logo

སྒྱུ་རྩལ་རིག་པའི་ཐོག་མའི་གླེང་བརྗོད་ཅེས་བྱ་བ།

རྩོམ་པ་པོ།:རིག་ཚན་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-06-09 ཀློག་གྲངས།:

  སྒྲ་ཡངས་འཇུག་གི་སྒོ་ནས་བརྗོད་ན།  སྒྱུ་རྩལ་ལ་སྐད་ཆའི་སྒྱུ་རྩལ་དུ་གྱུར་བའི་རྩོམ་ རིག་འདུས་ཡོད་ལ།  སྒྲ་དོག་འཇུག་གི་སྒོ་ནས་བརྗོད་ན།  སྒྱུ་རྩལ་ནི་རྩོམ་རིག་ཕུད་པའི་སྒྱུ་ རྩལ་གྱི་རྣམ་གྲངས་གཞན་དག་ལ་དམིགས་སུ་བསྟན་པའོ། །  དེ་བཞིན་རྩོམ་རིག་དང་སྒྱུ་རྩལ ་མཉམ་དུ་སྦྱར་བ་ལ་བསྡུས་ཏེ་སྒྱུ་རྩོམ་དུ་འབོད།  འདིར་སྒྲ་ཡངས་འཇུག་གི་སྒོ་ནས་བཤད ་པར་བྱ་སྟེ།    སྒྱུ་རྩལ་ལ་ནི་དངོས་སྤྱོད་སྒྱུ་རྩལ༼བཟོ་སྐྲུན།  དགའ་ཚལ།  བཟོ་བཀོད་མཛེས་རྩལ།  དེང་རབས་ཇུས་འགོད་སོགས༽དབྱིབས་བཟོ་སྒྱུ་རྩལ༼རི་མོ།  འཇིམ་རྐོས།   པར་ལེན།  ཡིག་གཟུགས་སྒྱུ་རྩལ་སོགས༽བཟོ་ལྟའི་སྒྱུ་རྩལ༼རོལ་དབྱངས། ཞབས་བྲོ༽སྣ་འཛོམས་སྒྱུ་རྩལ༼ཟློས་གར།  དབྱངས་གར།  གློག་བརྙན།  བརྙན་འཕྲིན་སྒྱུ་རྩལ་སོགས༽ སྐད་ཆའི་སྒྱུ་རྩལ༼སྙན་ངག  ལྷུག་རྩོམ།  བརྩམས་སྒྲུང་སོགས༽དེ་བཞིན་རྩལ་རྩེད་སྣ་ཚོགས་དང་གཞས་མ་གཏམ།  ཤིང་བཟོས་འདྲ་གཟུགས་དང་སྒྲོན་བརྙན་སོགས་ལོ་རྒྱུས་ཀྱི་རྒྱུན་རིང་བའི་མི་ རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་དག་འདུའོ། ། 
  གདོད་མའི་སྒྱུ་རྩལ་ནས་རྩིས་ན་ནི།  འགྲོ་བ་མིའི་སྒྱུ་རྩལ་གྱི་བྱ་བར་ལོ་ངོ་ཁྲི་ཕྲག་དུ་ མའི་ལོ་རྒྱུས་ཡོད་ལ།  འགྲོ་བ་མིའི་སྒྱུ་རྩལ་གྱི་ལོ་རྒྱུས་ནི་རིག་གནས་ཀྱི་ལོ་རྒྱུས་ཇི་བཞིན་ གནའ་སྔ་མོའི་དུས་ནས་བྱུང་བ་རེད་ཅེས་བརྗོད་ཆོག  དེ་ལྟ་ནའང་སྒྱུ་རྩལ་རིག་པ་ནི་དུས་ རབས་བཅུ་དགུ་བའི་དུས་མཇུག་ཏུ་ད་གཟོད་རིམ་གྱིས་གྲུབ་པ་ཡིན། རྒྱལ་ཁབ་ཕྱི་ནང་གི ་ལོ་རྒྱུས་སྟེང་དུས་སྔ་མོ་ཞིག་ནས་སྒྱུ་རྩལ་གྱི་གཞུང་ལུགས་འབོར་ཆེན་ཡོད་ལ།  སྒྱུ་རྩལ་གྱི་ རྣམ་གྲངས་སོ་སོར་ཤིན་ཏུ་ནས་ཀྱང་ཕུན་སུམ་ཚོགས་པའི་གཞུང་ལུགས་དཔྱད་འབྲས་ཡོད་ནའང་།  དུས་རབས་ཀྱི་ཚད་བཀག་གི་སྟབས་ཀྱིས་དེང་གི་མཚན་ཉིད་ཚང་བའི་སྒྱུ་རྩལ་ རིག་པའི་ཚན་རིག་གི་མ་ལག་ཅིག་ཆགས་ཐུབ་མེད།  དུས་རབས་བཅུ་དགུ་བའི་དུས་མཇུག་ཏུ་སླེབས་པ་ན།  འཇར་མན་གྱི་མཁས་མཆོག་ཁང་ལ་དྷི·ཧྥེ་དྷི་ལི༼༡༨༤༡—༡༨༩༥༽ ཡིས་མཛེས་རིག་དང་སྒྱུ་རྩལ་རིག་པ་གཉིས་མཐའ་གཅིག་ཏུ་སོ་སོར་ཕྱེ་དགོས་པར་བཞེད་ལ།  དེ་གཉི་ག་སོ་སོར་བསྣོལ་ཅིང་ཁེར་ཚུགས་ཀྱི་རིག་ཚན་ཞིག་ཡིན་འོས་པར་དགོངས།  དེ་ཡིས་ནི་སྒྱུ་རྩལ་རིག་པ་གཞི་ནས་ཁེར་ཚུགས་སུ་ཆགས་པ་མཚོན་ལ།  དེའི་སྟོབས་ཀྱིས་ཧྥེ་དྷི་ལི་ནི༼སྒྱུ་རྩལ་རིག་པའི་ཕ་ཡབ༽ཏུ་བཀུར།  ཁོང་གི་རྗེས་སུ་འཇར་མན་གྱི་མཁས་པའི་དབང་བོ་ གྷི་རོ་སེ༼༡༨༦༢—༡༩༢༧༽མཆོག་གིས་བརྟག་ཐབས་སྨྲ་བའི་རྣམ་གཞག་གི་སྟེང་ནས་སྒྱུ་ རྩལ་ཚན་རིག་འཛུགས་པ་གཙིགས་སུ་འཛིན་ལ།  ཁོང་གི༼སྒྱུ་རྩལ་གྱི་འབྱུང་ཁུངས༽ཞེས་པ་ ནི་སྒྱུ་རྩལ་སྤྱི་ཚོགས་རིག་པའི་གསུང་རྩོམ་གལ་ཆེན་གྱི་གྲས་ཡིན།  གཞན་ཡང་འཇར་མན་གྱི ་མཁས་དབང་དྷིས་སོ་ཝ༼༡༨༦༧—༡༩༤༧༽མཆོག་དང་ཝུའུ་ཐིས་ཙི༼༡༨༨༣—༡༩༦༥༽རྣམ་གཉིས་ཀྱིས་ནི་དེ་བས་ཀྱང་ཤུགས་ཆེན་པོས་སྤྱིར་བཏང་སྒྱུ་རྩལ་རིག་པའི་ཞིབ་འཇུག་དར་སྤེལ་བཏང་ནས་སྒྱུ་རྩལ་རིག་པའི་རིག་ཚན་གྱི་གོ་གནས་གཏན་ཆགས་སུ་མཛད།  དུས་ རབས་ཉི་ཤུའི་ལོ་རབས་ཉི་ཤུ་སུམ་ཅུ་བར།  ཉི་ཧོང་དང་སུའུ་ལེན་སོགས་རྒྱལ་ཁབ་དུ་མས་ ཀྱང་སྔ་རྗེས་སུ་སྒྱུ་རྩལ་རིག་པར་ཞིབ་འཇུག་དང་དཔྱད་གླེང་བྱེད་འགོ་ཚུགས་ལ།  རང་རྒྱལ་ལ་མཚོན་ནའང་སྒྱུ་རྩལ་རིག་པའི་སྐོར་གྱི་འགྱུར་རྩོམ་དང་གསུང་རྩོམ་འགའ་རེ་བྱུང་མྱོང་ བར་མ་ཟད།  སྒྱུ་རྩལ་རིག་པར་ཞིབ་འཇུག་བྱེད་པ་དེ་སྔར་བས་རྒྱ་ཆེ་ཞིང་གཏིང་ཟབ་པར་གྱུར།  སྒོས་སུ་ཉེ་བའི་ལོ་བཅུ་ཕྲག་འགའི་རིང་ལ།  སྒྱུ་རྩལ་རིག་པ་དེ་འཛམ་གླིང་གི་རྒྱལ་ཁབ ་སོ་སོར་འཕེལ་རྒྱས་ཅུང་ཆེན་པོ་ཞིག་བྱུང་མྱོང་བར་མ་ཟད།  ལྷག་པར་དུ་དར་རྒྱས་ཆེ་བའི་ རྒྱལ་ཁབ་ཀྱི་སྣ་འཛོམས་རང་བཞིན་གྱི་སློབ་ཆེན་ཕལ་མོ་ཆེ་རུ་སྒྱུ་རྩལ་སློབ་གླིང་སྣ་ཚོགས་ བཙུགས་ཡོད།  དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་།  རང་རྒྱལ་མཐོ་རིམ་ སློབ་གྲྭའི་སྒྱུ་རྩལ་སློབ་གསོ་ལའང་འཕེལ་རྒྱས་ཆེན་པོ་བྱུང་ཡོད།  དེ་ལྟ་ནའང་།  རྩོམ་རིག་ཞིབ་འཇུག་དང་སྒྱུ་རྩལ་གྱི་རིགས་གཞན་དག་གི་ཞིབ་འཇུག་དང་བསྡུར་ན།  ཐུན་མོང་བའི་ སྒྱུ་རྩལ་རིག་པའི་ཞིབ་འཇུག་དེ་སྔར་བཞིན་ཉམ་ང་ཞིང་ཉག་ཕྲ་བར་ལུས་ཡོད་ལ།  ལྷག་ པར་དུ་ཀྲུང་ཧྭ་མི་རིགས་ཀྱི་སྒྱུ་རྩལ་ཉིང་བཅུད་གཏིང་ཟབ་ཏུ་ཇི་ལྟར་སྔོག་པ་དང་།  འཛམ་ གླིང་གི་རྒྱལ་ཁབ་སོ་སོའི་སྒྱུ་རྩལ་རིག་པའི་ཞིབ་འཇུག་གི་ཕུལ་བྱུང་དཔྱད་འབྲས་ལ་རྒྱ་ཁྱབ་ཏུ་དཔེ་ལྟ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཅིང་། དཀའ་ཚེགས་ཆེ་བའི་ལས་གཞི་རྒྱ་ཆེན་པོ་ཞིག་རེད། 
  སྤྱིར་བཤད་ན།  སྒྱུ་རྩལ་རིག་པར་སྒྱུ་རྩལ་གཞུང་ལུགས་དང་སྒྱུ་རྩལ་དཔྱད་བརྗོད།  སྒྱུ་ རྩལ་ལོ་རྒྱུས་བཅས་འདུ་ཞིང་།  དེ་བཞིན་དུ་ཐུན་མོང་བའི་སྒྱུ་རྩལ་རིག་པས་སྒྱུ་རྩལ་མཐའ་ དག་ཞིབ་འཇུག་བྱ་ཡུལ་དུ་འཛིན་ལ།  དེར་རོལ་དབྱངས་རིག་པ་དང་།  བྲོ་གར་རིག་པ།  ཟློས་གར་རིག་པ།  གློག་བརྙན་རིག་པ།  མཛེས་རྩལ་རིག་པ་སོགས་སྒྱུ་རྩལ་རིག་ཚན་བྱེ་བྲག་ པ་མང་པོ་འདུས་ཡོད།  དེ་མིན་དུས་རབས་ཀྱི་འཕེལ་རྒྱས་དང་ཞིབ་འཇུག་གཏིང་ཟབ་ཏུ་ ཕྱིན་པ་དང་མཉམ་དུ།  སྒྱུ་རྩལ་རིག་པར་ཡན་ལག་ཏུ་གྱུར་བའི་རིག་ཚན་མང་པོ་ཟམ་མི་ ཆད་འབྱུང་གིན་ཡོད་དེ།  དཔེར་ན།  སྒྱུ་རྩལ་སྤྱི་ཚོགས་རིག་པ།  སྒྱུ་རྩལ་མིའི་རིགས་རིག་པ།  སྒྱུ་རྩལ་སེམས་ཁམས་རིག་པ།  སྒྱུ་རྩལ་རིག་གནས་རིག་པ།  སྒྱུ་རྩལ་སློབ་གསོ་རིག་པ།  སྒྱུ་རྩལ་དོ་དམ་རིག་པ།  སྒྱུ་རྩལ་བརྡ་རྟགས་རིག་པ།  སྒྱུ་རྩལ་བསམ་གཞིགས་རིག་པ་སོགས་སོ།།
  དེབ་འདིར་སྒྱུ་རྩལ་རིག་པའི་ཆེས་རྩ་བར་གྱུར་བའི་རིགས་པ་འགའ་སྟེ།  གཙོ་ཆེར་སྒྱུ་རྩལ་གྱི ་སྤྱིར་བཏང་གི་ཆོས་ཉིད་དང།  སྒྱུ་རྩལ་གྱི་གསར་རྩོམ་དང་བརྩམས་ཆོས།  མྱོང་རོལ།  དེ་ བཞིན་སྒྱུ་རྩལ་གྱི་རིགས་སོ་སོའི་རྩ་བའི་ཁྱད་ཆོས་སོགས་གཙིགས་སུ་བཟུང་ནས་བསྟན་ཡོད། 
  དེབ་འདིའི་ཁྱད་ཆོས་ནི་མཛེས་རིག་དང་རིག་གནས་རིག་པའི་མཐོང་སྣེ་སྤྱད་དེ་སྒྱུ་ རྩལ་ལ་ཅི་ནུས་ཀྱིས་ཞིབ་འཇུག་བྱས་ཡོད།  གལ་སྲིད་མཚན་ཉིད་རིག་པས་འགྲོ་བ་མིའི་རྗེས ་དཔག་ངོས་འཛིན་གྱི་ཆེས་ཚད་མཐོ་བའི་རྣམ་པ་མཚོན་ན།  དེས་ན་སྒྱུ་རྩལ་གྱིས་ནི་འགྲོ་བ་ མིའི་མངོན་སུམ་ངོས་འཛིན་གྱི་ཆེས་ཚད་མཐོ་བའི་རྣམ་པ་མཚོན་ཡོད།  དེ་གཉིས་ནི་འགྲོ་བ ་མིའི་ནང་བསམ་པའི་ཁམས་ཀྱི་རྩེ་མོ་གཉིས་ཡིན་ལ།  དེ་གཉིས་སྦྲེལ་བྱེད་ཀྱི་གསེར་ཟམ་ལྟ་ བུ་ནི་མཛེས་རིག་གོ། །  ཧེ་ཀེལ་གྱིས་ཀྱང་མཛེས་རིག་ལ༼སྒྱུ་རྩལ་མཚན་ཉིད་རིག་པ༽ཞེས་ འབོད་དོན་ཡང་དེ་ལ་དམིགས་པའོ། །  དེང་རབས་ནུབ་ཕྱོགས་རིག་གཞུང་སྨྲ་བའི་སྡེས་ནི་ རིག་གནས་རིག་པའི་མཐོང་སྣེ་སྤྱད་དེ་སྒྱུ་རྩལ་གྱི་སྣང་ཚུལ་དང་རིགས་བྱེ་བྲག་པར་ཞིབ་འཇུག་བྱེད་པ་གཙིགས་སུ་འཛིན་ལ།  ཁྱད་པར་དུ་དུས་རབས་ཉི་ཤུ་བའི་དུས་མཇུག་གི་ནུབ་ ཕྱོགས་རིག་རྩལ་གཞུང་ལུགས་ནི་མི་རིག་སྤྱི་ཚོགས་ཚན་རིག་གཞན་དག་དང་མཉམ་དུ་རིག་གཞུང་གི་མདུན་གྲལ་དུ་འཕེལ་ཏེ་སྔར་ལས་ཡངས་པའི་རིག་གནས་ཀྱི་མིག་དབང་འཛོམས་ཡོད།  ཀྲུང་གོའི་སྒྱུ་རྩལ་ནི་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྲོད་དུ་གཞི་བརྟན་པོ་ ཚུགས་ཤིང་།  དུས་རབས་རིམ་བྱོན་གྱི་ཕུལ་དུ་བྱུང་བའི་སྒྱུ་རྩལ་བ་དང་། ཉམས་པ་མེད་ པའི་སྒྱུ་རྩལ་བརྩམས་ཆོས་བགྲང་ལས་འདས་པ་ལ་ང་ཚོས་རིག་གནས་རིག་པའི་མཐོང་སྣེ་ སྤྱད་དེ་གཟབ་ནན་གྱིས་སྔོག་འདོན་དང་ཞིབ་འཇུག་བགྱི་དགོས། 

  མཆན།  སྒྱུ་རྩལ་རིག་པའི་ཐོག་མའི་གླེང་བརྗོད་ཅེས་བྱ་བ་འདི་ནི་སྒྱུ་རྩལ་རིག་པའི་གཞུང་ ལུགས་སྨྲ་བ་ཕུན་ཅིས་ཞང་མཆོག་གིས་མཛད་པའི་སྒྱུ་རྩལ་རིག་པ་སྤྱི་བཤད(彭吉象.艺术学概论.北京大学)ཅེས་པའི་སྔོན་དུ་འགྲོ་བའི་གཏམ་ཅུང་ཟད་བཅོས་ཏེ་བསྒྱུར་བ་ལ་འདིས་ ཀྱང་སྒྱུ་རྩལ་རིག་པའི་ལུགས་བཟང་ཕྱོགས་བཅུར་རྒྱས་པའི་རྒྱུར་གྱུར་ཅིག 
 


འབྲེལ་ཡོད་འོས་སྦྱོར།