན་པོ་ཞིག་བྱུང་། འབའ་ལཱ་ཁ་བླ་མ་སྐུ་རབས་སྔོན་མ་ས་ཆ་མང་པོ་ལ་ཕེབས་ནས་ཆར་སློང་བྱེད། ལི་སྙུང་གི་ཀླད་མདོ་མཚོ་རྒས་ལ་ཕེབས་དུས་སྦྲུལ་དཀར་པོ་ཞིག་གུར་གྱི་ཆོན་ཐག་ལ་རང་སྲོག་བཅད་པ་དང་འཕྲོད་ནས་རྟེན་འབྲེལ་འགྲིག་མི་སོང་། ཁོང་དང་གྲྭ་པ་གཞན་དག་ཚང་ཕྱིར་དགོན་པ་ལ་ཕེབས།
ཉིན་ཞིག་ལཱ་ཁ་བླ་མ་འདང་འཇེས་རྩེད་ར་ལ་ཆར་སློང་བྱེད་སར་ཕེབས་དུས་ལམ་བར་དུ་མི་ཞིག་དང་འཕྲོད། ལཱ་ཁ་བླ་མ་མི་དེ་ལ་སྐད་ཆ་འདྲི། ཁྱེད་ཀྱི་ཕ་ཡུལ་ག་རེད། མིང་ཅི་བཏགས། མི་དེ་འདི་ལྟར་ལན་འདེབས་ང་ནི་སྐམ་འབྲོག་བ་ཡིན། མིང་ལ་སྐམ་ཆུ་མགོན་པོ་ཟེར། རིན་པོ་ཆེས་ཁོང་གི་ལན་ཐོས་མ་ཐག་ཁོང་ཁྲོ་ལངས་སོང་། ཁོང་གིས་དེ་རིང་རྟེན་འབྲེལ་བཟང་མ་སོང་གསུངས། ང་ཚོ་ཆར་སློང་བྱེད་ས་འགྲོ་ཁོང་གི་མིང་དང་ཕ་ཡུལ་གཉིས་ནི་སྐམ་པོ་དང་འབྲེལ་བ་ཡོད་པས་ཚང་མ་ཕྱིར་དགོན་པ་ལ་ལོག
འབའ་ལཱ་ཁ་བླ་མའི་ཐུགས་ལ་བཙལ་བ་དགེ་སློང་བསྟན་འཛིན་གྲགས་པ་ལ་ཐབས་ཤེས་ཤིག་ཡོད་སྲིད་སྙམ། རྒྱུ་མཚན་ནི་རིན་པོ་ཆེ་དགུང་ལོ་ཆུང་ཆུང་སྐབས་སུ་དགེ་སློང་བསྟན་འཛིན་གྲགས་པ་ལ་འཕོ་བ་བཏབ་བཅུག་མྱོང་། ཁོང་དགུང་ལོ་ཆུང་དུས་དགེ་སློང་བསྟན་འཛིན་གྲགས་པ་ལ་ཤིང་སྡོམ་ཐོག་གི་བྱིའུ་ལ་འཕོ་བ་བཏབ་ནས་ཐང་ལ་ལྷུང་དུ་བཅུག། ཡང་དགེ་སློང་བསྟན་འཛིན་གྲགས་པ་ལ་ཕྱིར་ཤིང་སྡོམ་རྩེར་མངགས་བཅུག། ཁོང་རང་གིས་མི་ཁ་ཤས་མངགས་ནས་བཙལ་བ་ལ་དགེ་སློང་བསྟན་འཛིན་གྲགས་པ་གདན་འདྲེན་ཞུ།
དགེ་སློང་བསྟན་འཛིན་གྲགས་པས་ལཱ་ཁ་བླ་མ་ལ་འདི་ལྟར་གསུངས། བླ་མས་ཐེངས་མ་མང་པོ་ཆར་སློང་བྱེད་ནས་ཆར་པ་མི་འབབ་ན་ང་དགེ་སློང་དཀྱུས་མ་ཞིག་གིས་ཆར་སློང་ག་ལ་ཕན། ལཱ་ཁ་བླ་མས་ང་ལ་ཐབས་ཅི་ཡང་མི་འདུག། ད་དེ་རིང་འབའ་སྡེ་མངའ་རི་ཞིང་ཁམས་ལ་ཁྱེད་མ་གཏོགས་ཆར་སློང་ཐུབ་མཁན་མེད་ཞེས་གསུངས། དེ་ནི་དགེ་སློང་བསྟན་འཛིན་གྲགས་པས་འབའ་གཞུང་ཐོག་ལ་སྦྱིན་སྲེག་ཆོ་ག་སྒྲུབ། སྦྱིན་སྲེག་གནང་བའི་སྐབས་སུ་དུ་བ་ཚང་མ་ལཱ་ཁ་བླ་མའི་ཕྱོགས་སུ་འཁོར། དགེ་སློང་བསྟན་འཛིན་གྲགས་པ་རྡོ་རྗེ་དང་དྲིལ་བུ་གཉིས་ཀྱིས་དུ་བ་ཚང་མ་ཁྲིད་ནས་ནམ་མཁའ་ལ་ཡར་མངགས། ལཱ་ཁ་བླ་མ་དང་མི་སེར་ཚང་མས་ཁོང་ལ་ཧ་ལས་སོང་། སྦྱིན་སྲེག་ཆོ་ག་སྒྲུབ་ཚར་མ་ཐག་གནམ་ནག་ནས་འབྲུག་གྲགས་བ། ལཱ་ཁ་བླ་མ་དང་དགེ་སློང་གྲགས་པ་གཉིས་འབའ་ཆོས་སྡེ་དགོན་མ་སླེབས་སྔོན་ན་བཟའ་ཚང་མ་རླན་པ་འགྱུར་སོང་། རྗེས་མ་ཆར་པ་འབབ་ཆེ་ནས་ཆུ་ལོག་བྱུང་བ་རེད། ཡང་དགེ་སློང་བསྟན་འཛིན་གྲགས་པ་གདན་ནས་སྦྱིན་སྲེག་ཆོ་ག་སྒྲུབ་བ་རེད་ཞེས་བཤད་སྲོལ་ཡོད། ཁོང་ནི་བཙལ་གྲོང་སྡེ་སེར་སྲུང་བླ་མ་ཡང་ཡིན། དགེ་སློང་བསྟན་འཛིན་གྲགས་པ་འབྲས་སྤུངས་བློ་གསལ་གླིང་གོ་བོ་ཁང་ཚན་སློབ་གཉེར་ལོ་མང་བྱེད་མྱོང་། དགེ་སློང་བསྟན་འཛིན་གྲགས་པ་སྤྱི་ལོ་༡༩༤༠་ལོ་ལ་འདས་སོང་། གཉིས་པ་བཙལ་བ་དགེ་སློང་བསོད་ནམས་གྲགས་པ་ལོ་རྒྱུས་རགས་ཙམ་བརྗོད་བ།
བཙལ་བ་དགེ་སློང་བསོད་ནམས་གྲགས་པ་མཆོག་ནི་སྤྱི་ལོ༡༩༢༩་ལོར་ཡབ་ཚུལ་ཁྲིམས་དང་ཡུམ་ཨ་ཆེན་གཉིས་ཀྱི་སྲས་སུ་བཙལ་བ་བདེ་ཆེན་ཚང་ལ་སྐུ་འཁྲུངས། ཁོང་ལ་ཤ་ཉེ་གཅིག་དང་སྲིང་མོ་གཉིས་ཡོད། ཤ་ཉེ་མིང་ལ་རྟ་མགྲིན་ཟེར། སྲིང་མོ་གཅིག་གི་མིང་ལ་ལྷ་སྒྲོན་དང་གཅིག་གི་མིང་ལ་ཨ་སྐར་སྒྲོལ་མ་ཟེར།
སྤྱི་ལོ༡༩༣༠་ནས༡༩༣༦་ལོར་ཁོང་འབྲས་སྤུངས་བློ་གསལ་གླིང་གོ་བོ་ཁང་ཚན་གྱི་བླ་མ་འོད་ཟེར་གྱི་སྐུ་མདུན་ནས་མཚན་ཉིད་གཙོས་པའི་གཞུང་ལུགས་མང་པོ་ལ་སློབ་གཉེར་མཛད།
སྤྱི་ལོ༡༩༥༡་ལོར་འབའ་ཆོས་སྡེ་དགོན་འཇོལ་བླ་མ་བློ་བཟང་ཡེ་ཤེས་དང་མཉམ་དུ་དབུས་གཙང་ལྷ་ལྡན་ཞིང་དུ་ཕེབས་ཏེ་འབྲས་སྤུངས་དགོན་ལ་ལམ་རིམ་བླ་མའི་ཆོས་ཞུ།
ལོ་དེའི་ཟླ་དགུ་བའི་ཚེས་བཅོ་ལྔའི་ཉིན་འཇོལ་བླ་རིན་པོ་ཆེ་དང་མཉམ་དུ་འདན་མ་བློ་ཆོས་རིན་པོ་ཆེའི་སྐུ་མདུན་ནས་དགེ་ཚུལ་དང་དགེ་སློང་སྡོམ་པ་ལྷན་གཅིག་ཏུ་ཞུ། དེ་ནས་བཟུང་འཇོལ་བླ་རིན་པོ་ཆེ་དང་མཉམ་དུ་འབྲས་སྤུངས་དགོན་དུ་བླ་ཆེན་དུ་མའི་བཀའ་ཆོས་ཟླ་བ་བཞི་ཙམ་གསན།
རིག་གནས་གསར་བརྗེ་བའི་སྐབས་སུ་ནང་ཆོས་མཉམ་ལེན་མི་ཆོག་པས་དགེ་སློང་བསོད་ནམས་གྲགས་པ་བ་ཚགས་ཞེས་པའི་ཐང་གཅིག་ལ་ཞིང་སྲུང་ཕེབས། ཉིན་མོ་ཞིང་སྲུང་། མཚན་མོ་བ་ཚགས་ཀྱི་བྲག་ཕུགས་ནང་དུ་ཚངས་བཞུགས།
ཉིན་ཞིག་འགྲུལ་པ་ཁ་ཤས་ཁོང་གི་སར་ཇ་འཐུང་འགྲོ། འགྲུལ་པ་དེ་ཚོ་དགེ་སློང་བསོད་ནམས་གྲགས་པ་གྲྭ་པ་ཞིག་ཡིན་པ་ཧ་མི་གོ། ཁོང་ཡང་ང་གྲྭ་པ་ཞིག་ཡིན་ཞེས་གསུངས་མི་ཕོད། དེ་དུས་ཐ་ན་མཎི་འདོན་མི་ཆོག་པའི་དུས་རེད། ཁོང་ལ་འདི་ལྟར་འདྲི། ཁྱེད་རང་ལོ་ཕལ་ཆེར་རྒས་པོ་རེད། རྒས་མོ་མེད་རྒྱུ་མཚན་ཅི་རེད། ཁོང་གིས་ཀུ་རེ་ངང་ནས་ལན་དེ་འདྲ་ཞིག་འདེབས། ཕར་དགའ་རོགས་ལོ་ངས་མི་རག། ཚུར་དགའ་རོགས་ལོ་ངས་མི་འགུ། དེ་འདྲ་བྱེད་ནས་ལྷག་སོང་ཞེས་གསུངས།
ཆོས་སྒོ་ཕྱེ་ནས་བཟུང་དགེ་སློང་བསོད་ནམས་གྲགས་པ་བཙལ་བ་གྲོང་སྡེ་ནང་ལ་ཞབས་བརྟེན་སྒྲུབ་རྒྱུ་དང་སེར་བ་སྲུང་རྒྱུའི་འགན་གཙང་མ་འཁུར། བཙལ་བ་ལྷ་ཁང་དུ་བཞུགས་ནས་ལྷ་ཁང་ནང་དུ་སྤོས་ཡོན་ཆབ་ཚང་མ་ཁོང་གིས་འཕུལ། ཁོང་ལ་ཆེས་དགའ་བའི་བྱི་ལ་གཉིས་ཡོད།
སྤྱི་ལོ༡༩༨༩་ལོར་འབའ་ཆོས་སྡེ་དགོན་གྱི་ལོ་གསུམ་དགེ་སྐོས་བཞུགས། བཙལ་བ་སེར་སྲུང་བླ་མ་བཞུགས་ཡུན་རིང་བ་དེ་ཡིན། བཙལ་བ་སེར་སྲུང་བླ་མ་ཚོ་ནི་དགེ་སློང་བསྟན་འཛིན་གྲགས་པ། རྒྱ་སྤུངས་ཚང་དགེ་སློང་དབང་ལྡན། རི་གྲོང་ཚང་དགེ་སློང་རིག་སྤུངས། བཙལ་སྟོད་ཚང་དགེ་སློང་བསྟན་འཛིན་བཀྲ་ཤིས། བཙལ་བ་ཞབས་དྲུངས་ཚང་དགེ་སློང་སྟོབས་རྒྱས། བདེ་ཆེན་ཚང་དགེ་སློང་བསོད་ནམས་གྲགས་པ། རི་གྲོང་ཚང་དགེ་སློང་ཚེ་བསྟན་བཅས་ཡིན།
བཙལ་བ་དགེ་སློང་གྲགས་པ་རྣམ་གཉིས་ནི་དམངས་ལ་བྱམས་པ་དང་ལུང་པ་ནང་དུ་མཛད་རྗེས་དཔག་མེད་འཇོག་མྱོང་བའི་མཁས་ཆེན་གཉིས་ཡིན་ཡང་ཡིན། བཙལ་བ་གྲོང་སྡེའི་སེར་སྐྱ་ཡོད་དོ་ཅོག་གིས་ཁོང་རྣམ་གཉིས་ལ་རྗེས་སུ་ཡིད་རང་ཡོད།