དེང་དུས་ཕ་ཡུལ་གྱི་གཉེན་སྟོན་ལས་འཕྲོས་པའི་གཏམ།
ཁྱིམ་པའམ་མི་སྐྱ་མང་ཆེ་བའི་ཟས་ཡོན་ནམ་ཕ་མ་གཉིས་ཀྱི་མི་ཚེའི་བྱ་བ་ཉག་གཅིག་པོ་ནི་སོ་སོ་བུ་ཕྲུག་གི་འགྲོ་འདུག་གནས་གསུམ་སོཊ་ཀྱི་ལས་དག་མ་ཕྱུག་པར་བསླབ་རྒྱུ་ནི"རྟོགས་པ་ལྷ་དང་མཉམ་ནའང་། སྤྱོད་པ་མི་དང་མཉམ་པ་དགོས”ཟེར་བའི་དཔེ་བཞིན་ནོ། དེ་བས་ཀྱང་དོན་ཆེན་གལ་ཆེན་ཞིག་ནི་སོ་སོའི་བུ་ཕྲུག་གི་འཇིག་རྟེན་མཐུན་འཇུག་གི་ལས་སམ་ཁྱིམ་འཛིན་པའི་བྱ་བ་དེ་ཡིན། ནམ་ཞག་རྒྱུན་དུ་ཕ་མ་མང་པོའི་སེམས་ཚེགས་གཅིག་པ་རྐྱང་རྐྱང་རེད། རེ་བ་ཡང་གཅིག་པ་ཁོ་ན་རེད། དེ་ནི་སོ་སོའི་བུ་ཕྲུག་གང་འདྲ་ཟེ་རང་སྒོ་ཐོན་པ་བཟོ་རྒྱུ་དང་གཅིག སོ་སོའི་བུ་ཕྲུག་མི་གཞན་ལས་མི་དམན་པའམ་མི་ཞན་པ་བྱུང་ན་སྙམ་པས་གཉིས་སོ། ཕ་མ་དྲིན་ཆེན་ཚོས་བསམ་འདུན་དེ་གཉིས་པོ་སྒྲུབ་ཚར་དུས་སོ་སོ་མི་ཡུལ་ལས་བྲལ་རྒྱུ་དེ་ཡང་ཡ་མཚན་ཞིག སྡུག་བསྔལ་ཞིག་གང་དུ་ཡང་མི་སྣང་། དེ་ནི་ཁོ་ཚོར་ཕ་མ་ཞེས་པའི་འགན་འཁྲི་གསོན་པོ་ཞིག་ཡོད་པས་རེད། ཡོད་ཚད་ཀྱི་ཡོད་ཚད་སོ་སོའི་བུ་ཕྲུག་ལ་བཅངས་པའི་སྙིང་དམར་གསོན་པོ་ཞིག་ཡོད་པས་རེད། ནམ་ཡང་སོ་སོའི་བུ་ཕྲུག་གི་ག་བྱས་ག་ཡོང་ལ་བྱམས་སྙིང་རྗེའི་མིག་ཟུང་འཕེན་འདོད་ཀྱི་བློ་ཁ་དྭངས་མ་ཞིག་ཡོད་པས་རེད། ད་མང་པོ་མང་པོ་ཞིག་བརྗོད་མི་འདོད། བརྗོད་པའི་དབང་དུ་བཏང་ཚེ་ཁོ་བའི་རྩོམ་གྱི་ཁ་བྱང་དང་ནང་དོན་གྱི་བར་ཐག་ཅུང་ཙམ་མ་ཟད་ཧ་ཅང་གི་མི་འཐད། འདིར་བརྗོད་འདོད་པ་ནི་ཁོ་བོའི་ཕ་ཡུལ་གྱི་ཚབ་བྱས<གསལ་བཤད། གཞན་བོད་ཁུལ་གྱི་གནས་ཁག་ཅིག་ཏུ་དེ་དང་དེ་འདྲ་བའི་གཉེན་སྟོན་གྱི་རིགས་མེད་པའང་མ་ཡིན།>ཏེ་དེང་དུས་ཀྱི་གཉེན་སྟོན་སྐོར་ལ་མདོ་ཙམ་འཆད་པར་སྤྲོ།
སྔོན་ཆད་ཕ་ཡུལ་གྱི་གཉེན་སྟོན་སྐབས་ཁོ་བོའི་དྲན་གསལ་ལ་མི་རྣམས་དེང་སང་ལྟ་བུའི་གཟབ་སྤྲོས་རྒྱས་པོ་མེད་ཀྱང་འདོད་བློ་ཁེངས་མཁན་ཤ་སྟག་རེད། གོས་འབུ་རས། རྒྱན་གསེར་དངུལ་སོཊ་ལ་འགྲན་རྩོད་མེད། དེ་བས་ཀྱང་སྐབས་དེ་དུས་འཇིག་རྟེན་མཐུན་འཇུག་རྗེས་ཀྱི་ཕོ་མོའི་བརྩེ་དུང་ནི་སྔོན་ལ་གཉེན་སྒྲིག་དང་རྗེས་ལ་བརྩེ་དུང་སླེབས་པ་ཞིག་ཡིན་རུང་ངོ་མ་ཆུ་དང་འོ་མའི་བརྩེ་བ་རང་རེད། རྡོ་བསྐོས་རི་མོའི་དམ་བཅའ་རང་རེད། དེང་དུས་མང་པོ་མང་པོ་ཞིག་གིས་བཙན་ཤེད་གཉེན་སྒྲིག་སུ་འབོད་རུང་། ཁོ་བོས་བལྟས་ན་སྔོན་གྱི་གཉེན་སྒྲིག་ལ་བཙན་ཤེད་གཉེན་སྒྲིག་གི་ཆོ་ལོ་རང་ད་ཅང་འཐོབ་མི་སྲིད། སྐབས་དེ་དུས་ཕྱོགས་གཉིས་པོའི་ཕ་མས་སོ་སོ་བུ་ཕྲུག་དང་ཁྱིམ་ཚང་གི་གནས་འབབ་ལ་གཞིགས་ངེས་རེད། དེ་ནི་གོང་དུ་བཤད་ཟིན་པ་ལྟར་ཕ་མའི་ངོས་ནས་བརྗོད་ན་མི་ཚེའི་དོན་ཆེན་གལ་ཆེན་ཞིག་ཡིན། དེ་བས་སྐབས་དེ་དུས་བུ་བུ་མོ་མག་པ་བག་མར་སྟེར་དུས་ཕ་མས་རྐང་ལག་བཀྱིས། ཉེས་བརྡུངས་བཏང་བཞིན་སྟེར་སྲོལ་ཡང་མེད་པའི་ཕྱིར།
དེང་དུས་ཀྱི་གཉེན་སྒྲིག་སྐོར་ལ་ཁོ་བོས་མིག་མཐོང་ལག་ཟིན་མེད་པ་དག་འཆད་ལ་མི་སྤྲོ། རྒྱུ་མཚན་ནི་ཁོ་བོའི་ཕ་ཡུལ་ལས་སྒྲུབ་བྱེད་ཁུངས་བཙན་མང་དག་ཡོད་པས་ཡིན། དང་པོ་གཉེན་སྟོན་ཁོ་ནའི་སྟེང་ན་བརྗོད་ན་མི་རྣམས་ཀྱི་འཚོ་བར་འཕོ་གྱུར་དང་གཅིག བསམ་བློའི་འཁྱེར་སོ་མི་འདྲ་བས་གཉིས། གང་ས་གང་ནས་ཤུགས་རྐྱེན་སྣ་མིན་བྱུང་བས་གསུམ་མོ། རྒྱུ་རྐྱེན་དེ་དག་གི་རྐྱེན་པས་གཉེན་སྟོན་སྐབས་སྔོན་ལ་གྲ་སྒྲིག་གང་འདྲ་དང་གང་འདྲ་བྱེད་དགོས་རེད། ཅ་དངོས་དག་ཁྱིམ་ཚང་སོ་སོ་ལ་ཡོད་རོག་བྱས་ན་ལྷ་རབས་རེད། འོན་ཀྱང་ཁྱིམ་ཚང་གི་གནས་འབབ། གཞན་གྱི་ངོ་སོའི་ཆེད། དཀར་ས་ཉེ་ས་གང་སར་ཅ་དངོས་ཚ་ཚང་བ་གཉེན་སྟོན་གོང་ལ་གཡར་མི་ཚར་གཉེན་སྟོན་རྗེས་ལ་སྐྱེལ་མི་ཚར། ད་དུང་གཉེན་སྟོན་ཟེར་རུང་རྒྱན་གོས་འགྲན་རྩོད་ཀྱི་འདུ་འཛོམས་རང་རེད། ཡོད་པ་དག་གིས་ང་རྒྱལ་གྱིས་འགྲོ་སྟངས་འགྱུར། མེད་པ་དག་གིས་ཁོང་ཁྲོས་ཕྲག་དོག་སྐྱེས། དེ་ཚོ་གང་དང་གང་གི་ལན་པ་རེད། དེ་ནི་དེང་དུས་མིའི་འདོད་པས་བཟོས་པ་རེད། ཕྱི་ཚུལ་རིང་ལུགས་ལ་དགའ་བས་བཟོས་པ་རེད། སུ་དང་གང་ལ་འཁང་ར་བྱེད་ས་ཅི། ད་དུང་ཕོ་མོ་གཉིས་ཀྱི་བརྩེ་བ་ལ་བར་ཆད་མེད་ན་དེ་དག་སྟོང་ཟད་ག་ལ་ཡིན། དེ་དག་གི་སྟ་གོན་དང་འགྲོ་སོང་སོགས་ལོས་ཆོག ཁོ་བོ་ལ་འོན་ཀྱང་ཞེས་རེ་ཆད་ཀྱི་དབུགས་རིང་བཏང་རྒྱུ་ལས་གཞན། གཉིས་པ་དེང་དུས་ཁྱིམ་འཛིན་རྗེས་ཀྱི་ཕོ་མོའི་བརྩེ་དུང་ལ་གཞིགས་དུས་མཐོང་མཐོང་བ་དག་སེར་ཁ་ཤོར་བ་ཀྱང་ཀྱང་རེད།ཁ་ཆག་སྣ་རལ་ཁོ་ན་རེད། དེང་དུས་མང་པོ་མང་པོ་ཞིག་གིས་རང་མོས་གཉེན་སྒྲིག་ཞེས་ཁ་སྙན་ཚིག་སྙན་གྱི་མིང་སྐམ་པོ་ཞིག་བཏགས་ཡོད། ངོ་མ་རང་མོས་རང་རེད།ཨ་གསར་རང་རེད། མདོར་ན་གྱོན་གོས་བརྗེ་བརྗེ་རང་རེད་ཟེར་ནའང་མི་འཚམས་པ་མེད་སྙམ།
དེ་རིང་ཁ་སང་ཕ་ཡུལ་ན་གྲོང་པ་ཁྱིམ་མཚེས་མང་དུ་མང་དུ་འགྲོ་གི་ཡོད་པ་ནི་མངོན་སུམ་བརྗོད་མེད་རེད། ཕ་ཡུལ་གྱི་མི་འབོར་མང་དུ་འགྲོ་གི་ཡོད་པ་མ་ཡིན། དེ་ནི་ད་ལྟ་བརྗོད་བཞིན་པའི་དེང་དུས་གཉེན་སྒྲིག་ཟེར་ནའང་འདྲ། རང་མོས་གཉེན་སྒྲིག་ཟེར་ནའང་ཐང་། གང་ལྟར་དོན་དངོས་ལས་བྲལ་བཞིན་ལས་རྒྱུ་འབྲས་མི་བརྩི་བའི་ཨ་གསར་ཅན་གྱི་གཉེན་སྒྲིག་དེའི་མཇུག་འབྲས་རེད། བཟའ་ཚང་འདི་འདྲ་དང་འདི་འདྲ་ཟེ་ཤ་ཁག་ཁག་གྲི་སོ་སོ་བྱེད་དུས་ལས་སླ་པོ་ཡོད་སྲིད་ངེས། འོན་ཀྱང་འགན་འཁྲི་མེད་པའི་བཟའ་ཚང་ཁ་བྲལ་གྱི་ཕ་མའི་མིང་འཛིན་པ་ཚོ་ཁྱོད་ཚོའི་བྱས་ཉེས་རྗེས་ཀྱི་བུ་ཕྲུག་ཚོར་བསམ་བློ་གཏོང་མྱོང་ངམ། ཁོ་ཚོའི་ད་ལྟ་དང་མ་འོངས་ལ་འདང་རྒྱག་མྱོང་ངམ། ཕ་མ་ཁ་བྲལ་སོང་བའི་ཁོ་ཚོའི་སེམས་པར་རིག་རྒྱུ་མེད་པའི་རྨ་ཁ། ད་དུང་རང་མཉམ་ཚོའི་འཕྱ་དམོད་བྱེད་པར་བལྟ་འདོད་ཡོད་དམ། བྱ་བ་བརྩམས་དུས་དགོད་བྲོ་བྲོ་དེ་མཇུག་འབྲས་ལ་བསམ་གཞིགས་བྱེད་མྱོང་ངམ། དེ་དང་དེ་འདྲའི་མི་ཚེའི་དོན་ཆེན་གལ་ཆེན་ཞིག་ལ་ལག་རྩེད་རྩེ་རྩེ། འགན་འཁྲིས་དབུལ་བ། ལས་རྒྱུ་འབྲས་བྲལ་དུས་ཁོ་བོ་ཡང་ཕྱིས་འབྱུང་གཉེན་སྒྲིག་གམ་ཁྱིམ་འཛིན་སྐབས་ཕ་མའི་བཀའ་ལྟར་སྲོལ་རྒྱུན་གྱི་འགྲོ་ལུགས་འགྲོ་སྟངས་བཞིན་བྱས་ན་ཅིས་དགའ།