སྲོལ་རྒྱུན་དང་བུད་མེད་ལ་རོབ་ཙམ་དཔྱད་པ།
བུད་མེད་ནི་མིའི་རིགས་ལ་ཚེ་སྲོག་གི་རྟེན་འབྲེལ་ཚུགས་སའི་རྟེན་འབྱུང་གི་གྲུབ་ཆ་གཙོ་བོ་ཞིག་སྟེ།རླབས་ཆེན་གྱི་མ་ཡུམ་ཡིན་ལ་གཟི་བརྗིད་ལྡན་པའི་ཨ་མ་ཡང་ཡིན། ཡིན་ཡང་། ད་སྐབས་མང་གྲས་ཤིག་གིས་བུད་མེད་ལ་དམའ་འབོད་དང་། འཕྱ་སྨོད། ཁྲེལ་དགོད། ཟུར་ཟ།ཕྲ་མ་སོགས་ཚིག་རྫོབ་མོད་པོ་གཅིག་ཐོག་གཉིས་བརྩེགས་ཀྱིས་གཅུན་གྱི་འདུག་ལ། ལ་ལས་སྲོལ་རྒྱུན་གྱི་བག་ཆགས་ལན་པས་བུད་མེད་ཚོ་གོ་གནས་དམའ་ས་ཞིག་དང་གྲུ་ཟུར་ཆུང་ས་ཞིག་ཏུ་བརྫངས་ཡོད་འདུག་ཅེས་ཀྱང་བརྗོད་ཀྱི་གདའ།
དེ་ལ་སྲོལ་རྒྱུན་བག་ཆགས་ཀྱི་དབང་གིས་རང་མཐོང་རང་དམན་གྱི་འདུ་ཤེས་རེ་ཟུང་འཛིན་གྱི་ཡོད་ན་ཐང་མོད།འོན་ཀྱང་།ཡོད་ཚད་སྲོལ་རྒྱུན་གྱི་ཁ་དབུགས་ལན་པས་མ་རེད། ཕྱོགས་རེ་འགའ་ཞིག་ནས་རྨོངས་རློམ་དང་། ནོར་འཛོལ་འཚོལ་དྲགས་པས་ཡང་ལན་པ་རེད། ཡང་སྐད་ཆ་རེ་འགའ་དུས་བསྟུན་གྱི་སྐད་ཆ་ཡིན་པས་ད་ལྟའི་སྤྱི་ཚོགས་ཀྱི་འགྲོ་ལུགས་ཁྲོད་དུ་མི་འཚམས་པ་ཡོད་ལོས་སྲིད། དཔེར་ན། བོད་ཀྱི་གཏམ་དཔེའི་ཁྲོད་དུ་རྟ་མདོ་བ་རང་གི་ཡན་ཞིག ཁྱིམ་ཆུང་མ་རང་གི་མན་ཞིག་ཅེས་ཟེར་བ་འདི་ལ་མཚོན་ན་སྤྱི་ཚོགས་རྙིང་བར་འཕྲུལ་ཆས་ཀྱི་སྐོར་དར་ཁྱབ་ཉུང་ལ་གཞི་རིམ་འབྲོག་ཁུལ་གང་དུའང་རྟ་གཡག་སོགས་བཀོད་སྤྱོད་གཏོང་གི་ཡོད་ལ། དེ་ལས་ཀྱང་མྱུར་ཚད་མགྱོགས་པ་ནི་རྟ་ཡིན་པས་སྐྱེ་པ་ཚོ་རྟ་རྒོད་ལ་དགའ་ཞིང་རྟ་རྒོད་གཅེས་ནོར་དུ་འཛིན་པས།རྟ་རྒོད་ཇི་འདྲ་ཡིན་ཡང་མི་ཡིས་ཁུག་པ་དང་། བུད་མེད་ནི་དུད་འགྲོ་མ་ཡིན་པར་བློ་ཤེས་ཡོད་པ་རེད།
གནའ་མིས་ཁྱིམ་རྒྱུད་འདི་གཅེས་སུ་གདམས་ཤིང་རུས་རྒྱུད་འདི་གལ་ཏུ་ཆེ་བས། བུད་མེད་མང་ཤས་གནས་ཚང་དུ་འགྲོ་དགོས་ལ་སོང་སྟེ་སྐྱེས་པའི་གོང་ལ་ཤོར་ནས་སྐྱེས་པ་གཡོག་དུ་བཀོལ་ཚེ་རུས་རྒྱུད་ཁྱིམ་རྒྱུད་ཀྱང་ཉམས་ཉེན་ཆེ་རུ་འགྲོ་སྲིད་པས། མྱོང་ཐོབ་ཅིག་གི་སྡོམ་ཚིག་བཀོད་དེ་དམངས་ཁྲོད་གཏམ་གྱི་དཔེ་རུ་ཚུད་པར་སྙམ། ད་སྐབས་སྤྱི་ཚོགས་ཡར་རྒྱས་བྱུང་བ་དང་།དཔལ་འབྱོར་གོང་འཕེལ་སོང་བ་སོགས་ཀྱི་ཚན་རིག་གི་མ་ལག་གང་སར་ཁྱབ་བརྡལ་འགྲོ་དང་འགྲོ་བཞིན་པའི་སྒང་འདིར། འབྲོག་དམངས་ལ་ཡང་འཕྲུལ་རྟ་རླངས་འཁོར་སོགས་དར་བ་དང་། རུས་རྒྱུད་གཙོ་བོ་མི་གལ་བའི་ཐོབ་ཐང་འདྲ་ཉམས་ཀྱི་དུས་རབས་འདིར། ཁྱིང་ཚང་གསོ་སྐྱོང་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཐབས་ལམ་ལེགས་ཤེས་དེ་སུ་ནུས་ཆེ་ན་དེ་ཡི་དགོངས་འཆར་ལ་གནད་འཛིན་དང་དེ་ཡི་ཐོབ་དབང་ཇེ་ཆེར་འགྲོ་བས།སྔོན་ཀྱི་དེ་ག་དེང་རབས་སྤྱི་ཚོགས་དང་འཚམ་འོས་ངེས་ཅན་མ་ཡིན་མོད། འོན་ཀྱང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་རྒྱལ་ཁབ་མང་པོ་དར་ཞིང་རྒུད་པའི་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ། གོང་མ་དཔོན་བློན་རེ་འགའ་ཆུང་མ་དང་མཛེས་མའི་བདེ་སྤྱོད་ཀྱིས་བརླམས་ཏེ་རྒྱལ་ཁབ་སིལ་ཐོར་དང་གོ་གནས་ཤོར་བའི་དྲན་གསལ་གྱི་མཐོང་ཐོས་ཡོད་པས། བུད་མེད་ཡོད་ཚད་མ་ཡིན་ཀྱང་རེ་འགར་ཆགས་སྤྱོད་ཀྱི་ཟློས་གར་ཁྲོད་ནས་ཟུར་མིག་གི་ལྐོག་གཡོ་གཞན་ཞིག་མཆིས་པ་གསལ་འདེབས་ཀྱི་རེ་སྐུལ་ཙམ་ལ་ཡང་གོ་གསལ་ཨེ་ཡོད་པར་སྙམ།
སྲོལ་རྒྱུན་གྱི་རིག་གཞུང་ཡོད་ཚད་ལ་བདེན་རློམ་སྟེར་མི་དགོས་པར། དེ་དག་ལ་རྟགས་བསམ་དཔྱད་གསུམ་སོགས་ཀྱི་བློ་གྲོས་ཀྱི་བརྡར་གཅོད་གནངས་ན་འཐུས་མོད། དེ་ལྟར་མ་བྱས་པར་ད་ལྟའི་བུད་མེད་ཀྱི་ཁྲོད་ནའང་བག་ཆགས་ལ་བདེན་ཁ་སྟེར་བ་མང་པོ་འདུག་པ་དེ་ཚོས་མྱུར་ཞིབ་ཀྱི་ཀླད་རྒྱ་མ་བརྐྱངས་པར་གཞན་གཅུན་མ་ཡིན་པར་རང་སྤྱུགས་རང་སྒྲོག་གི་རྒྱ་རུ་ཚུད་ཀྱིན་ཡོད་པས། ཁག་དཀྲི་བྱེད་ས་གཞན་མ་ཡིན་པར་སྡུག་ཐང་ན་ཡོད་ནོ་ཐོད་ལ་བླངས་པ་རྐྱང་རྐྱང་ལ་གཞོལ་ཏེ་རང་སྤོབས་རང་གིས་བཞུ་རུ་བཅུག་པ་རེད་ལ། ཡང་མང་པོ་ཞིག་ལ་ཞེ་སྡང་རུང་ཞེ་རུ་འཐིམས་ཡོད་ཚོད་འདུག་པས་བསམ་མནོ་ཕྲ་ཞིབ་གཏོང་དགོས་ཀྱི་ཕྱོགས་སུ། དཔེར་ན། བུད་མེད་དཀྱིལ་ཀྲུང་དུ་སྡོད་མི་རུང་པ་དང་བསང་ཕུད་མི་ཆོག་པ། སྐྱེས་པའི་གོང་དུ་བཙོག་མི་ཆོག་པ་སོགས་ཟེར་བ་ཙམ་ལ་འཇིགས་སྣང་དང་འཚར་སྣང་སྐྱེས་མི་དགོས་ལ་བདེན་ཁ་ཡང་ཐ་གཅིག་ཏུ་སྟེར་དགོས་ཀྱི་མི་འདུག དེས་ན་ཕག་མ་རྗེ་བཙུན་སྒྲོལ་མ་ཡང་བུད་མེད་རེད་ལ་དཀྱིལ་ཀྲུང་དུ་བྱད་གཟུགས་སྒྲེན་པོའི་སྐུ་རུ་བཞུགས་པ་དང་བཙུན་མ་རྣམས་ཀྱང་དཀྱིལ་ཀྲུང་དུ་སྒོམ་པ་སོགས་ལ་དམིགས་བསལ་ཞིག་ཡོད་དམ་དབང་ཐོབ་ཞིག་མངའ་སོང་། སྤྱིར་བསང་ཕུད་པ་ནི་སྔ་ཕྱིའི་སྐྱབས་མགོན་དཀོན་མཆོག་ལ་སྟོད་མཆོད་བྱེད་པ་མ་ཡིན་པར་ཚེ་འདིར་བར་ཆད་སེལ་བའི་སྐྱབས་སུ་རེ་ས་གཞི་བདག་ལ་སྦྲན་པ་ཡིན་པས། སྐྱེས་པ་ཚོ་ལབ་སྟོད་ལ་སོང་ཆོག་པ་དང་བསང་ཕུད་ཆོག་པའི་དབང་ཆེན་ཞིག་དང་། བུད་མེད་ཀྱིས་ཡུལ་ནས་གཞི་བདག་མཆོད་འབོད་རེ་མ་གཏོགས་བྱེད་མི་ཆོག་པའི་དབང་ཆུང་ཞིག་སུ་ཡིས་སྤྲད་པ་རེད། བག་ཆགས་ཀྱི་ས་རྡུལ་ཞིག་ཡིན་ནའང་ཐང་གི་ལ་ལས་བུད་མེད་ལ་གྲུབ་ཡོད་ནི་རེད་ཟེར། བུད་མེད་ལ་གྲུབ་ཡོད་ན་ནི་སྐྱེས་པ་ཚོ་བུད་མེད་དང་ལུས་འབྲེལ་ཤ་བརླན་གྱི་འདོད་ཚིམ་སྤྱད་ཀྱི་ཡོད་པ་དང་། སྐྱེས་པ་ཚོའི་རྒྱུ་རྫས་མང་པོ་ཡང་བུད་མེད་ཀྱི་ལས་ཚགས་ལག་རྩལ་ལས་སྒྲིག་གྲབས་བྱས་པས་སྐྱེས་པ་ལ་ཡང་གྲུབ་འགས་སྲིད་པ་སྨས་མ་དགོས་པ་ཞིག་ཡིན་རྒྱུ་འདོད། སྐྱེས་པའི་གོང་དུ་བཙོག་མི་ཆོག་ཟེར་བ་འདི་མ་གཞི་རྒན་བཀུར་ཆུང་བྱམས་ཀྱི་སྲོལ་བཟང་ལ་ཉན་ལོག་གོ་ལོག་ཏུ་བུད་སོང་བ་ཞིག་ལས་མ་ཚད། ཆེ་ཆུང་གི་གོ་རིམ་རེ་མ་གཏོགས་པའི་སྐྱེས་པའི་གོང་དུ་བུད་མེད་སྡོད་མི་ཆོག་པའི་ལམ་འཁྱེར་ཞིག་ཡོད་ན་ཁོ་བོའང་བློ་ཡིད་མགུ་བའི་སྤྲོ་བརྟས་མེད་པ་ཡིན་ལ། ཡང་ཕོ་དང་མོ་ཡི་གསོད་ནམས་ཀྱི་ཁྱད་ལ་ཆེ་ཆུང་ཡོད་པས་རྟེན་གྱི་ལུས་ལས་གསལ་བ་རྒྱུད་གཞུང་དུ་མངོན་གསལ་སྣང་ལ་གཞུང་གཞན་དུའང་མངའ་དཔེ་པས་དེ་ལ་བསྟུན་འགྲོས་སུ་སོང་བ་ཡིན་ཡང་སྲིད།
སྤྱིར་ན་ངས་གླེང་འདོད་པ་ནི་བུད་མེད་ཀྱི་མཛད་པ་འབྱམས་ཀླས་པ་དག་ཡིན་ཀྱང་། གླེང་ཞོར་འགྲོ་ཞོར་ཏུ་མཛད་དོར་འཆིང་སྡོམ་གྱི་དོ་ར་དེ་ལ་ཕྱིར་མིག་ཅིག་ཡང་འཕེན་དགོས་སོང་། དེ་ལྟ་ན། བུད་མེད་ལ་ལོ་རྒྱུས་ཀྱི་ཁྲོད་ནས་སྲོལ་རྒྱུན་གྱི་བག་ཆགས་རྙིང་བ་འབའ་རེས་རང་སྡོམ་རང་གཅུན་དང་། ཕོ་མཆོག་མོ་དམན་གྱི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེ་རིན་ཐང་ལྟ་ཚུལ་སོགས་སུ་གདེང་འཇོག་ཞན་མཆིས་ཀྱི་རྣམ་པ་མང་པོ་མངོན་དུ་སྤྲད་འདུག་པ་ལ་བསམ་ན་ཡང་། སྐྱེས་པ་ཚོས་ཁེངས་མདོག་གི་ཐོ་ཅོ་རྩུབ་མོ་རེ་ལབ་ཚེ་སྤ་བཀོང་བག་འཁུམས་ཀྱི་གཤིས་འཇམ་ངག་འཇམ་གྱི་རྒྱུས་ལན་ལོག་ལོག་རེ་བྱིན་པའི་མཇུག་འབྲས་ཀྱིས་སྲོལ་རྒྱུན་ལ་འཁང་ར་དང་སྐྱེས་པ་ལ་རྒོད་ལན་སྤྲོད་པའི་ལམ་བུ་ཀྱག་ཀྱོག་ཞིག་མནོས་བྱུང་ལ། བུད་མེད་ཀྱི་སེམས་ལ་ན་ཟུག་དྲེག་པོ་རེ་བསླངས་སོང་པ་སོགས་ཀྱང་བག་ཆགས་ཀྱིས་བརླན་ཡོད་ན་དོང་སྤྲུགས་བྱེད་དགོས་ཚོད་རེད།
ལར་འཇིག་རྟེན་འདི་རུ་འདོད་སྤྱོད་ཀྱི་ཆགས་སྲེད་མེད་པ་གཅིག་ཀྱང་མེད་ཅེས་ཁ་མཚོན་བཅད་ཆོག་ཆོག་ཡིན་ཀྱང་། ཉོན་རྒྱུད་དག་པར་སྦྱང་སྟེ་ཞི་བ་མྱང་འདས་ཀྱི་གོ་འཕང་ལ་སྙེགས་པའི་སྨོན་ལམ་སྒྲུབ་མཁན་གྱི་སེར་སྐྱའི་གང་ཟག་དམ་པ་ཡང་བགྲངས་དུ་མི་ལོངས་པ་ཡོད་ཡོད་ཀྱི་མ་གཏོགས། འདོད་ཚོར་བུད་མེད་མི་འདོད་སྐྱེས་པ་སུ་ཞིག་མཆིས།། སྐྱེས་པ་མི་འདོད་བུད་མེད་སུ་ཞིག་མཆིས།། ཅེས་པ་སོགས་འདོད་ཞེན་གྱི་བདེན་གཏམ་མང་པོ་སྔོན་བྱོན་དྲན་དབང་ཁྱུ་ཡི་བསྟན་བཅོས་ལ་གཟིགས་དང་ཞིབ་གསལ་དུ་མཆིས་ཡང་དེང་སྐབས་གསར་བུ་ལ་ལས་བུད་མེད་མང་པོ་སྒོར་སྣེ་བསྟན་ནས་ལུས་འབྲེལ་བྱེད་པ་སོགས་ཁྲེལ་མེད་ཀྱི་དོན་དག་སྣ་ཚོགས་རྩོམ་གྱི་འདུག་ལ། གང་ཡག་གང་སྐྱིད་ཀྱི་ལབ་རྒྱག་ཡང་མོད་པོ་འཆད་ཀྱི་ཡོད་པ་དག་ལ། དོན་དངོས་སུ་ངེས་དོན་གྱི་རྩེད་སྤྱད་བྱེད་མཁན་དེ་གསར་བུ་ཁྱེད་རང་མ་ཡིན་པར་ཟུངས་ཁྲག་གི་དངས་མ་གཞིབ་པའི་གསར་མོ་རང་རེད། ཁྱེད་ཀྱི་ཁུ་བ་གང་བྱོ་རུ་སྟེར་མི་རུང་སྟེ། ཁྲག་གི་ཐིགས་པ་དཀར་ཡོལ་གང་ཙམ་གྱིས་ཁུ་བ་ཐིགས་པ་གཅིག་གྲུབ་གི་ཡོད་ཅེས་འདོད་བསྟན་དུ་གསལ་བས། ཁེ་གྱོང་ཉོ་མཁན་ཡང་གསར་བུ་རྐྱལ་སྟོང་ཁྱོད་རང་ཉིད་ཡིན་མིན་ཟ་མ་མོ་ཟེར་བའི་ཡིག་འབྲི་འདི་གར་བསམ་གཞིག་གི་རང་ཁ་ནང་དུ་བསྐོར་དང་རྟོགས་ནུས་ལ་།བུད་མེད་ཡང་མང་ཆེ་བ་ཞིག་གིས་གྲོང་ཆོས་ཀྱིས་མ་གོས་པའི་མཛེས་སྡུག་གི་ལང་ཚོ་སྒོར་མོས་མནོག་སོང་ན། མི་ཚེའི་བཤུལ་ལམ་ཁྲོད་སྙིང་བོ་བརླག་ཨེ་ཡོད་སྙམ་པ་ཡིན་པས། རྒྱུ་ལ་མི་དགའ་ནི་མེད་ཀྱང་། རྒྱུ་དག་དག་བསམ་ན་སྲོང་ལྡོག་གི་འཚོ་སྟངས་ཤིག་ཡིན་པས་རེ་སྐུལ་ནན་བཅག་གི་སྙིང་གཏམ་ཁ་ནས་བརྗོད་པ་ཡིན།
བུད་མེད་ལ་གཤིས་སུ་མངའ་བའི་རང་སྲོག་ཕངས་དུ་སྦྱིན་པའི་སྙིང་སྟོབས་དང་། ལྷག་བསམ་ཡུན་དུ་མཁྱུད་པའི་བརྩེ་བ། བློ་རིག་དཔྱོད་ཤེས་ཀྱིས་མཛད་པའི་ཞབས་རྗེས་ཡང་མང་དུ་མཆིས་ཏེ།«ནག་ཚང་ཞི་ལུའི་སྐྱིད་སྡུག»ཏུ་ལུང་སྟོང་ཞིག་ན་སྤྱང་ཁྱུས་རྨུགས་ཏེ་ལུས་ཀྱི་ཆ་ཤས་ས་ལ་དྲུད་ཀྱང་ལན་ཆགས་ཀྱི་གཅེས་ཕྲུག་པང་དུ་དམ་པོར་བསྡམས་ཏེ། ཨུ་སྐད་ཐན་ཐུན་གྱི་ཞོར་ན་ལམ་འགྲོ་བར་སྐྱབས་རོགས་ཞུ་བའི་མཐེ་བོང་བསྒྲེང་གིན་པའི་རླབས་ཆེན་གྱི་ཨ་མ་ཞིག་གི་སྙིང་སྟོབས་དང་བརྩེ་བ་ཟབ་མོ་ཨ་མཚར་དང་ཡི་རངས་མི་འབྱུང་ངམ། «ཟབ་མོ་གཅོད་ཀྱི་གདམ་པ»འི་གནོད་བྱེད་གྲོགས་སུ་འགུག་མཁན་ཤེས་རབ་ཀྱི་བདག་མོ་ལབ་སྒྲོན་གྱི་མཛད་རྗེས་དེ་ཡང་མི་ཡུལ་གྱི་ཁྲ་ཚོམ་ཀློང་དུ་སྔར་མེད་ཁར་གསབ་ཀྱི་ཐུགས་དགོངས་གཞོལ་ཁག་པ་ཞིག་མ་ཡིན་ནམ།བྷེ་རེ་ཟེའི་སྲིད་འཛིན་གསར་བ་སྒྲེལ་མ་བྷེ་རེ་ཟེ་ཡི་ལོ་རྒྱུས་སྟེང་གི་བུད་མེད་སྲིད་འཛིན་དང་པོ་ཆགས་པའི་ཐོབ་ཐང་སོགས་ད་དུང་ཡོད་ཚད་ལུང་དུ་རྫོགས་པའི་ངལ་བ་མྱོང་མི་དགོས་ལ་ཅོལ་ཆུང་གིས་མ་རིག་མ་ཐོས་ཕྱོགས་ཡང་མང་པོ་ཡོད་སྲིད་པས།གཅིག་ཁར་གཉིས་སྣོན་གྱི་ཉམས་མྱོང་བསགས་ཏེ་དཔྱོད་ཤེས་བློ་བརྡར་གྱི་རྣོ་ཁ་འཚོལ་ཞུ་དང་བཅས་ཏེ་དགེ་ཆོས་ཀྱི་གསུང་ཚིག་ཅིག་གིས་མཇུག་བྱང་སྨྲ།
“ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།།
མེད་དུ་མི་རུང་བ་ནི་བུད་མེད་ཡིན།།
བུད་མེད་དག་དང་ལྷན་ཅིག་བསྒྲུབ་ན་ནི།།
བསླུ་མེད་འབྲས་བུ་མྱུར་དུ་སྨིན་པར་སྐད།།
རིགས་རྒྱུད་བཟང་བོ་བསྐྱེད་པའི་ཞིང་ས་ཡིན།།
སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་།།
སྐྱོ་བའི་སེམས་གསོ་གཏོང་བའི་སྙན་དངགས་མཁན།།
ཚེ་གཅིག་རྩེ་དགས་སྐྱོང་བའི་གྲོགས་མོ་ཉིད།།
དབུ་སྐྲ་དཀར་པོར་འགྱུར་བའི་རྒད་པོ་ཡང་།།
རྒན་མོའི་རིམ་ན་དགའ་བ་མྱོང་བཞིན་ཡོད།།”