logo

སྔོན་གནས་རྗེས་སུ་དྲན་པའི་བྱུང་བ་བསྙོན་མེད་སྲིད་པའི་རང་གཤིས་ཞེས་བྱ་བ།

རྩོམ་པ་པོ།:མཁན་ཆེན་ཚུལ་ཁྲིམས་བློ་གྲོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-23 ཀློག་གྲངས།:
      སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སྐྱེ་བ་སྔ་ཕྱིའི་རྣམ་བཞག་ཅུང་ཟད་བརྗོད་པ་ལ། དེའི་རང་བཞིན་མདོར་བསྡུས་སུ་བསྟན་པ་དང་། སྔོན་གནས་རྗེས་སུ་དྲན་པའི་བྱིས་པ་གཉིས་ཀྱི་དཔེ་བརྗོད་རྒྱས་པར་བཤད་པ། རང་གི་བསམ་ཚུལ་བརྗོད་པའི་སྒོ་ནས་མཇུག་བསྡུ་བའོ། །

དང་པོ།

དང་པོ། སྐྱེ་བ་སྔ་མ་ནས་ཕྱི་མར་འོང་ཚུལ།
      སྐྱེ་བ་སྔ་ཕྱི་ཞེས་པ་འདི་ཐ་ན་གྲོག་སྤུར་ཡན་ཆད་ཐམས་ཅད་ལ་མེད་པ་གཅིག་ཀྱང་མེད། དེ་ཡང་སེམས་ཅན་རྣམས་འཆི་བ་ན་རྣམ་ཤེས་རིམ་གྱིས་འགགས་ནས་མཐར་བརྒྱལ་ཏེ་འགྲོ། དེ་ནས་བརྒྱལ་དེ་སངས་པ་ན་རིམ་གྱིས་སྔ་མའི་ལུས་དང་བྲལ་ནས་ཡིད་ཀྱི་ལུས་ཤིག་ཀྲོང་ངེར་སྐྱེས། ལུས་དེ་ལ་རྣམ་ཤེས་བརྟེན་ནས་རྨི་ལམ་རྨིས་པ་བཞིན་དུ་འཁྱམས་ནས་འགྲོ་སྟེ། བར་སྐབས་འདིར་སྣང་བ་བཟང་ངན་སྣ་ཚོགས་པ་ཞིག་ཀྱང་འཆར། དེ་ནས་སྐྱེ་བ་ཕྱི་མའི་གནས་སུ་སོང་ནས་ལུས་ལེན་པ་ཡིན་ནོ། །
གཉིས་པ། སྐྱེ་བ་སྔ་མ་དྲན་ཚུལ།
      སྐྱེ་བ་སྔ་མ་ནས་ཕྱི་མར་འོང་བ་ན་མའི་མངལ་ནས་ཡུན་རིང་པོའི་བར་དུ་བརྒྱལ་ཏེ་འདུག དེའི་དབང་གིས་མི་ཕལ་མོ་ཆེ་ཞིག་གིས་སྔོན་གྱི་ལོ་རྒྱུས་རྣམས་བརྗེད་དེ་འགྲོ། འོན་ཀྱང་ཉུང་ཤས་ཤིག་གིས་མ་བརྗེད་པར་གསལ་བར་དྲན་པ་དང་། ཅུང་ཟད་དྲན་པའང་ཡོད། དྲན་པའི་རྒྱུ་མཚན་ལ་སྒོམ་པའི་སྟོབས་ཀྱིས་དྲན་པ་དང་། སྐྱེས་ཐོབ་བམ་རང་བཞིན་གྱིས་དྲན་པ་དང་། ལས་བཟང་པོ་བསགས་པའི་སྟོབས་ཀྱིས་དྲན་པ་བཅས་ཡོད། བདག་ཅག་གི་སྟོན་པ་ཐམས་ཅད་མཁྱེན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་སྐྱེ་བོ་མང་པོས་སྐྱེ་བ་དྲན་པ་ཡོད་ཚུལ་སྔར་ནས་གསལ་བར་གསུངས་ཟིན་ལ། ད་ལྟ་འཛམ་གླིང་གི་ཤར་དང་ནུབ་གཉིས་ཆར་ན་དྲན་མཁན་ཤིན་ཏུ་མང་པོ་ཡོད་པ་རིམ་གྱིས་ཤེས་བཞིན་པ་ཡིན། ཨ་མེ་རི་ཁའི་མཐོ་རིམ་སློབ་གྲྭ་ཝེར་ཅུ་ནེ་ཡའི་དགེ་རྒན་ཆེན་མོ་རབ་འབྱམས་པ་ཧྲི་ཐུས་ཝེན་ཧྲེནDr.LanStevenson གྱིས་མི་ལོ་སུམ་ཅུ་ལྷག་ཅིག་གི་རིང་ལ་འཛམ་གླིང་གི་ས་ཕྱོགས་སོ་སོར་སོང་ནས་སྔོན་གནས་རྗེས་སུ་དྲན་མཁན་གྱི་མི་ཉིས་སྟོང་ལྷག་གི་ལོ་རྒྱུས་བསྡུས་ཏེ་ཞིབ་འཇུག་བྱས། འོན་ཀྱང་སྔོན་གནས་དྲན་མཁན་དེ་རྣམས་ལས་ཕལ་མོ་ཆེ་ཞིག་གིས་ལོ་བདུན་བརྒྱད་ཡན་ཆད་ནས་རིམ་གྱིས་བརྗེད་འགྲོ་བར་འདུག་གོ །
གསུམ་པ། སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་རྒྱུ་མཚན་ནོར་བར་བསྟན་པ།
      འགའ་ཞིག་གིས་དེང་རབས་ཀྱི་ཚན་རིག་གིས་མ་གྲུབ་བར་དུ་ཁས་མི་ལེན་ཟེར། འོན་ཀྱང་སྐྱེ་བ་སྔ་མ་དྲན་པའི་མི་མངོན་སུམ་དུ་གྲུབ་པས་དེ་ལས་ལྷག་པའི་ཚན་རིག་ཅིག་དགོས་དོན་རྩ་བ་ནས་མེད། གལ་ཏེ་ཅིས་ཀྱང་དགོས་ཟེར་ན། སྤྱིར་ཚན་རིག་གིས་ཤེས་བྱ་ཐམས་ཅད་ཤེས་མི་ནུས་ལ། ཁྱད་པར་དུ་ད་ཡོད་ཀྱི་དེང་རབས་ཚན་རིག་འདི་ཙམ་གྱིས་དངོས་པོ་ཐམས་ཅད་ཤེས་མི་ནུས་ལ། སེམས་ཀྱི་གསང་བ་ཟབ་མོ་རྣམས་ནི་དེ་བས་ཀྱང་ཤེས་མི་ནུས། ཤེས་བྱ་ཐམས་ཅད་ཚན་རིག་གིས་ཤེས་ནུས་པར་ཚན་རིག་པ་རྣམས་ཀྱིས་ཀྱང་ཁས་མི་ལེན། ཚན་རིག་གིས་ཤེས་མ་ནུས་པ་ཐམས་ཅད་མེད་པ་ཡིན་ཞེས་ཚན་རིག་པ་རྣམས་ཀྱིས་ཀྱང་འདོད་མི་ནུས་པས་དེ་འདྲའི་གཏམ་སྨྲ་བ་དེ་གཅིག་ནས་རང་ཉིད་བློ་གྲོས་རྒྱ་ཆུང་བ་དང་། གཉིས་ནས་ཚན་རིག་ལ་རྒྱུས་མེད་པ་དང་། གསུམ་ནས་ཨུ་ཚུགས་ཀྱི་གཏམ་ཡིན་པས་སྙིང་པོ་ཅི་ཡང་མེད་དོ། །
བཞི་བ། སྐྱེ་བ་སྔ་ཕྱི་ཡོད་པར་མ་ཤེས་པ་དང་ཤེས་པའི་སྐྱོན་ཡོན།
      སེམས་ཅན་རྣམས་ལ་སྐྱེ་བ་སྔ་ཕྱི་ཡོད་པ་འདི་མ་ཤེས་ན། མི་རྣམས་ཀྱིས་སྐྱེ་བ་ཕྱི་མའི་དོན་དུ་སེམས་ཐོག་ནས་གྲ་སྒྲིག་དང་ལུས་ངག་གིས་འབད་པ་གང་ཡང་མི་བྱེད། སྐྱེ་བ་ཕྱི་མ་མེད་སྙམ་ནས་རང་མགོ་རང་གིས་བསྐོར་ཏེ་ངན་སྤྱོད་སྣ་ཚོགས་བྱས་པས་མི་ཆོས་ཀྱི་སྙིང་པོ་དྲང་བདེན་དང་བྱམས་བརྩེ་དང་གཞན་ཕན་སོགས་མེ་ཏོག་སད་ཀྱིས་ཁྱེར་བ་བཞིན་དུ་གྱུར་ཏེ་སྤྱི་ཚོགས་ཡོངས་རྫོགས་མ་རབས་དང་གདུག་སྤྱོད་ཀྱིས་གང་བར་འགྱུར་རོ། ། དེ་ལྟ་ནའང་ཚེ་སྔ་ཕྱི་དེ་མེད་བསམས་པ་ཙམ་གྱིས་མེད་པར་ནི་མི་འགྱུར་བས་གང་ལྟར་ཡང་ཚེ་ཕྱི་མ་ནི་འབྱུང་བར་འགྱུར་བས། སྐྱེ་བ་ཕྱི་མའི་དོན་དུ་བསམ་བློ་ཅི་ཡང་མི་གཏོང་བར་ཚེ་འདིའི་ཟས་གོས་ཙམ་གྱི་དོན་དུ་མི་ཚེ་ཟད་པར་བྱེད་པ་ནི་ཕྱུགས་རྣམས་དང་ཁྱད་པར་ཅི་ཡང་མེད་པའི་རྨོངས་པ་ཁོ་ན་ཡིན་ནོ། །ཚེ་འདིར་བདེ་བ་ཙམ་གྱིས་ཆོག་སྙམ་སྟེ། བྱ་བ་མི་རིགས་པ་མང་པོ་བྱེད། ཚེ་འདི་རྫོགས་པ་ཙམ་གྱིས་ཐམས་ཅད་མཇུག་རྫོགས་པ་ཡིན་སྙམ་ནས་རྐྱེན་ཆུང་ངུ་རེའི་ཕྱིར་དུའང་རང་སྲོག་གཅོད་པར་བྱེད། གསོན་པོར་འཚོ་བ་ལ་དམིགས་ཡུལ་ཅི་ཡང་མེད་པས་ཤིན་ཏུ་ཡིད་སྐྱོ་བའི་གནས་ཡིན་ནོ། ། སྐྱེ་བ་སྔ་ཕྱི་ཡོད་པ་འདི་ཤེས་ན་མིག་རྒྱང་ཇེ་རིང་དུ་འགྲོ། བློ་རྒྱ་ཇེ་ཆེར་སོང་སྟེ་སྐྱེ་བ་གོང་ནས་གོང་དུ་ཇེ་བཟང་དུ་འགྲོ་བའི་ཆེད་དུ་འབད་པ་བྱེད་པས་མི་ཚེ་དོན་དང་ལྡན་པ་ཡིན་ནོ། །

གཉིས་པ།

དང་པོ། ཤེས་རབ་ཐབས་མཁས་ཀྱི་བྱུང་བ།

      འདིར་སྔོན་གནས་རྗེས་སུ་དྲན་པའི་ལོ་རྒྱུས་འཁྲུལ་མེད་གཉིས་ལས་དང་པོ་ཤེས་རབ་ཐབས་མཁས་ཀྱི་བྱུང་བ་ནི། དེ་ཡང་ཡུལ་མགོ་ལོག་རྨ་ཆེན་རྫོང་ར་རྒྱལ་གྲོང་རྡལ་སི་རིག་ཆེན་སྡེ་བར་སྔོན་གནས་རྗེས་སུ་དྲན་པའི་བྱིས་པ་གཉིས་བྱུང་སྟེ། ལོ་བཅུ་ཕྲག་གཅིག་དང་ཉག་མ་འགའ་ཞིག་སོང་། འོན་ཀྱང་ལོ་རྒྱུས་དེ་དག་ཉེ་འཁོར་གྱི་མི་ཉུང་ཤས་ཙམ་ལས་གཞན་ཤེས་མཁན་ཡང་ཆེར་མ་བྱུང་ལ། མཐོང་ཆེན་བྱེད་མཁན་ནི་དེ་བས་ཀྱང་མ་བྱུང་མོད། དེ་ལྟ་ནའང་ལོ་རྒྱུས་ནི་བསྲེ་བསླད་དང་བྲལ་བའི་དོན་གནས་ཀྱི་བྱུང་བ་དངོས་ཤིག་རེད། ཚུལ་འདིར་ངེད་ལ་དོགས་པ་ཕྲན་བུ་ཙམ་ཡང་མི་འདུག  དེ་ཡང་རྒྱུ་མཚན་རྣམ་པ་དུ་མ་ལ་བརྟེན་ནས་དོགས་པ་ཆོད་པ་ཡིན་གྱི། སྐྱེ་བ་སྔ་ཕྱི་ཡོད་ངེས་ཡིན་པས་དྲན་སྲིད་སྙམ་པ་དང་ཡོད་ཅིང་དྲན་པར་གྱུར་ན་ཅི་མ་རུང་སྙམ་པའི་ཚོད་འཇོག་དང་འདོད་ཕྱོགས་བཟུང་བ་རྩ་བ་ནས་མིན་ལ། དེ་ལྟར་བྱེད་འདོད་ཀྱང་མེད། མེད་པ་ལ་ཡོད་པར་སྒྲོ་བཏགས་པ་དང་ཡོད་པ་ལ་མེད་ཅེས་སྐུར་བ་བཏབ་ནས་སྐྱེ་བོའི་ཚོགས་མགོ་སྐོར་བའི་སྤྱོད་པ་ལག་ལེན་དུ་འདེབས་པ་ནི་དེ་བས་ཀྱང་བྱེད་མི་འདོད། འོན་ཀྱང་དངོས་པོའི་གནས་ཚུལ་ནི་འདི་ག་རང་དུ་འདུག་པས་རང་གིས་ཀྱང་ཡིན་པ་ལ་ཡིན་པར་བརྗོད་པར་འདོད་ཅིང་། གཞན་གྱིས་ཀྱང་ཡིན་པ་ལ་ཡིན་པར་ཤེས་པར་གྱུར་ན་ཅི་མ་རུང་སྙམ་པའི་བསམ་པ་བཅོས་མིན་དུ་མངའ་བའི་དབང་གིས་དོན་འདི་ཉིད་ཞིབ་པར་རྩད་གཅོད་བྱས་ཏེ་གཏན་ལ་ཕབ་པ་ཡིན་ནོ། ། དེ་ཡང་ལོ་རྒྱུས་འདི་འོལ་སྤྱི་ཙམ་ཞིག་སྔར་ནས་ཐོས་ཀྱང་ཞིབ་པར་མ་ཤེས། འདི་ལོའི་ཧོར་ཟླ་ལྔ་པའི་ནང་མགོ་ལོག་རྟ་བོར་ན་ཡོད་པའི་གསལ་ལྡན་ཞེས་པ་ཁྱིམ་ཚང་དེ་གཉིས་སུ་བཏང་སྟེ། ལོ་རྒྱུས་བདེན་པ་ཡིན་མིན་རགས་ཙམ་རྩད་གཅོད་བྱེད་དུ་བཅུག་པས་བདེན་པ་ཡིན་ཚོད་དུ་འདུག་ཟེར། དེ་ནས་ཟླ་དེའི་ཚེས་སུམ་ཅུ་དང་ཕྱི་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་དོན་འདི་དཔྱིས་ཕྱིན་པ་ཞིག་ཤེས་པར་བྱ་བའི་ཕྱིར་དུ་མགོ་ལོག་ཏུ་སོང་། དྲུག་པའི་ཚེས་གཅིག་གི་ཉིན་གུང་རྟ་བོར་ལ་འབྱོར། ཕྱི་དྲོ་འབྲོག་ཐོག་ཏུ་ཕྱིན་ནས་ལོ་རྒྱུས་རྩད་གཅོད་བྱས་ཏེ། ད་ལྟའི་ཕ་མ་གཉིས་དང་། བྱིས་པ་རང་བཅས་ལ་བཅར་འདྲི་བྱས། དེ་ནས་སྔ་མའི་བུ་དེ་ཐག་རིང་བའི་འབྲོག་ཐོག་ན་འདུག་ཀྱང་དེར་བོས་ནས་ཁོ་རང་གི་མཐོང་ཐོས་དང་བསམ་ཚུལ་ལ་རྟོག་དཔྱོད་བྱས། ཕྱི་ཉིན་སྔ་དྲོ་ཚེ་སྔ་མའི་ནུ་མོ་ལྷ་རིས་ཞེས་པ་རྟ་བོར་ནས་སྤྱི་ལེ་བདུན་ཅུ་ཙམ་ཡོད་པའི་འབྲོག་ཐོག་ན་འདུག་པས་དེར་སོང་ནས་དེ་ལ་འདྲི་རྩད་བྱས། ཕྱི་དྲོ་ཚེ་སྔ་མའི་ཨ་ཅེ་གཞན་ཞིག་སྤྱི་ལེ་བཞི་བཅུ་ཙམ་གྱིས་ཆོད་པའི་འབྲོག་ཐོག་ན་འདུག་པས་དེ་ལ་ལོ་རྒྱུས་དྲིས། དེ་ལྟར་དོན་འདིར་རྒྱུས་མངའ་ཤིན་ཏུ་ཡོད་པའི་གཙོ་བའི་མི་ལྔ་བྱིས་པ་རང་དང་བཅས་པ་དྲུག་ལ་ཞིབ་པར་དྲིས་ཏེ་གཏན་ལ་ཕབ་པ་ཡིན་ནོ། ། དེ་ཡང་སྔོན་གནས་དྲན་པའི་བྱིས་པ་འདིའི་མིང་ལ་ཤེས་རབ་ཐབས་མཁས་ཟེར། ད་ལོ་ལོ་བཅུ་བཞི་རེད། ཕའི་མིང་ལ་མཆོག་ལྡན་དང་མ་ལ་སྐར་མཚོ་ཟེར། བྱིས་པ་འདིའི་སྐྱེ་བ་སྔ་མ་བུད་མེད་དེའི་མིང་ལ་དུང་མོ་མཚོ་ཞེས་ཟེར། མི་རྣམས་ཀྱིས་དུང་ངེ་ཞེས་འབོད། ཡོས་ལོ་པ་ཡིན། བག་མར་ཐེངས་གཉིས་སོང་། དང་པོའི་སྐབས་སུ་བུ་ཚུལ་ཁྲིམས་བཀྲ་ཤིས་ཞེས་པ་དེ་སྐྱེས། ཐེངས་གཉིས་པའི་སྐབས་སུ་ར་རྒྱ་གྲོང་རྡལ་གྱི་མ་སྟེང་སྡེ་བ་ཞེས་པར་སོང་། ཁྱོ་བོ་ལ་ལོ་པས་ཟེར། དེ་ཕྱིས་སུ་ཤིང་གཅོད་ས་ནས་ཤིང་སྡོང་འགྱེལ་བ་མགོ་ལ་ཕོག་པས་དྲན་པ་ཆེར་མི་གསལ་བ་ཞིག་ཏུ་གྱུར། བུ་བཞི་དང་བུ་མོ་གཉིས་ཏེ་དྲུག་སྐྱེས། ལོ་སུམ་ཅུ་སོ་དགུར་སོན་པ་ན་འཆར་ལྡན་སྐྱེ་གསོའི་ཕྱིར་དུ་བཤའ་བཅོས་བྱས་པའི་རྐྱེན་གྱིས་འབྲུག་ལོའི་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ཤི་བར་གྱུར་པ་ཡིན་ནོ། ། འཆི་བའི་ཚེ་ན་རང་གི་མིང་པོ་ལ་ཁ་ཆེམས་བཞག་སྟེ། ད་རེས་ཀྱི་ནད་འདི་དྲག་ཀྱང་ཐང་ལ་མི་དྲག་ཀྱང་ཐང་། གལ་ཏེ་མ་དྲག་ན་ངའི་བུ་ཚུལ་བཀྲ་འདི་ཁྱོད་ཀྱི་རུ་སྐོར་ཉེ་འགྲམ་ན་ཡོད་པས་སྐྱིད་སྡུག་ཅི་འོང་ཁྱེད་ལ་བཅོལ་བ་ཡིན་ཞེས་ཟེར་ནས་ཚེ་དུས་བྱས། དེ་ནས་ལོ་གཅིག་ལྷག་ཙམ་གྱི་རྗེས་སུ་དུང་མོ་མཚོའི་མིང་པོའི་བུ་མོ་སྟེ། མོ་རང་གི་ཚ་མོ་སྐར་མཚོ་དང་དེའི་ཁྱོ་བོ་མཆོག་ལྡན་ཞེས་པ་དེ་གཉིས་ལ་བུ་ཞིག་བཙས། མིང་ལ་ཤེས་རབ་ཐབས་མཁས་ཞེས་བཏགས། དེ་གཏམ་སྨྲ་ཤེས་མ་ཐག་པ་ནས་ང་དུང་ངེ་ཡིན་ཟེར། སུས་ཀྱང་མ་བཤད་མ་བསླབས་བཞིན་དུ་སྐྱེ་བ་སྔ་མའི་ལོ་རྒྱུས་ཕྲ་ཞིང་ཞིབ་པ་དག་འཆད། ཚེ་སྔོན་མའི་དུས་ཀྱི་དངོས་པོ་དང་བུ་ཕྲུག་དང་ཁྱོ་བོ་ཉེ་འབྲེལ་རྣམས་བདེ་བླག་ཏུ་ངོས་འཛིན་བྱེད། འོན་ཀྱང་ད་ལྟའི་ཕ་མ་གཉིས་ཀྱི་བསམ་པ་ལ། རང་གི་ཁྱིམ་དབུལ་ཞིང་ཚེ་སྔ་མ་བག་མར་ཕྱིན་པའི་ཁྱིམ་དེ་ཕྱུག་པས་དེ་ཚང་གི་མནའ་མའི་རྣམ་ཤེས་རེད་ཅེས་བསྒྲགས་ན། ནོར་རྫས་ཀྱི་སྐལ་བ་སློང་བ་ལྟ་བུར་འགྲོ་སྙམ་སྟེ། ཕྱིར་མ་བཤད། ནང་དུ་རང་གི་ཨ་ནེའི་རྣམ་ཤེས་ཡིན་པར་ཐག་བཅད་དེ་བསྡད། འོན་ཀྱང་བྱིས་པ་རང་གིས་ཚེ་སྔ་མའི་བུ་སོགས་ངོས་འཛིན་བྱས་པས་མཐར་ཉེ་འཁོར་གྱི་མི་རྣམས་ཀྱིས་ཤེས་པར་གྱུར་ལ། བུ་དང་ཨ་ཅེ་སོགས་ཀྱིས་ཀྱང་རང་གི་མ་དང་ནུ་མོ་དེའི་རྣམ་ཤེས་ཡིན་པའི་ཐག་ཆོད་པར་གྱུར་ཏོ། །ཐོག་མར་བར་སྲིད་དྲན་ཚུལ་ལ། མ་སྐར་མཚོས་སྨྲས་པ། བྱིས་པ་ཆུང་ངུ་གཏམ་སྨྲ་ཤེས་ཙམ་ནས་སྐྱེ་བ་སྔ་མའི་ལོ་རྒྱུས་འདི་དག་སུས་ཀྱང་མ་དྲིས་བཞིན་དུ་སྨྲ་བར་བྱེད། དེ་ཡང་ཐོག་མར་ང་ཨ་ཁུ་བརྩོན་འགྲུས་ཚང་ལ་འགྲོ་སྙམ་ནས་སོང་ཡང་དེ་ཚང་གིས་ང་ལ་སྒོ་ཁྱི་མི་འགོག་ཅིང་ཁ་ལན་མི་བྱེད་ཐམས་ཅད་ཀྱི་ངོ་ནག་རོག་གེ་འདུག  དེ་ནས་གཞན་དུ་འགྲོ་ས་མ་རྙེད་པས་འདིར་འོང་བ་ཡིན། དེ་ཡང་ད་ལྟའི་མ་དང་དེའི་བུ་ད་ལྟའི་ཤ་ཉེ་གཉིས་ཀྱིས་གཡག་འགའ་ཞིག་དེད་ནས་འོང་གིན་འདུག་པས་དེ་དང་འགྲོགས་ནས་འོང་བ་ཡིན་ཟེར། གཡག་འགའ་ཞིག་དེད་ཅེས་པ་དེ་ཐེངས་གཅིག་ངེད་ཚང་གི་ལུག་འགའ་ཞིག་བཤའ་སར་ངེད་གཉིས་ཀྱིས་གཡག་གསུམ་དེད་དེ་སོང་བས་དེ་ཡིན་པར་འདུག་ཅེས་ཟེར་རོ། །དོན་འདི་སྔ་མའི་ནུ་མོ་ལྷ་རིས་ཞེས་པ་འདི་ལའང་སྨྲས་འདུག་སྟེ། དེས་བཤད་པ། བྱིས་པ་ཆུང་ངུ་གཏམ་ཅུང་ཟད་སྨྲ་ཤེས་པ་ན། ང་རང་རྭ་རྒྱ་དགོན་པའི་ཕར་ངོས་ཀྱི་ནགས་ལམ་དེ་ན་ཡར་རླངས་འཁོར་ནང་དུ་བསྡད་དེ་སོང་། དང་པོ་ང་ཚོའི་མིང་པོ་དེ་ཚང་ལ་སོང་ཡང་ཁྱི་མི་འགོག་ཁ་ལན་མི་བྱེད་པས་སྐར་མཚོ་ཚང་ལ་འོང་བ་ཡིན་ཞེས་ཟེར་རོ། །

ངོས་གོང་མ། ངོས་འོག་མ།
འབྲེལ་ཡོད་འོས་སྦྱོར།