ཤི་ཡུལ་ནས་སླར་ལོག་ནས་བཟའ་མི་ཐམས་ཅད་མཉམ་འཛོམས་བྱུང་བ།
རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-04-24
ཀློག་གྲངས།:
ཡང་མགོ་ལོག་པད་མ་རྫོང་མདོ་གོང་མ་དགོན་ན་སྔོན་གནས་རྗེས་སུ་དྲན་པའི་བྱིས་པ་ཞིག་ཡོད་ཅེས་པའི་གཏམ་ཐོས་པས་དེ་རྩད་གཅོད་ལེགས་པོ་ཞིག་བྱ་སྙམ་སྟེ། གྲོགས་མཆེད་འགའ་ཞིག་གིས་ངོ་སྦྱོར་བྱས་པ་ལ་བརྟེན་ནས་བོད་རབ་རྒྱན་ཆུ་རྟ་ལོའི་དབྱར་ཟླ་ཐ་ཆུང་གི་ཚེས་གཅིག་ཉིན་གྱི་ཞོགས་པ་ཤིན་ཏུ་སྔ་བར་མགོ་ལོག་ཕྱོགས་སུ་སོང་། དགུང་མོ་མདོ་གོང་མ་དགོན་དུ་འབྱོར་ནས་ལོ་རྒྱུས་རྣམས་ཞིབ་པར་རྩད་གཅོད་བྱེད་མགོ་བརྩམས་པ་ཡིན་ནོ། །དེ་ཡང་པད་མ་རྫོང་མདོ་གོང་མ་དགོན་ན་གྲྭ་པ་ཐུབ་བསྟན་བློ་འཕེལ་ཞེས་བྱ་བ་ཞིག་ཡོད་པ་དེ་ལོ་ཉེར་བདུན་ཙམ་གྱི་སྟེང་ནས་མགོ་ནད་ཀྱིས་ཤི དེ་ནས་རིང་པོ་མ་ཐོག་པ་སྤྱི་ལོ། ༡༩༨༩ ལོར་མགོ་ལོག་དགའ་བདེ་རྫོང་ཁོ་ཆུ་ཤང་བུ་སྐོར་ཚོ་བའི་ནང་དུ་བྱིས་པ་ཞིག་བཙས་ཏེ་ལུས་ཀྱི་སྟེང་ན་ལྷན་སྐྱེས་སུ་སྐྱེ་བ་སྔ་མ་ལས་བྱུང་བའི་རྟགས་མཚན་ཁྱད་པར་བ་འགའ་ཞིག་ཀྱང་ཡོད་ལ། གཏམ་སྨྲ་ཤེས་པ་དང་མཉམ་དུ་ཚེ་སྔ་མའི་མ་དེའི་མིང་ནས་འབོད་ཅིང་ས་མིང་དང་ཡུལ་མི་རྣམས་ཀྱི་མིང་ཡང་རྒྱུན་དུ་སྨྲ་སྟེ། ང་རང་པད་མ་རྫོང་མདོ་གོང་མ་དགོན་ནས་ཡིན། ཨ་མའི་མིང་ལ་རྣ་འོང་ཟེར་ཞེས་སོགས་གླེང་། བྱིས་པ་དག་རྩེད་མོ་བྱེད་པ་ན་ང་མགོ་ནད་པ་ཡིན་ཟེར་ནས་མགོ་རས་ཀྱིས་དཀྲི་ཞིང་། གཞན་མགོ་ནད་ཀྱིས་ན་བ་དག་ལ་སེམས་ཁྲལ་ལྷག་པར་བྱེད། ལོ་བཞིའི་སྟེང་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་མཇལ་དུ་སོང་ནས་ཡར་ལམ་པད་མ་ནས་འོང་སྟེ་མདོ་གོང་མར་འབྱོར་པ་ན་ངའི་ཨ་མ་དང་ཁྱིམ་འདི་ན་ཡོད་པས་འདི་ནས་རླངས་འཁོར་ལས་འབབ་དགོས་ཞེས་ནན་གྱིས་ཟེར། དེ་ནས་ཡང་ལོ་ལྔའི་སྟེང་ཞང་པོ་སོགས་ནད་སྟོན་པའི་ཕྱིར་པད་མ་རྫོང་དུ་འགྲོ་བ་དང་མཉམ་དུ་བྱིས་པའང་ཁྲིད་དེ་འོང་བ་ན་ཡར་ལམ་དང་མར་ལམ་ཐམས་ཅད་ཀྱི་ཚེ་ན་སྔོན་གྱི་ས་ཆ་དང་ཁང་པ་མི་མང་པོ་བཅས་ངོས་འཛིན་བྱས་པས་དེ་ཕྱོགས་ན་ཡོད་པ་རྣམས་ཡིད་ཆེས་པར་གྱུར་ཏོ། །དེ་ནས་མདོ་གོང་མའི་སེར་སྐྱ་རྣམས་ཀྱིས་བྱིས་པ་དེ་ང་ཚོའི་གྲྭ་པ་ཐུབ་བསྟན་བློ་འཕེལ་ཡིན་པ་ལ་ཐེ་ཚོམ་མི་འདུག་པས་བདག་པོ་བྱེད་དུ་འགྲོ་དགོས་ཟེར་ནས་དགའ་བདེ་རྫོང་ལུང་སྐྱ་དགོན་དུ་ཕྱིན། དེར་བྱིས་པས་རང་གི་སྔ་མའི་ཕ་དང་དགོན་པའི་མཁན་པོ་དང་དགེ་སྐོས་གསུམ་པོ་ལེགས་པར་ངོས་བཟུང་། པད་མ་རྫོང་གི་སྔར་གྱི་ཁྱིམ་དུ་བསུས་པ་ན་དེ་ནས་ཀྱང་སྔར་གྱི་རང་གི་གོས་དང་ཁང་ཤུལ་དང་མི་དང་གཞན་ཡང་སྔར་གྱི་ལོ་རྒྱུས་བྱིས་པ་ཉིད་དང་བཟའ་མི་རྣམས་ལས་གཞན་སུས་ཀྱང་མི་ཤེས་པ་དག་གང་གིས་ཀྱང་མ་བསླབས་པར་ཤེས་པ་དང་། སྔ་མའི་ཕ་མ་གཉིས་ལའང་ཕ་མ་དངོས་ཀྱི་འདུ་ཤེས་དང་བརྩེ་གདུང་བཅོས་མིན་ཡོད་པ་སོགས་ཀྱིས་སྔ་མའི་ཡང་སྲིད་དུ་གསལ་པོར་ངོ་འཕྲོད་པ་ཞིག་ཡིན་པར་འདུག་གོ །དེ་ལ་ལོ་རྒྱུས་འདི་མངོན་སུམ་དུ་མཐོང་བ་དང་ཐོས་པའི་མི་དག་ད་ལྟ་མདོ་གོང་མ་འདི་ཉིད་དང་ཨ་སྐྱོང་དང་རྟ་བོར་ཏེ་ས་གནས་གསུམ་ན་སོ་སོར་གྱེས་ཏེ་འདུག ངེད་ཀྱིས་ལོ་རྒྱུས་འདི་དཔྱིས་ཕྱིན་པ་ཞིག་གཏན་ལ་དབབ་པའི་ཕྱིར་དུ་ཉིན་འགའི་རིང་ལ་ས་གནས་གསུམ་ཆར་དུ་སོང་ནས་མི་དེ་རྣམས་ལ་དངོས་སུ་གཏུགས་ཏེ་ལོ་རྒྱུས་བསྡུ་ལེན་བྱས། མདོ་གོང་མ་ནས་ཨ་སྐྱོང་ལ་སྤྱི་ལེ་བཞི་བཅུ་ལྷག་ཅིག་འདུག བླ་རུང་ནས་རྟ་བོར་ལ་སྤྱི་ལེ་ལྔ་བརྒྱ་ཙམ་འདུག་ལ། གཞུང་ལམ་བཟོ་སྐྲུན་གྱིས་ས་སློག་རྡོ་སློག་བྱས་འདུག་པས་ཕར་ཚུར་གྱི་ལམ་སྤྱི་ལེ་སྟོང་ཕྲག་གཅིག་པོ་དེ་ལ་ས་སྡེབ་གནམ་སྡེབ་འབའ་ཞིག་གིས་འགྲོ་དགོས་ཤིང་། ཁྱད་པར་དུའང་ཟླ་བ་ཕྱེད་ཀྱི་གོང་དུ་ལོ་རྒྱུས་འདི་འདྲ་བ་གཞན་ཞིག་གཏན་ལ་དབབ་པའི་ཕྱིར་དུ་རྟ་བོར་ལ་སོང་པས་ལམ་དེ་དག་ཡིད་ལ་འཁོར་བ་ཙམ་གྱིས་ངལ་ཞིང་སུན་པ་སྐྱེ་བ་ཞིག་ཡོད་ཀྱང་དཀའ་ཚེགས་གང་ལའང་མ་འཛེམ་པར་སྤྲོ་བཞིན་དུ་ཕྱིན་པ་ཡིན། གང་གི་ཕྱིར་ཞེ་ན། ལོ་རྒྱུས་འདི་དག་གིས་སྐྱེ་འགྲོའི་ཚེ་སྲོག་གི་གནད་གསང་ཤིན་ཏུ་གལ་ཆེ་བ་ཞིག་ང་ཚོའི་མིག་ལ་མངོན་སུམ་དུ་བསྟན་པ་ཡིན་ཏེ། ཁམས་གསུམ་འཁོར་བ་མ་རིག་པའི་ནགས་ཀློང་ཆེན་པོ་མཐའ་དང་དབུས་མི་མངོན་པ་འདིར་སྐྱེ་འགྲོ་རྣམས་ཇི་ལྟར་འཁྱམས་ཤིང་འགྲོ་བའི་སྲིད་པའི་ལམ་གྱི་ཁུག་སོ་རེ་མངོན་སུམ་དུ་སྣང་བ་ཡིན་པའི་ཕྱིར་རོ། །ལྟ་བའི་སྙིགས་མ་ལྷག་པར་བདོ་སྟེ་ལོག་རྟོག་གི་རྒྱུན་རབ་ཏུ་འབྱམས་པར་གྱུར་པ་ན་དངོས་པོ་དག་གི་རང་བཞིན་ཇི་ལྟ་བུ་ཡིན་པ་ནི་དངོས་པོ་རང་ཉིད་ལ་སྟོན་དུ་འཇུག་པ་འདི་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་ནོ། །དེས་ན་གཞན་དག་གིས་ཅི་སྙམ་མི་ཤེས་ཀྱང་ངེད་རང་གིས་བསམ་ཚུལ་ལ་བྱུང་བ་འདི་དག་དོན་ཆེན་པོ་ཞིག་ཏུ་བརྩི་བ་ཡིན། ད་དུང་བོད་ཀྱི་ཡུལ་གྲུ་གཞན་དག་ཏུའང་འདི་ལྟ་བུ་མང་པོ་ཡོད་ངེས་ཡིན་པས་ན། རང་ཉིད་གཞན་གྱི་རྫུན་ཚིག་གིས་མ་བསླུས་པ་དང་གཞན་རྣམས་རང་གི་རྫུན་ཚིག་གིས་མི་བསླུ་བའི་ཤེས་རབ་དང་དྲང་བདེན་ཟོལ་མེད་ཀྱི་བསམ་པ་དང་ལྡན་པའི་སྒོ་ནས་གནས་ཚུལ་དེ་རྣམས་སྐྱེ་བོ་ཡོངས་ལ་ཡང་དག་པར་སྟོན་པར་མཛད་དུ་གསོལ་ཞེས་རིགས་མཐུན་གྱི་གྲོགས་པོ་དག་ལ་ཞར་བྱུང་དུ་ཞུ་བ་ཡིན་ནོ། །བྱིས་པ་དེའི་ལོ་རྒྱུས་ཐོག་མར་འདི་ཕྱོགས་སུ་ཁྱེར་ཏེ་འོང་བ་པོ་ཨ་སྐྱོང་དགོན་གྱི་གྲྭ་པ་བཀྲ་ཤིས་ཞེས་པ་དེ་རེད། དེ་ལུང་སྐྱ་དགོན་པའི་སྤྲུལ་སྐུ་ཁྲི་འདོན་གྱི་མཛད་སྒོའི་ཆོས་སྟོན་ལ་སོང་ནས་དགའ་བདེ་རྫོང་ན་ཡོད་པའི་ལྷ་སྒྲོན་ཚང་ལ་ཕྱིན། ལྷ་སྒྲོན་ཞེས་པ་བྱིས་པའི་ད་ལྟའི་སྐྱེད་མ་རེད། དེ་ཚེ་ལོ་རྒྱུས་འདི་ཤེས་འདུག དེ་ལ་བཀྲ་ཤིས་ཀྱིས་བཤད་པ། ལྷ་སྒྲོན་ཚང་ངའི་རོགས་པའི་ངོ་ཤེས་ཡིན་པས་དེར་སོང་། དེ་ཚང་ལ་པད་མ་ནས་ཡིན་ཚུལ་སྨྲས་པ་ན་བྱིས་པ་ཞིག་ཉལ་ནས་འདུག་པ་བསླངས་ཏེ་ཁྲིད་བྱུང་། མས་བཤད་པ། བྱིས་པ་འདིས་རྒྱུན་དུ་ང་ལ་ཁྱོད་ངའི་ཨ་མ་མ་རེད། ངའི་ཨ་མ་རྣ་འོང་ཞེས་པ་དེ་ཡིན། ང་རང་པད་མའི་མདོ་གོང་མ་ནས་ཡིན་ཞེས་ཟེར་བས་ཅི་ཡིན་སྙམ་སྟེ་ང་དོགས་པ་སྐྱེས་པར་འདུག་ཟེར། བྱིས་པ་ལ་ཁྱོད་པད་མ་ནས་ཡིན་ཟེར་བ་མ་ཡིན་ནམ། ཡིན་ན་འདིར་པད་མ་རྫོང་གི་མི་འོང་འདུག་པས་ད་ཁྱོད་ཀྱིས་ཁ་བརྡ་གྱིས་དང་ཟེར། ངས་བྱིས་པ་ལ་ཁྱོད་ཇི་ལྟར་ཡིན་ཚུལ་དྲིས་པ་ན། ང་པད་མའི་མདོ་འགབ་མ་ནས་ཡིན། ངའི་ཨ་མའི་མིང་ལ་རྣ་འོང་ཟེར། ངེད་ཚང་ལ་ར་མ་མང་པོ་ཡོད། ང་ཨ་མ་ལ་ར་མ་འཚོ་རོགས་སུ་འགྲོ་དགོས་ཟེར། མའི་མིང་གི་ཡིག་འབྲུ་དང་པོ་དེ་གསལ་པོ་ཞིག་དང་ཕྱི་མ་དེ་ཅུང་མི་གསལ་བ་ཞིག་སྨྲས་སོང་། མདོ་འགབ་མ་ཟེར་སྣང་འཆར་འདུག་སྟེ། མདོར་ན་སྐབས་དེར་ངའི་སེམས་ལ་སྐར་ཆེན་ཚང་གི་བུ་ཤི་སོང་བ་དེ་རེད་འདུག་སྙམ་པ་ཞིག་བྱུང་སོང་། ཕྱིར་འོངས་ནས་ང་ཚོའི་གྲྭ་པ་འགའ་ཞིག་ལ་ལོ་རྒྱུས་དེ་སྨྲས་པས་གཏམ་དེ་ཕྱིར་གྲགས་སོང་། ཕྱིས་སུ་སྐར་ཆེན་གྱི་བཟའ་ཟླ་རྣ་འོ་ཞེས་པ་ང་ལ་དྲི་བར་བྱུང་སྟེ། ངས་ཁོ་ཚོ་སེམས་ཕམ་ཨེ་འགྲོ་སྙམ་ནས་གསལ་པོ་ཞིག་མ་རེད་ཅེས་སྨྲས་ཞེས་ཟེར་རོ། །བྱིས་པ་ལོ་ལྔའི་དུས་སུ་ཞང་པོ་སོགས་ནད་སྟོན་པར་འགྲོ་བ་དང་མཉམ་དུ་པད་མར་འོང་བ་ན་རིན་ཚེ་དང་ཁེན་ཐར་ཞེས་པ་དེ་གཉིས་ཀྱི་རླངས་འཁོར་ནང་བཞག་འོང་བས་ས་ཆ་དང་ཁང་པ་ངོས་འཛིན་བྱས་ཚུལ་དེ་གཉིས་ཀྱིས་གསལ་པོར་ཤེས་འདུག་པས་ཁེན་ཐར་ལ་དྲིས་པས་ཁོས་སྨྲས་པ། ང་ཚོ་དར་ལག་རྫོང་ནས་མར་འོང་ཚེ་བྱིས་པ་ཆུང་ངུ་ཞིག་དང་བཅས་མི་འགའ་ཞིག་རླངས་འཁོར་དུ་བཞག་ནས་འོང་། བྱིས་པ་དེ་དང་དེའི་ཨ་ནེ་གཉིས་རླངས་འཁོར་མགོ་ཁང་ནང་དུ་བསྡད། ལམ་བར་ནས་བྱིས་པ་དེས་ཁོ་པད་མ་ནས་ཡིན་ཚུལ་མང་པོ་ཞིག་སྨྲས་སོང་བས་ངེད་གཉིས་ཡ་མཚན་པར་གྱུར། སྐབས་སྐབས་སུ་གཉིད་འགྲོ་བས་སད་པ་ན་ངེད་གཉིས་ཀྱིས་ཉམས་བརྟག་པའི་ཕྱིར་ད་མདོ་གོང་མར་འབྱོར་སོང་ཞེས་སྨྲས་པ་ན་ཁོས་ཡར་བལྟ་མར་བལྟ་རེ་བྱས་ཏེ་ད་དུང་འབྱོར་མི་འདུག་ཟེར། མདོ་གོང་མར་འབྱོར་པ་ན་ད་ཅི་ཁྱོད་གཉིད་དུ་ཡུར་བའི་ཚེ་མདོ་གོང་མ་བརྒལ་སོང་བས་ད་མདོ་འགབ་མར་འབྱོར་བ་རེད་ཅེས་སྨྲས་པ་ན། འདི་མདོ་གོང་མ་རང་རེད། ཕ་ཀི་ཁང་པ་མཐོན་པོའི་དྲུང་ན་ཡོད་པའི་ཁང་པ་དེ་ངེད་ཚང་གི་ཁང་པ་རེད་ཅེས་སྐར་ཆེན་ཚང་གི་ཁང་པ་དེ་འཆུག་མེད་དུ་སྟོན། དེ་ནས་ཁོ་ཚོ་མར་པད་མ་ལ་སོང་། ང་དེ་གར་བབས་ཏེ་སྐར་ཆེན་གྱི་དྲུང་དུ་སོང་ནས་ཁྱོད་ཀྱི་བུ་དེ་རེད་འདུག་ཅེས་སྨྲས་ཀྱང་ཁོས་ཡིད་འཇོག་ཆེར་མི་བྱེད་འདུག་ཅེས་ཟེར་རོ། །དེ་ནས་མར་པད་མ་ལ་འགྲོ་བའི་ལམ་བར་ནས་སྤྲུལ་སྐུ་ལྷ་མཚམས་དང་འཕྲད་དེ་ངོ་ཤེས། དེ་ཡང་རྟ་བོར་ན་ཡོད་པའི་ཨ་ཕྱིས་སྨྲས་པ། ང་ཚོ་པད་མ་ལ་འགྲོ་བའི་ལམ་བར་ནས་དབུ་སྐྲ་ཡོད་པའི་བླ་མ་ཞིག་གིས་མའོ་ཐའོ་འཁོར་ལོ་ཞིག་ལ་སྐྱོན་བྱུང་ནས་འདུག་པ་དང་འཕྲད། རླངས་འཁོར་ཁ་ལོ་པས་མར་བབས་ནས་མའོ་ཐའོ་བཟོ་བཅོས་བྱེད་རོགས་བྱས་སོང་། དེ་ཚེ་བྱིས་པས་ང་ལ་བླ་མ་འདི་སྤྲུལ་སྐུ་ལྷ་མཚམས་རེད། མདོ་གོང་འགབ་ཀྱི་དགོན་པ་གཉིས་ཀའི་བདག་པོ་རེད་ཅེས་ཟེར། ང་ཚོ་པད་མར་འབྱོར་ནས་འགྲུལ་ཁང་དུ་བསྡད་པ་ན་སྒེའུ་ཁུང་ནས་བླ་མ་དེ་མཐོང་བས་མྱུར་མོར་སོང་ནས་དེའི་ཕྱག་ནས་འཇུས་ཏེ་ཁམས་འདྲི་བྱས་སོང་ཟེར། དོན་དེ་སྤྲུལ་སྐུ་ལྷ་མཚམས་ལ་དྲིས་པས་ཁོང་གིས་གསུངས་པ། དེ་ཉིན་ང་རྫོང་གྲོང་གི་ལམ་སྲིང་ན་འགྲོ་བའི་ཚེ་བྱིས་པ་ཆུང་ངུ་ཞིག་འོངས་ནས་ངའི་ལག་པ་ནས་བཟུང་སྟེ་ཤིན་ཏུ་དགའ་བའི་ཉམས་ཀྱིས། སྤྲུལ་སྐུ་ཁྱེད་སྐུ་ཁམས་བཟང་པོ་ཨེ་ཡིན། ཨ་ཕྱི་ངེད་གཉིས་ཕ་ཀའི་འགྲུལ་ཁང་དེའི་ཐོག་ཁང་གཉིས་པའི་ནང་དུ་ཡོད། ཁྱེད་དེར་བྱོན་དང་ང་ཚོས་ཁ་བརྡ་བྱེད་ཅེས་ཟེར། ངའི་སེམས་ལ་འདི་ཀའི་ཡོན་བདག་ཚང་ཞིག་གི་བྱིས་པ་ཡིན་རྒྱུ་རེད་སྙམ་དུ་བསམས་ཞེས་གསུངས་སོ། །པད་མ་ནས་སླར་ལོག་པའི་ལམ་བར་ནས་སྔོན་གྱི་ཉེ་འབྲེལ་རྣམས་ངོས་འཛིན་བྱས་ཏེ། དེ་ཉིན་ལྷ་ཆེན་གྱི་རླངས་འཁོར་ནང་ནས་འོང་། རླངས་འཁོར་མགོ་ནང་ན་ཁ་ལོ་པ་ལྷ་ཆེན་དང་། མེ་ལོང་དང་། ཀ་འབྱོ་སྟེ་མི་གསུམ་ཡོད། བྱིས་པ་མེ་ལོང་གི་པང་ནང་དུ་བཞག་ནས་འོང་ངོ་། །ལྷ་ཆེན་ཞེས་པ་འདི་སྐྱེ་བ་སྔ་མ་དེའི་ཨ་ཁུ་དང་མེ་ལོང་ཡང་ཉེ་ས་ཞིག་རེད། ཀ་འབྱོ་ཞེས་པ་ཐུབ་བསྟན་བློ་འཕེལ་ཤི་བའི་རྗེས་སུ་དེར་འོང་བའི་ཤང་གི་ལས་བྱེད་པ་ཞིག་ཡིན་ནོ། །དེའི་དུས་ཀྱི་ལོ་རྒྱུས་རྣམས་ལྷ་ཆེན་དང་མེ་ལོང་གཉིས་ལ་དྲིས་པས་ལྷ་ཆེན་གྱིས་བཤད་པ། ང་ཚོས་སྐར་ཆེན་ཚང་གི་བུའི་ཡང་སྲིད་རེད་འདུག་ཅེས་པའི་བྱིས་པ་དེ་ཡིན་པར་ཤེས་ནས་ཉམས་བརྟགས་པ་ཡིན་ཏེ། ངས་ཁོ་ལ་ཁྱོད་ཀྱིས་ང་ཨེ་ཤེས། ཉེ་འབྲེལ་རེད་དམ་མ་རེད་ཅེས་དྲིས་པས། ཁྱོད་ལོས་ཤེས་ངའི་ཨ་ཁུ་མ་རེད་དམ་ཟེར། མེ་ལོང་བསྟན་ནས་འདི་ཉེ་ས་ཨེ་རེད། འདི་ཡང་ཉེ་ས་རེད། ཀ་འབྱོ་བསྟན་ནས་འདི་ཉེ་ས་ཨེ་རེད། དེ་ལ་ཞིབ་བལྟས་ཤིག་བྱས་ཏེ་འདི་ངོ་མི་ཤེས་ཟེར། མདོ་གོང་མར་འབྱོར་པ་ན་བསྟན་འཛིན་དར་རྒྱས་སོགས་སེར་སྐྱ་ཕོ་མོ་མང་པོ་འོང་སྟེ་ཉམས་སད། ཁྱོད་ཀྱི་ཁང་པ་གང་རེད། ཕ་ཀི་དབུས་ཀྱི་ཁང་པ་ཆེན་པོ་དེ་འདུ་ཁང་རེད། དེའི་སྟེང་ཕྱོགས་དེར་ཡོད་ཟེར། དེ་སོགས་དྲི་བ་དྲིས་ལན་མང་པོ་བྱས། མདོ་གོང་མ་ནས་ཡར་འགྲོ་སྐབས་དགོན་པ་ན་སྲས་མཁར་དགུ་ཐོག་ཅན་ཞིག་བཞེངས་ཡོད་པ་དེ་ཤིན་ཏུ་མཐོན་པོར་འདུག་ཟེར། དེ་སྔར་ནས་ཡོད་པ་ཁྱོད་ཀྱིས་མི་ཤེས་སམ། སྔར་ང་ཡོད་པ་ན་འདི་བཞེངས་གྲབས་བྱེད་བཞིན་ཡོད་ཀྱི། དེའི་ཚེ་ད་དུང་བཞེངས་མེད་ཟེར། མེ་ལོང་གིས་སྲས་མཁར་སྔར་ཐུབ་བསྟན་བློ་འཕེལ་མ་ཤི་བའི་དུས་ནས་ཡོད་པས་ཤེས་མ་སོང་སྙམ་ཡང་ཕྱིས་ཞིབ་པར་བརྟགས་པས་ཁོ་རང་གིས་བཤད་པ་དེ་ཁོ་ན་ལྟར་དུ་རེད་འདུག་ཅེས་ཟེར་རོ། །དེ་རྗེས་མདོ་གོང་མ་དགོན་གྱི་བླ་གྲྭ་རྣམས་དང་གཉི་མདའ་ཚོ་བའི་མི་རྣམས་ཀྱིས་བྱིས་པ་འདི་རང་རེའི་ཐུབ་བསྟན་བློ་འཕེལ་གྱི་ཡང་སྲིད་ཡིན་པ་ལ་ཐེ་ཚོམ་མི་འདུག་པས་མར་བསུ་བར་བྱ་ཞེས་པ་ལ་གྲོས་འཆམས་ནས་སྤྲུལ་སྐུ་ལྷ་མཚམས་དང་མཁནཔོ་ཐུབ་བསྟན་རྒྱ་མཚོ་དང་དགེ་སྐོས་ཚུལ་པོ། འོད་ཕུན། ཕ་མ་གཉིས། ལྷ་ཆེན། འོད་མཁས། མེ་ལོང་། རིག་རྡོར་སོགས་སྔོན་གྱི་ཉེ་ས་རྣམས་དང་ཚོ་ཤོག་གི་ནང་ནས་བསྡུས་ཏེ་ཁྱོན་མི་བཅོ་ལྔ་ཙམ་ཞིག་དགའ་བདེ་རྫོང་ལུང་སྐྱ་དགོན་དུ་སོང་། ཕྱི་དྲོ་དེར་འབྱོར་ནས་ཉེ་འདབས་སུ་རས་གུར་ཕུབ་སྟེ་བསྡད། ཐུག་ཕྲད་གང་ཡང་མ་བྱས། ཕྱིར་ནངས་སྔ་བར་ལུང་སྐྱ་དགོན་པའི་བླ་མ་པད་རྣམ་ལ་ལོ་རྒྱུས་ཞུས། བླ་མས་ཀྱང་གནང་ནས་བྱིས་པ་མར་གུར་ནང་དུ་ཁྲིད། དེ་ཚེ་སྤྲུལ་སྐུ་ལྷ་མཚམས་ཀྱིས་སླར་ཡང་ཚོད་བརྒམ་པའི་ཕྱིར་མི་རྣམས་སུ་ཡིན་དྲིས་པ་ན་བདེ་བླག་ཏུ་ངོས་བཟུང་སྟེ། དེ་ཡང་སྤྲུལ་ལྷ་མཚམས་དང་མཁན་ཐུབ་རྒྱམ་དང་འོད་ཕུན་གསུམ་ཆར་གྱིས་སྨྲས་པ། ངེད་ཅག་གྲལ་བསྒྲིགས་ཏེ་གདན་ལ་བསྡད། ལྷ་མཚམས་ཀྱིས་ཐུབ་རྒྱམ་བསྟན་ནས་བྱིས་པ་ལ་འདི་ཨེ་ཤེས་ཞེས་དྲིས། བྱིས་པས་བལྟ་ཡག་ཅིག་བྱས་ནས། ཐུབ་བསྟན་རྒྱ་མཚོ་ཨེ་རེད་ཀོ་ཟེར། དེ་ནས་སྐྱེས་པ་གཞན་འགའ་ཞིག་བསྟན་ནས་རེ་རེ་བཞིན་འདི་ཁྱོད་ཀྱི་ཕ་ཨེ་རེད་ཅེས་དྲིས་ཚེ་མགོ་བོ་གཡུག་གཡུག་རེ་བྱེད། དེ་ཚེ་སྐྱེ་བ་སྔ་མའི་ཕ་སྐར་ཆེན་ཕྱི་རོལ་གྱི་ཐབ་ཀ་ན་ཡོད། དེ་འཕྲལ་སྐར་ཆེན་གུར་ནང་དུ་འཛུལ་ཏེ་བྱུང་བ་ན་བྱིས་པས་མཛུབ་མོ་ཀེར་ནས་བསྟན་ཏེ་འདི་རེད་ཅེས་པའི་བརྡ་བྱེད་ཅེས་ཟེར་རོ། །དོན་དེ་སྐར་ཆེན་ལ་དྲིས་པས་ཁོས་བཤད་པ། ངའི་བུའི་ཡང་སྲིད་དེ་དགའ་བདེ་ན་འདུག་ཅེས་པའི་གཏམ་ཞིག་ཨ་སྐྱོང་ནས་ཡར་གྲགས་ནས་བྱུང་ལ། བུའི་ཞང་སྐོར་རྣམས་ཀྱིས་འབྲེལ་གཏུག་ཅིག་བྱེད་ཟེར་ཡང་ངས་ཨེ་ཡིན་མི་ཤེས། བྱིས་པའི་གཏམ་ལ་མཉན་རྒྱུ་མེད་ཅེས་སྨྲས་ནས་དང་ལེན་མ་བྱས། འོན་ཀྱང་དེ་ཉིན་བྱིས་པས་ང་མཐོང་བ་ནས་བཟུང་སྐྱེས་པ་གཞན་སུ་དང་ཡང་མི་འདྲ་བར་ཡང་ནས་ཡང་དུ་ངའི་ངོ་ལ་ལྟ་ཞིང་ངེས་པར་དུ་ངོ་ཤེས་པར་འདུག་པ་མ་ཟད་སེམས་ཀྱང་སྐྱོ་བར་འདུག་སྙམ་པའི་རྣམ་འགྱུར་ཁྱད་པར་བ་ཞིག་འདུག་པས་ང་ཚོའི་བུ་དེ་ཡིན་ངེས་པ་རེད་སྙམ་དུ་བསམས་ལ། གོས་རྙིང་ཤིན་ཏུ་ཧྲུལ་པོ་ཞིག་གྱོན་ནས་ཆེས་ཉམ་ཐག་པ་ཞིག་ཏུ་འདུག་སྟེ། ངས་ད་སྔོན་ཁོ་དག་པའི་ཞིང་ཞིག་ན་ཡོད་ལས་ཆེ་སྙམ་པ་ལས་འདི་འདྲའི་ལུས་ཤིག་བླངས་ཡོད་ཆགས་མ་བྱས་པས་སེམས་ཤིན་ཏུ་སྐྱོ་བ་ཞིག་བྱུང་སྟེ་དྲུང་དུ་འགྲོ་ཡང་མ་ཐུབ་ཟེར། སྐད་ཆ་འདི་རྣམས་བཤད་པ་ན་རྒད་པོ་སྐར་ཆེན་གྱི་མིག་གཉིས་ཀྱི་མཐའ་ན་མཆི་མ་ཆེམ་མེ་བྱུང་སྟེ་ལྡོག་པོ་འགའ་ཞིག་གདོང་ཁུག་ན་མར་འདྲིལ་ཏེ་སོང་། སྐབས་དེར་ཤི་གསོན་ངོ་འཕྲད་ཚུལ་གྱི་བརྗོད་བྱ་དེ་དག་གི་དོན་སྤྱི་དག་བློ་ངོར་ཤར་བ་ན་ངེད་ཀྱང་ཡིད་ཤིན་ཏུ་སྐྱོ་བ་ཞིག་བྱུང་ངོ་། །བྱིས་པས་སྔོན་གྱི་ཕ་མ་གཉིས་དང་མཉམ་དུ་ཇ་ཞིག་བཏུང་དགོས་ཟེར་ནས་ཕ་མ་གཉིས་ཀ་ནན་གྱིས་ད་ལྟའི་ཁྱིམ་དུ་ཁྲིད་དེ་སོང་ཞེས་ཟེར་རོ། །དེ་ནས་བྱིས་པ་འཇིགས་མེད་ཐུབ་བསྟན་དང་དེའི་ཨ་ཕྱི་བཅས་མདོ་གོང་མ་དགོན་དུ་བསུས། དེ་ནུབ་དགོན་དེར་བསྡད། ཕྱིར་ནངས་བྱིས་པས་ཕ་མ་གཉིས་ཀྱི་ཁྱིམ་དུ་འགྲོ་དགོས་ཟེར་ཏེ་གཡག་ཅིག་ལ་ཞོན་ནས་བུ་མོ་འོད་སྐྱིད་ཀྱིས་གཡག་སྣ་ཁྲིད་དེ་འགྲོ་བ་ན། བྱིས་པས་ཨ་ཅེ་སྔར་ནི་ང་ཆེ་ལ་ཁྱོད་ཆུང་ན་ད་ནི་ཁྱོད་འདི་འདྲ་ཆེ་ལ་ང་འདི་འདྲའི་ཆུང་ངུར་གྱུར་འདུག་ཟེར། དེ་ཉིན་ཕ་སྐར་ཆེན། མ་རྣ་འོ། དེ་གཉིས་ཀྱི་བུ། ཕ་མ་གཉིས་ལ་གཡོག་བྱེད་པའི་ཕྱིར་དུ་བསུས་པའི་མའི་ཉེ་འབྲེལ་བུ་མོ་འོད་སྐྱིད་བཅས་སྔར་གྱི་བཟའ་མི་བཞི་པོ་སླར་ཡང་མཉམ་འཛོམས་བྱུང་སྟེ། ཉི་མ་འདི་སྐར་ཆེན་ཚང་གི་དབང་དུ་ན་ཇི་འདྲའི་བརྗེད་པར་དཀའ་ཞིང་བློ་ཡུལ་ལས་འདས་པ་ཞིག་རེད་ཨང་། སྐབས་འདིར་ཡང་དངོས་པོ་མང་པོ་ངོས་འཛིན་བྱས་འདུག་པ་སྐར་ཆེན་དང་ད་ལྟ་སྤྱི་ལེ་བཞི་བཅུ་ལྷག་གི་ཕ་རོལ་ཨ་སྐྱོང་ན་ཡོད་པའི་འོད་སྐྱིད་གཉིས་ལ་དྲིས་པས་གཉིས་ཆར་གྱིས་ཁ་མཐུན་པར་བཤད་པ། དགུང་མོ་ཉལ་བའི་ཚེ་ན་ངའི་ཉལ་གོས་རྣམས་ཡོད་དམ་ཟེར། ཉལ་ཆས་ཀྱི་གཡོག་ཁ་དོག་ལྗང་གུ་ཅན་ཞིག་ཡིན་པ་དེ་དང་གོས་གཞན་རྣམས་བླ་མ་ཨརྱ་ལ་ཕུལ་ནས་མེད་ཀྱང་ཡོད་ཅེས་སྨྲས། འོད་སྐྱིད་ཀྱིས་ཉལ་ཆས་ཁྱེར་འོང་སྟེ་འདི་ཁྱོད་ཀྱི་དེ་ཨེ་རེད་ཅེས་དྲིས་པ་ན་ཞིབ་བལྟ་ཞིག་བྱས་ཏེ། གཡོག་དེ་མ་རེད་ཟེར། སྐར་ཆེན་གྱིས་འོ་ན་ཁྱོད་ཀྱི་དེའི་གཡོག་དེ་དཀར་པོའམ་དམར་པོའམ་སེར་པོའམ་ལྗང་གུ་གང་ཡིན་ཞེས་དྲིས་པ་ན་ལྗང་གུ་ཞིག་ཡིན་ཞེས་ཟེར་ཏེ་ཡང་དག་པར་ངོ་ཤེས་སོང་། ཁྱི་སྐད་ཐོས་པ་ན་ཨ་ཕ་སྔར་ངེད་ཚང་ལ་ཁྱི་རྒན་ཞིག་ཡོད་པ་མཚན་ཁྱི་བཟང་པོ་ཞིག་ཡིན་ཡང་ཁྱོད་ཟོག་བཙལ་དུ་འགྲོ་བའི་རྗེས་སུ་སོང་བས་བོར་སོང་བ་མ་ཡིན་ནམ་ཟེར། ཕྱིར་ནངས་འོག་ཏུ་བཏང་བའི་གྲུམ་ཙེ་དེ་ལ་བལྟས་ནས་འདི་ངའི་རེད། གྲུམ་ཙེའི་མཐའ་ན་ཁབ་ཚིགས་འགའ་ཞིག་དྲུབ་འདུག་པ་མཐོང་བས་འདི་ང་རང་གིས་དྲུབ་པ་རེད་ཟེར། འོ་ན་ཁབ་ཚིགས་འགའ་ཞིག་ལས་གཞན་པ་དེ་རྣམས་ཀྱང་ཁྱོད་ཀྱིས་དྲུབ་པ་ཡིན་ནམ། གཞན་དེ་རྣམས་ནི་ངས་དྲུབ་པ་མ་རེད་སུས་དྲུབ་པ་ཡིན་མི་ཤེས་ཟེར། སྐར་ཆེན་གྱིས་ཁབ་ཚིགས་འགའ་དེ་དངོས་གནས་སྔར་གྱི་བུ་དེས་དྲུབ་པ་ཡིན་ལ་དེ་ལས་གཞན་རྣམས་ནི་ངས་དྲུབ་པ་ཡིན་པས་ལེགས་པར་ཤེས་སོང་། དེ་ཚེ་དེ་ན་གྲྭ་པ་ཨོ་རྒྱན་སྐྱབས་ཡོད་དེ་དེས་ཀྱང་ཐོས་ཟེར་བས་དེ་ལ་དྲིས་པས་དེ་ཁོ་ན་ལྟར་དུ་བཤད། ཟོག་རྣམས་ཀྱི་ཁྲོད་ན་རྟོལ་མཛོ་ཞིག་ཡོད་པ་དེའང་ངོས་ཟིན་ཏེ། འདིའི་སྤུ་མདོག་དེ་གནའ་ནི་ནག་པོ་མཛེས་པ་ཞིག་ཡིན་ཡང་ད་ནི་སེར་པོ་མི་མཛེས་པ་ཞིག་རེད་འདུག་ཟེར། ཡང་མ་ལ་སྐབས་གཅིག་ང་ཟོག་ལྷས་ཀྱི་མཐའ་ན་ཁང་པ་ཆུང་ངུ་ཞིག་གི་ནང་དུ་མཚམས་ལ་སྡོད་པ་ན་ཁང་ཐོག་ཏུ་མཛོ་མོ་ཞིག་འོང་བ་ལ་ཤེར་ལྷ་ཁྱེད་གཉིས་ཀྱིས་མཛོ་མོ་ཕར་ལ་འདེད་དུ་སོང་ཞེས་ང་ལ་བོས་སོང་ཟེར་བ་ལ། མས་དེ་ཁོ་ན་ལྟར་ཡིན་ཞེས་ཟེར་རོ། །ཉིན་གཅིག་ཨ་སྐྱོང་དགོན་པའི་བླ་མ་ཕུན་ཚོགས་དང་བྱིས་པ་དང་ངེད་གསུམ་མཉམ་དུ་སོང་། བླ་མ་ཕུན་ཚོགས་སྔར་ཨ་སྐྱོང་དགོན་པའི་འདུ་ཁང་བཞེངས་པའི་ཚེ་ན་དེའི་ཆ་རྐྱེན་དུ་ང་ཚོའི་སར་འབུལ་སྡུད་དུ་འོང་མྱོང་། ངེད་གཉིས་ཀྱིས་ཁ་བརྡ་བྱས་པས་ཕུན་ཚོགས་ཀྱིས་སྔར་ང་དཀར་བསོད་དུ་འོང་བ་ན་ཁྱོད་ཀྱི་རུ་བ་ཡོད་ས་དེ་ད་ལྟའི་ཡོད་ས་དེ་ཨེ་རེད་ཅེས་ཟེར་བ་ལ་བྱིས་པས་མ་རེད། ཕ་ཀི་རྡོ་ཕུང་ཞིག་ཡོད་ས་དེ་རེད་ཟེར་ཏེ་དངོས་གནས་དེ་ག་རང་ཡིན། དེ་མིན་མི་ཐོག་མང་པོ་ཞིག་གི་སྔོན་གྱི་སྐྱེ་བ་བླངས་ཚུལ་རྣམས་མ་ལ་བཤད་སོང་ཡང་ངས་ཞིབ་པར་མ་མཉན་ཞེས་ཟེར་རོ། །འོད་སྐྱིད་ཀྱིས་བཤད་པ། བྱིས་པས་ང་ལ། ཨ་ཅེ། སྔར་ནི་ཁྱོད་ལས་ང་ཆེ་ན་ད་ནི་ཁྱོད་ཆེ་འདུག་སྟེ་མཚར་པོ་རེད་ཟེར། ཡང་ཉིན་བཞི་ལྔ་ཞིག་གི་རྗེས་སུ་ངེད་གཉིས་ཟོག་འདེད་དུ་སོང་བ་ན་ས་ཕུང་ཞིག་གི་སྟེང་དུ་སོང་ནས་འདི་ངའི་སྔར་གྱི་མཚམས་ཁང་གི་ཤུལ་རེད། ད་ནི་འདི་ལྟར་དུ་གྱུར་འདུག་ཟེར། ཁོང་མཚམས་ལ་སྡོད་པའི་ཚེ་ན་ང་ད་དུང་དེར་སོང་མེད་པས་བདེན་པ་ཨེ་ཡིན་མ་ཤེས་པས་ཁྱིམ་མི་དག་ལ་དྲིས་པས་དེ་ག་རེད་ཟེར། ཨ་ཅེ་ཁྱོད་ཀྱིས་ཨ་མ་ལ་གཡོག་ལེགས་པོ་བྱས་འདུག་པས་ཁྱོད་ཤིན་ཏུ་བཟང་སྟེ་བཀའ་དྲིན་ཆེ། ད་དུང་ཨ་མས་ཁྱོད་ལ་འཛིང་གིན་འདུག་པ་ལ་ཟེར། ཨ་མ་ལ་ལྷག་པར་དུ་དགའ་སྟེ་སྐར་ཆེན་དང་ངེད་གཉིས་ཀ་ལས་ཀྱང་དགའ་ཞེས་དང་། གཞན་ཡང་ཉལ་ཆས་དང་གྲུམ་ཙེ་ངོས་འཛིན་བྱས་ཚུལ་དང་རྟོལ་མཛོ་ངོ་ཤེས་ཚུལ་དག་གོང་དུ་སྐར་ཆེན་གྱིས་བཤད་པ་ཇི་བཞིན་དུ་བཤད་དོ། །མདོ་གོང་མའི་གྲྭ་པ་གྱ་གྱི་ཞེས་པས་སྨྲས་པ། བྱིས་པ་འདི་གར་འོང་ནས་ཉིན་འགའ་ཞིག་གི་རྗེས་སུ་བྱིས་པས་ང་མཐོང་བ་དང་བརྒྱུགས་ཏེ་ཨ་ཕྱིའི་རྣ་བར་སྐད་ཆ་འགའ་ཞིག་ཤུབ་ཤུབ་ཏུ་བཤད་པ་དང་། ཨ་ཕྱིས་ངེད་ཅག་ལ་འདིས་གྲྭ་པ་འདི་ཨ་བོ་གྱ་གྱི་རེད་ཅེས་ཟེར་བར་འདུག་སྟེ་ཨེ་རེད་ཅེས་ཟེར་བས་ང་ངེས་པར་ངོས་ཟིན་སོང་། དེ་རྗེས་ཡི་གེ་སྦྱང་སྐབས་ངའི་དྲུང་ནས་ལོ་གཅིག་ཙམ་བསྡད་པས་དེ་སྐབས་ངས་གནས་ཚུལ་མང་པོ་དྲིས་ཀྱང་གཅིག་ཀྱང་བཤད་རོགས་བྱས་མ་སོང་ཞེས་ཟེར་རོ། །འབྲུག་སྡེས་ཀྱི་ཤ་ཉེས་སྨྲས་པ། བྱིས་པ་འབྱོར་བའི་ཉིན་གསུམ་པ་དེར་ང་ཚོས་ཆུ་ཁར་གོས་བཀྲུ་བ་ན་དེར་བྱུང་། ང་ཚོས་དགོན་པ་ལ་ད་ལྟ་འཛམ་གླིང་འཆམ་རྒྱུ་ཨེ་ཡོད་ཟེར། འཛམ་གླིང་ཞེས་པ་གེ་སར་གྱི་རྣམ་ཐར་ལ་ཟེར། འཆམ་རྒྱུ་ཡོད། འོ་ན་འཛམ་གླིང་འཆམ་མཁན་སུ་ཡིན་ཟེར། སྔར་འཛམ་གླིང་འཆམ་མཁན་དེ་ཁྱོད་ཀྱིས་ཨེ་ཤེས་ཞེས་དྲིས་ཚེ། བསམ་བློ་ཅུང་ཟད་བཏང་ནས། འོ་བླ་མ་ལེགས་སྒྲུབ་རེད་ཟེར། འོ་ན་ལེགས་སྒྲུབ་ཅེས་པ་ཇི་འདྲ་ཞིག་ཡིན། མགོ་དཀར་པོ་གཟུགས་རིང་པོ་ཅན་ཞིག་ཡིན། བསྟན་འཛིན་དར་རྒྱས་དང་ལེགས་སྒྲུབ་དང་ངེད་གསུམ་པོ་དགེ་སློང་མཉམ་དུ་ཞུས་པའི་ཆོས་གོས་གཅིག་ཞབས་ཡིན་ཟེར་ཏེ་ཇི་ལྟ་བ་བཞིན་དུ་ངོས་ཟིན་སོང་ཞེས་ཟེར་རོ། །བླ་མ་ཕུན་ཚོགས་ཀྱིས་བཤད་པ། བྱིས་པའི་སྐྱེ་བ་སྔ་མ་དེས་ང་ལ་ཨ་ཞང་ཟེར་ཏེ་ང་ཚོ་ཉེ་ས་ཞིག་རེད། སྐྱེ་བ་ཕྱི་མ་དེས་ཀྱང་ང་ལ་ཨ་ཞང་ཟེར་བར་འདུག ཕྱིས་ད་ལྟའི་སྐྱེ་བ་དེས་ང་ཐོག་མར་མཐོང་བ་ན་མ་རྣ་འོ་ལ་ཕ་ཀི་འདི་ཨ་ཞང་ཕུན་ཚོགས་རེད་ཅེས་སྨྲས་འདུག ཉིན་གཅིག་ངས་སྐར་ཆེན་ལ་སྔར་གྱི་མཚེར་ས་དྲིས་པ་ན་བྱིས་པས་དེའི་བར་ནས་ལན་ཇི་ལྟ་བ་བཞིན་དུ་བཏབ་སོང་ཞེས་ཟེར་རོ། །ངག་དབང་གིས་སྨྲས་པ། ང་ལ་སྔོན་ལྕགས་རྟ་ཞིག་ཡོད་པ་དེ་སྐྱེ་བ་སྔ་མ་ཐུབ་བསྟན་བློ་འཕེལ་གྱིས་བཅགཕྱིས་འཇིགས་མེད་ཐུབ་བསྟན་མདོ་གོང་མ་དགོན་དུ་བསུས་ནས་བྱུང་བ་ན། ང་ལ་སྔར་ངས་ཁྱོད་ཀྱི་ལྕགས་རྟ་བཅག་ཀྱང་ཁྱོད་ཀྱིས་ང་ལ་འཛིང་མ་སོང་། ལྕགས་རྟ་བཅག་ས་དེ་འདི་རེད་ཅེས་ས་དེ་ག་མ་ནོར་བར་བསྟན་བྱུང་ཞེས་ཟེར་རོ། །འདི་འདྲ་བའི་ལོ་རྒྱུས་གཞན་ཡང་མང་པོ་འདུག་གོ །དེ་ནས་འཇིགས་མེད་ཐུབ་བསྟན་གྱི་ཨ་ཕྱི་དང་ཨ་ནེ་ཞང་པོ་ཚེ་འདིའི་མ་དང་ཁོ་རང་ཉིད་སོགས་མགོ་ལོག་རྟ་བོར་ན་ཡོད་པས་དེར་སོང་། འཇིགས་མེད་ཐུབ་བསྟན་ཆུང་ངུའི་དུས་ནས་ཨ་ཕྱིས་བསྐྱངས་པ་ཡིན་པས་ཨ་ཕྱི་ལ་རྒྱུས་མངའ་ཆེ། སྐྱེད་མ་ལ་ཆ་རྒྱུས་ཆེར་མི་འདུག དེས་ན་ཨ་ཕྱི་ལ་དྲིས་པས་དེས་བཤད་པ། སྤྱིར་བྱིས་པ་ཆུང་ངུའི་དུས་སུ་སྔ་ཕྱིའི་སྐྱེ་བ་དྲུག་རྗེས་སུ་དྲན་པར་འདུག་སྟེ། ཁྲོ་སྐྱབས་དང་འཛམ་ཐང་གི་མི་ཡིན་ཚུལ་དང་། ཤོག་སྒོར་དང་འཕྲུལ་ཆས་རྣམས་མ་དར་བའི་སྔོན་གྱི་ལོ་རྒྱུས་དང་། བྱིས་པ་ཆོས་དབྱིངས་ཞེས་པ་ཞིག་ཡོད་པ་དེ་དང་སྐྱེ་བ་མཉམ་དུ་བླངས་ཚུལ་སོགས་མང་པོ་བཤད་དེ་ལུང་སྐྱ་དགོན་པའི་རྣམ་ཐར་འཆམ་མཁན་རྣམས་ཀྱིས་ཤེས་ཏེ། བྱིས་པ་ཆུང་ངུའི་དུས་སུ་དེར་སོང་ནས་རྣམ་ཐར་འཁྲབ་སྟོན་པ་བྱས་པས་དེའི་ཚེ་ན་བཤད་པ་ཡིན། སྐྱེ་བ་དེ་དག་གི་ནང་ནས་ཆེས་གསལ་བ་དེ་ཐུབ་བསྟན་བློ་འཕེལ་གྱི་སྐྱེ་བ་དེ་རེད། དེ་ཡང་ཆུང་ངུའི་དུས་ནས་ངའི་ཨ་མའི་མིང་ལ་རྣ་འོང་ཞེས་ཟེར། ང་མདོ་གོང་མ་ནས་ཡིན་ཞེས་ཟེར་ཞིང་། རྩེད་རྭའི་ནང་ནས་རྩེད་མོ་བྱེད་པ་ནའང་རྩེད་རྡོ་མང་པོ་བསྒྲིགས་ཏེ་འདི་མདོ་གོང་མའི་ཁང་པ་ཡིན། འདི་ཨ་མ་རྣ་འོང་ཚང་གི་ཟོག་ཡིན་སོགས་ཟེར། རྡོ་གསུམ་གྱིས་སྒྱེད་པུ་བྱས་པའི་སྟེང་དུ་སྡོ་ལེབ་ཆེན་པོ་རེའི་ནང་དུ་ས་བླུགས་ཏེ་ཇ་སྐོལ་ཁུལ་བྱས་ནས་དེ་རྡོ་ལེབ་སོ་སོའི་ནང་དུ་ཅུང་ཟད་རེ་བླུགས་ནས་འདི་ཨ་མ་རྣ་འོང་གི་སྐལ་བ་ཡིན། འདི་ང་རང་གི་སྐལ་བ་ཡིན་སོགས་རྒྱུན་དུ་མདོ་གོང་མ་དང་ཨ་མ་རྣ་འོའི་ལོ་རྒྱུས་རྣམས་བཤད། ཨ་ནེ་དང་ཞང་པོ་གཉིས་ཀྱིས་བྱིས་པས་གཏམ་སྨྲ་ཤེས་པ་ཙམ་ན་དངོས་པོ་གང་ཞིག་མཐོང་ཡང་ཐམས་ཅད་ལ་ཨ་མ་རྣ་འོང་ཟེར། ང་ཚོས་བྱིས་པས་དངོས་པོ་རྣམས་ལ་མིང་འདོགས་ལུགས་ཤིག་ཡིན་འདུག་སྙམ་ཡང་ཕྱིས་སུ་ངའི་ཨ་མའི་མིང་ལ་རྣ་འོང་ཟེར་ཞེས་སྨྲ། མའི་མིང་གི་ཡིག་འབྲུ་ཕྱི་མ་དེ་འོང་ངམ་ཡོང་ལྟ་བུ་ཞིག་ཟེར་ཏེ། རྗེས་སུ་བལྟས་ཚེ་སྒྲ་ཅུང་ཟད་མི་དག་པ་ཞིག་རེད་འདུག གཏམ་སྨྲ་ཤེས་ཙམ་ནས་བྱིས་པའི་གཏམ་གྱི་ཁྲོད་ན་པད་མ་ན་གྲགས་པའི་མགོ་སྐད་དེའི་ཚིག་འབྲུ་རེ་ཟུང་འདྲེས་ཡོད་ཅེས་ཟེར་རོ། །ད་ལྟའི་སྐྱེད་མ་ལྷ་སྒྲོན་གྱིས་བཤད་པ། བྱིས་པ་ལོ་བཞིའི་སྟེང་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་མཇལ་དུ་སོང་ནས་ཕྱིར་ལམ་མདོ་གོང་མ་ལ་འབྱོར་སྐབས་ཁོའི་མ་དང་ཁྱིམ་འདི་ན་ཡོད་པས་འདི་ནས་རླངས་འཁོར་ལས་འབབ་དགོས་ཟེར་ནས་སྐ་རགས་ནང་ནས་མ་བཟུང་ན་རླངས་འཁོར་ཐོག་ནས་མཆོང་གྲབས་བྱེད། གནས་ཚུལ་དེ་རླངས་འཁོར་དེའི་ནང་དུ་ཡོད་པའི་དར་ལྷ་དང་ཆོས་ཉིད་སྒྲོན་སོགས་མི་སུམ་ཅུ་ལྷག་ཅིག་ཡོད་པ་ཐམས་ཅད་ཀྱིས་ཤེས་པ་ཡིན། ཆུང་ངུའི་དུས་སུ་ང་ལ་ལྷ་སྒྲོན་ཟེར་བ་ལས་ཨ་མ་ཞེས་མི་འབོད། སྐྱེས་མ་ཐག་པ་ནས་རྣ་སྣེ་ལ་བུ་ག་ཤིན་ཏུ་ཆུང་ངུ་ཞིག་དང་རྣ་བའི་སྟེང་ཕྱོགས་ན་རྨ་ཤུལ་ཞིག་འདུག་ཅེས་ཟེར་ཏེ། ངེད་ཀྱིས་བལྟས་པས་དངོས་གནས་འདུག མདོ་གོང་མའི་མི་དག་གིས་སྔོན་ཐུབ་བསྟན་བློ་འཕེལ་གྱི་རྣ་བ་ལ་རྟགས་འདི་གཉིས་ཀ་ཡོད་དེ། དེ་ཆུང་ངུའི་དུས་སུ་དབང་སྐྱིད་ཅེས་པའི་བུ་མོ་ཞིག་གིས་རྡོས་བརྒྱབ་སྟེ་རྣ་བ་བཀས་པས་རྨ་ཤུལ་ཡོད་པའི་ཐད་དེ་རང་ན་ཁ་ཧེ་ཞིག་ཡོད་པ་དང་། ཆུང་ངུའི་དུས་སུ་རྩེད་མོའི་ཕྱིར་རྣ་བ་ཕུག་པས་བུ་ག་ཡོད་ཅེས་ཟེར་རོ། །མཇུག་མཐར་འཇིགས་མེད་ཐུབ་བསྟན་རང་ཉིད་ལ་དྲིས། ཁོང་ད་ལོ་ལོ་བཅུ་བཞི་རེད། དབང་པོ་གང་ལའང་སྐྱོན་མེད་ཅིང་རྣམ་རིག་བཀྲ་ཞིང་སློབ་གཉེར་ལ་དགའ་བ་ཞིག་ཏུ་འདུག ཁོང་གིས་བཤད་པ། སྤྱིར་ལོ་ཅུང་ཟད་ཆེ་བ་ན་ལང་ལོང་ཙམ་མ་གཏོགས་མི་དྲན་ལ། ཁྱད་པར་དུ་ད་ལྟ་ནི་སྐྱེ་བ་སྔ་མའི་དོན་གང་ཡང་མི་དྲན། སྔར་ནི་གསལ་པོར་དྲན། སྔར་དྲན་པའི་དུས་སུ་གཞན་དག་གིས་དྲིས་ཏེ་ལན་བཏབ་པ་རྣམས་ནི་ད་ལྟའང་ཅི་རིགས་པ་ཞིག་དྲན། སྐབས་དེར་མི་མང་པོས་ཉམས་སད་པ་བྱུང་ཞིང་ཕལ་ཆེར་ལ་ལན་ཀྱང་བཏབ། འོན་ཀྱང་དེ་རྣམས་ལས་མང་ཆེ་བ་ཞིག་བརྗེད་པར་གྱུར་ཟིན་འདུག་ཟེར། ད་ལྟ་དྲན་པ་རྣམས་བཤད་དུ་བཅུག་པས་ཐུགས་ཆེན་ལ་འགྲོ་ཚེ་དང་ནད་སྟོན་དུ་པད་མ་ལ་འགྲོ་ཚེ་ཡར་མར་གྱི་ལམ་ནས་ས་དང་ཁང་པ་དང་མི་དག་ངོས་འཛིན་བྱས་པ་དང་། བདག་པོ་བྱེད་དུ་བྱུང་བ་ན་མི་ངོ་ཤེས་པ་དང་། མདོ་གོང་མར་ཕྱིན་རྗེས་སུ་ཁྱིམ་ནས་གོས་སོགས་ངོ་ཤེས་པ་ལ་སོགས་ཏེ་མ་བརྗེད་པ་རྣམས་ནི་གོང་དུ་བཤད་པ་དག་དང་གཅིག་པ་ཁོ་ནར་བྱུང་། འགའ་ཞིག་ནི་བརྗེད་ནས་འདུག་གོ །དེ་ནས་སྐབས་དེ་དུས་ཀྱི་སེམས་ཀྱི་རྣམ་པ་འགའ་ཞིག་དྲིས་པས་ཁོང་གིས་བཤད་པ། ཆུང་ངུའི་དུས་སུ་རྒྱུན་པར་པད་མ་ལ་འགྲོ་བར་འདོད་དེ། འཕོང་སྟེགས་ཆུང་ངུ་རེའི་སྟེང་དུ་བསྡད་ནས་ངས་རླངས་འཁོར་གྱི་ཁ་ལོ་པ་བྱས་ཏེ་པད་མ་ལ་འགྲོ་བ་ཡིན་ཁུལ་བྱེད། ཐུགས་ཆེན་ནས་ཡར་འོང་བའི་ལམ་བར་ནས་མདོ་གོང་མར་འབྱོར་པ་ན་རླངས་འཁོར་ལས་མཆོང་གྲབས་བྱས། ཁ་གྲག་ཤེས་པ་ནས་མགོ་སྐད་ཨེ་ཤེས་བལྟས་ཏེ། རྗེས་སུ་མདོ་གོང་མར་འགྲོ་བ་ན་དུས་ཐུང་ངུར་སྔར་གྱི་སྐད་དེ་མགོ་སྐད་དུ་བསྒྱུར་ཐུབ་པ་བྱུང་། མདོ་གོང་མའི་མི་རྣམས་ང་བདག་བྱེད་དུ་འོང་བ་ན། དེ་རྣམས་བྱུང་ཞེས་པའི་སྐད་ཆ་ཐོས་པ་ནའང་ང་བསུ་བར་འོང་བ་ཡིན་རྒྱུ་རེད་སྙམ་ནས་ཤིན་ཏུ་དགའ། དེ་རྣམས་ཀྱི་ཁྲོད་ནས་མི་གསུམ་ངོ་ཤེས་ཏེ། ཐུབ་བསྟན་རྒྱ་མཚོ་དང་ཨ་ཕ་སྐར་ཆེན་དང་དགེ་སྐོས་ཚུལ་པོ་བཅས་རེད། ཨ་མ་དང་དང་པོ་ཐུག་དུས་སེམས་སྐྱོ་བ་ཞིག་བྱུང་གཞན་རྣམས་དང་འཕྲད་པ་ན་སེམས་དགའ་བ་ལས་གཞན་མི་འདུག མི་རྣམས་ངོ་ཤེས་པ་ན་དཔེར་ན་སྔོན་ལོ་དྲུག་བདུན་གྱི་དུས་སུ་མི་ཞིག་ངོ་ཤེས་པ་ད་ལྟ་མཐོང་བ་ལྟ་བུ་ཞིག་རེད། མི་རྣམས་དང་འཕྲད་པ་ན་སྔོན་ངོ་ཤེས་མི་ཤེས་དང་ཉེ་ས་ཡིན་མིན་སོགས་སེམས་ལ་གོ་འོང་རྒྱུ་ཞིག་འདུག་སྟེ། ངེད་ཅག་པད་མ་ནས་ཡར་འོང་བ་ན་མདོ་གོང་མ་ནས་བུད་མེད་འགའ་ཞིག་གིས་ཉམས་བརྟགས་ཏེ། དེའི་ནང་ན་རིག་མ་ཞེས་པ་ཞིག་འདུག་པ་དེས་ང་ཁྱོད་ཀྱི་ཨ་མ་ཡིན་ཟེར་ཡང་ཨ་མ་མ་རེད་སྙམ་དུ་ཤེས་པས་ཁྱོད་མ་རེད་ཅེས་སྨྲས། སྔོན་གྱི་དངོས་པོ་རྣམས་མཐོང་བ་ན་མཐོང་མྱོང་མྱོང་ལྟ་བུ་དང་རང་གི་ཡིན་ན་འདི་ངའི་རེད་སྙམ་པ་ཤེས་རྒྱུ་འདུག ཆུང་ངུའི་དུས་སུ་ད་ལྟའི་མ་ལས་ཀྱང་སྔར་གྱི་ཨ་མ་རྣ་འོ་ལ་དགའ་བར་འདུག ད་ལྟ་འདྲ་མཉམ་ལྟ་བུ་ཞིག་རེད། ཉེ་ས་རྣམས་ཀྱང་རང་དང་རྟག་ཏུ་ལྷན་ཅིག་ཏུ་སྡོད་པ་ཞིག་ཡིན་ན་དེ་ལ་ལྷག་པར་དུ་དགའ་བ་མ་གཏོགས་གཞན་རྣམས་སྔོན་དང་ད་ལྟའི་ཉེ་འབྲེལ་ལ་དགའ་མི་དགའ་འདྲ་མཉམ་རེད། ཕ་ནི་ཚེ་འདིའི་ཐོག་ནས་ཀྱང་འགྲོགས་ཡུན་ཅུང་ཟད་རིང་བས་ད་ལྟའང་ཕ་དངོས་དང་ཁྱད་པར་མི་འདུག་ཅེས་ཟེར་རོ། །དེ་ལྟར་འཇིགས་མེད་ཐུབ་བསྟན་གྱིས་སྔོན་གནས་རྗེས་སུ་དྲན་པའི་ལོ་རྒྱུས་འདི་བྱུང་ནས་ཡུན་རིང་ལོན་པའི་དབང་གིས་ངེད་ཀྱིས་དངོས་སུ་ཚོད་བལྟ་བྱ་རྒྱུ་མ་བྱུང་མོད། དེ་ལྟ་ནའང་གནད་གང་ཆེའི་སྟེང་དུ་ཡིད་རྟོན་དུ་རུང་བའི་མི་དུ་མའི་སྐད་ཆ་བསྡུས་ཤིང་ཕན་ཚུན་བསྡུར་ནས་སྒྲོ་སྐུར་ཡོད་མེད་དང་། སྒྲོ་སྐུར་འབྱུང་ཉེ་བའི་རྒྱུ་མཚན་ཡོད་མེད་སོགས་ལེགས་པར་བརྟགས་པས་ཕྱོགས་གཉིས་ཆར་ལའང་དམིགས་ཡུལ་གཞན་པ་དང་རྒྱུ་མཚན་གཞན་པ་ཅི་ཡང་མི་འདུག་སྟེ། ཁྱིམ་ཚང་གཉིས་ལ་ནི་སྔར་འབྲེལ་བ་ཅི་ཡང་མི་འདུག་པར་མ་ཟད་ཕན་ཚུན་ངོ་ཡང་མི་ཤེས། སྐྱེ་བ་སྔ་མ་ཐུབ་བསྟན་བློ་འཕེལ་ཡང་བླ་མ་ཞིག་གི་ཡང་སྲིད་ཡིན་ཞེས་ཕ་སྐར་ཆེན་ལ་བླ་སྤྲུལ་འགའ་རེས་གསུངས་མྱོང་པ་ཙམ་ལས་ཕྱི་རོལ་ཡོངས་གྲགས་སུ་སྟོབས་འབྱོར་སྙན་གྲགས་ཅི་ཡང་མི་འདུག ད་ལྟའི་བྱིས་པ་འཇིགས་མེད་ཐུབ་བསྟན་གྱི་ཁྱིམ་ཡང་དམངས་དཀྱུས་མ་ཞིག་ལས་དམིགས་བསལ་བ་ཅི་ཡང་མི་འདུག དེས་ན་ཕྱོགས་གཉིས་ཆར་ལའང་དམིགས་ཡུལ་གཞན་ཅི་ཡང་མ་མཐོང་། དོན་རེ་རེའི་སྟེང་དུའང་མི་མང་པོས་སྐབས་དེའི་གནས་ཚུལ་བཤད་པ་ཐམས་ཅད་གཅིག་གྱུར་དུ་བྱུང་ཞིང་། ཁྱད་པར་དུའང་ཐུབ་བསྟན་བློ་འཕེལ་གྱི་ཕས་ཡུན་རིང་པོའི་བར་དུ་དང་ལེན་མ་བྱས། ཕྱིས་སུ་རྒྱུ་མཚན་དུ་མས་ཁས་ལེན་མི་བྱ་ཀ་མེད་བྱུང་ནས་ད་གདོད་དང་ལེན་བྱས་པ་ཡིན། མདོ་གོང་མའི་བླ་གྲྭ་དང་སྔར་གྱི་ཉེ་འབྲེལ་དང་ཡུལ་མི་ཕལ་བ་ཚུན་ཆད་ཀྱིས་ཀྱང་བརྟག་དཔྱད་སྣ་ཚོགས་པ་བྱས་ཏེ་སྔར་ནས་ཐམས་ཅད་ཡིད་ཆེས་ཡང་དག་པ་རྙེད་པ་ཡིན་འདུག་སྟེ། ཁོང་ཅག་གིས་བཤད་པ། འདི་དང་པོ་ནས་ང་ཚོའི་ཐུབ་བསྟན་བློ་འཕེལ་རེད་ཅེས་བླ་མ་དག་གིས་ངོས་འཛིན་བྱས་པ་མ་ཡིན་པར་ཁོ་རང་གིས་ང་ཡིན་ཞེས་ཚུར་སྨྲས་པ་རེད། དེ་ལ་ཡིན་ངེས་ཀྱི་རྒྱུ་མཚན་སྟོབས་ལྡན་ཞིག་མེད་ན་ང་ཚོས་ཀྱང་རང་མགོ་རང་གིས་གཡོག་དོན་ག་ལ་ཡོད་ཟེར་ཏེ་བདེན་གཏམ་ཁོ་ན་རེད་སྙམ་དུ་སེམས་སོ། །འདི་ལྟར་སྐྱེ་བ་སྔ་ཕྱི་དྲན་པ་ནི་བོད་གཅིག་པུ་མ་ཡིན་པར་འཛམ་བུ་གླིང་གི་ས་ཆ་གང་དུའང་ཡོད། དུས་ཀྱང་དེང་སང་གཅིག་པུ་མ་ཡིན་པར་ལོ་སྟོང་ཕྲག་དུ་མའི་སྔོན་ནས་ཀྱང་ཡོད། གང་ཟག་ཀྱང་བླ་མ་དང་སྤྲུལ་སྐུ་ལྟ་བུའི་རིགས་བཟང་བ་ཁོ་ན་མ་ཡིན་པར་མི་ཕལ་བ་དག་གི་ནང་ནའང་ཡོད། དེས་ན་ཡོངས་ཁྱབ་ཀྱི་སྲིད་པ་འཁོར་བའི་རང་བཞིན་གྱི་སྣང་ཚུལ་ཞིག་ཡིན་གྱི་སྒྲོ་བཏགས་ཀྱི་བཤད་སྒྲོས་ཙམ་ཞིག་མིན། ནུབ་ཕྱོགས་ཀྱི་རིགས་པ་སྨྲ་བ་དག་སྐྱེ་འགྲོའི་རྣམ་ཤེས་ཀྱི་རང་བཞིན་དང་སྐྱེ་འཆིའི་རྣམ་བཞག་འདིར་རྒྱུས་མངའ་ཤིན་ཏུ་ཆུང་བ་དང་ཞིབ་འཇུག་ཚད་དུ་མ་ལོང་བའི་དབང་གིས་རང་གི་ནང་ཆ་གསལ་པོར་སྟོན་པའི་རྣམ་རྟོག་གི་འཆར་ཚུལ་ཡིག་རིས་སུ་བཀོད་པ་དུ་མ་ཡོད་ཀྱང་། ཇི་སྐད་དུ། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་པ་བཞིན་དུ་དངོས་པོའི་རང་བཞིན་ནི་སུས་ཀྱང་ཞེ་འདོད་ཙམ་གྱིས་གཞན་དུ་སྒྱུར་ག་ལ་ནུས་ཏེ་ནམ་ཡང་མི་སྲིད་དོ། །སྐྱེ་བ་སྔ་ཕྱི་མངོན་སུམ་དུ་བྱུང་བ་དང་མ་ཤི་བཞིན་དུ་རྣམ་ཤེས་གདོས་བཅས་ཀྱི་ལུས་འདི་ལས་ཐོན་ནས་ཕྱི་རོལ་ཏུ་འགྲོ་བ་འདི་དག་ནི་རྣམ་ཤེས་ཀླད་ཆེན་གྱི་འདུ་བྱེད་དམ་འགུལ་བསྐྱོད་ཙམ་ཞིག་ཡིན་ཟེར་བའི་ལོག་རྟོག་རྙིང་ཧྲུལ་དེ་དག་གི་སྟེང་དུ་རབ་ཏུ་འཇིགས་ཤིང་ཡ་ང་བའི་རྡུལ་ཕྲན་གྱི་འབར་མདེལ་ཞིག་ཏུ་གྱུར་པ་ཡིན་ཏེ། གཞི་རྩའི་ཐོག་ནས་གཏོར་བརླག་ཏུ་བཏང་བ་མ་ཡིན་ནམ། དེ་ཡང་དངོས་པོ་རང་གི་ཆོས་ཉིད་ཀྱིས་དེ་ལྟར་དུ་བྱས་པ་ཡིན་གྱི། དབང་ཤུགས་ཆེ་ཆུང་དང་ཁ་ལྕེ་ཡོད་མེད་ཀྱིས་ལྟ་ག་ལ་ཡིན། འོན་ཀྱང་ད་ལྟའི་དུས་ཀྱི་སྔོན་ཐོན་གྱི་ཀླད་ཆེན་ཞིབ་འཇུག་པ་དག་གིས་ནི་སྔར་གྱི་དེ་ཁོ་ན་ལྟར་དུ་སྨྲ་བ་མ་ཡིན་པར་ཡང་ཤེས་དགོས་སོ། །དེ་ལྟར་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ཡོད་པར་བལྟ་བ་འདི་ནི་འཇིག་རྟེན་ཡང་དག་གི་ལྟ་བ་རྣམ་པར་དག་པ་སྟེ། ཚེ་འདིར་སྤྱི་ཚོགས་ཡར་རྒྱས་དང་ཕྱི་མ་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་དམ་པ་འཐོབ་པར་བྱེད་པའི་གཞི་རྩའི་ལྟ་བ་རིན་ཐང་དང་བྲལ་བ་ཞིག་ཡིན་མོད། དེང་དུས་བོད་ཀྱི་ཤེས་མེད་འགའ་ཞིག་གིས་ཀྱང་ཙན་དན་སོལ་བར་བྱེད་པར་འདོད་པ་ནི་ཀུན་སློང་བཟང་ངན་གང་ཞིག་ཡིན་ཡང་རུང་སྟེ། དོན་ལ་ནོར་བ་རྔམ་པོ་ཆེ་ཞིག་ཡིན་པ་འདི་རྒྱུ་མཚན་དང་བཅས་པའི་སྒོ་ནས་གསལ་པོར་ཤེས་པ་གལ་ཆེའོ་ཞེས་པ་ནི་ཞར་བྱུང་དུ་སྨྲས་པ་ཡིན་ནོ།། །།
འབྲེལ་ཡོད་འོས་སྦྱོར།