འབའ་ཐང་དབྱར་གནས་དུས་ཆེན་གྱི་མཐོང་ཐོས་རགས་བཀོད།
ཡུལ་དེ་གའི་མང་ཚོགས་ཀྱིས་དུས་སྟོན་ལ་རོལ་བ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་དུ་ལོ་རེའི་བོད་ཟླ8པའི་ཚེས27ནས་བཟུང་སྟེ་བསྟུད་མར་ཉིན་ཁ་ཤས་ལ་བོད་ཀྱི་དམངས་ཁྲོད་ཟློས་གར་འཁྲབ་པའི་དུས་ཆེན་རོལ་བའི་སྲོལ་ཡོད། དབྱར་གནས་ཞེས་པ་དེ་སྔོན་དགོན་པའི་དགེ་འདུན་པ་ཚོ་དབྱར་དུས་ཀྱི་འགོ་ཚུགས་པ་ན་སྨྱུང་གནས་ལ་བཞུགས་དགོས་པས་དབྱར་གནས་ཞེས་མིང་ཐོགས་ཀྱང་དེང་དུས་དབྱར་ཕར་བསྐྱལ་ནས་སྟོན་ཚུར་བསུ་བའི་སྤང་སྐྱིད་དུས་སྟོན་དང་འདྲ་པོ་ཞིག་ལ་གོ་བ་ཆགས་འདུག བོད་ཀྱི་ཟམ་བསྐྲུན་མེས་པོ་ཐང་སྟོང་རྒྱལ་པོས་ཟམ་སློང་ངམ་ཟམ་སྟོན་གྱི་དགོས་དབང་གིས་བོད་ཀྱི་ཟློས་གར་འཁྲབ་སྟོན་གྱི་སྲོལ་ཕྱེ་བ་ནས་བཟུང་འབའ་ཐང་དུའང་ད་ལྟའི་བར་དུ་དེའི་སྲོལ་རྒྱུན་དེ་མ་ཉམས་པར་གནས་ཡོད། སྔོན་དུས་དགོན་པའི་གྲྭ་བཙུན་རྣམས་ཀྱིས་འཁྲབ་སྲོལ་ཡོད་ཅིང་ཕྱིས་སུ་རིམ་གྱིས་མི་སྐྱ་རྣམས་ཀྱིས་འཁྲབ་པའི་སྲོལ་བྱུང་ལ་ད་ལྟ་དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པའི་རྣམ་པ་རུ་གྱུར་ཡོད། འབའ་ཐང་དབྱར་གནས་དུས་སྟོན་དུ་བོད་ཀྱི་ཟློས་གར་ཆེན་པོ་བརྒྱད་རེས་མོས་བྱས་ནས་འཁྲབ་སྲོལ་ཡོད་ཅིང་དེའི་ཐོག་ནས་སྡིག་སྤང་དགེ་སྒྲུབ་དང་། རང་དབང་གི་འཚོ་བར་རེ་སྨོན་བྱེད་པའི་བསམ་བློའི་སློབ་གསོ་མང་པོ་ཐེབས་ཀྱིན་ཡོད་པས་མི་ཚང་མའི་དགའ་བསུ་ཆེན་པོ་ཐོབ།
མང་ཚོགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པ།
ད་ལོར《སྣང་གསལ་འོད་འབུམ》དང《རྒྱལ་པོ་དྲི་མེད་ཀུན་ལྡན》གཉིས་འཁྲབ་པ་རེད། གཅིག་ནི་བོད་ཀྱི་དམངས་ཁྲོད་རིག་གནས་རྒྱུན་འཛིན་དར་སྤེལ་དང་གཉིས་སུ་འབའ་ཐང་མང་ཚོགས་ཀྱི་དུས་སྟོན་ཆེ་ཤོས་ཤིག་དང་། གསུམ་དུ་ལོ་རེའི་རྒྱལ་སྟོན་དུས་ཆེན་དང་འཁེལ་བ་བཅས་ཡིན་པའི་དབང་གིས་འབའ་ཐང་རྫོང་སྲིད་གཞུང་དང་མང་ཚོགས་རྣམས་ཀྱིས་མཐོང་ཆེན་དང་རྒྱབ་སྐྱོར་ཚད་མེད་གནང་གིན་ཡོད་པ་རེད། ད་ལོའི་དབྱར་གནས་དུས་སྟོན་དེ་སྔ་ལོ་ཀུན་དང་མི་འདྲ་བའི་ཁྱད་ཆོས་ཆེན་པོ་མང་པོ་མཐོང་བྱུང་སྟེ། གཅིག་ནི་དབྱར་གནས་མཇལ་བའི་མི་ཚོགས་ཧ་ཅང་མང་ཞིང་ཉ་དབྱིབས་ཐང་ཆེན་དུ་གུར་ཆེ་ཆུང500ལྷག་དང་མི་ཁྲི་ལས་བརྒལ་བ་འཛོམས་ཡོད། གཉིས་ནི་ཕྱི་ཕ་རོལ་གྱི་ཚོང་ལས་གཉེར་མཁན་དང་རྩེད་མོའི་རིགས་གཉེར་མཁན་ཧ་ཅང་མང་། གོམ་གསུམ་སྤོས་ན་ཟ་ཁང་རེ། གོམ་བདུན་སྤོས་ན་ཚོང་ར་རེ་ཅེས་བཤད་ནའང་ཐལ་མི་ཆེ། རྔ་མོང་བཞོན་ནས་པར་ལེན་མཁན་དང་། རྨ་བྱ་དང་སྦྲུལ་སོགས་ལྟད་མོ་ངོམས་མཁན། འཕྲུལ་ཆས་ཀྱི་རྟ་རྩེད་དང་འཕེན་འགུགས་རྒྱག་གསུམ་གྱི་རྩེད་མོའི་རིགས་སྣ་ཚོགས། སྲོག་ཆགས་ཀྱི་རི་མོར་རྒྱན་དུ་བཙུགས་ནས་ཤོ་རྩེ་བ་དང་ཤོག་སྦག་ལ་བརྟེན་ནས་རྒྱན་རྩེ་བ་སོགས་ཁྲ་ཆུང་མིག་ཟུང་ལ་ལོངས་སྤྱོད་ཚད་མེད་སྟེར། ཡིད་སེམས་ལྷིང་འཇགས་སུ་བཏང་བའི་ཟློས་གར་གྱི་ངག་གླུ་དང་སུན་སྣང་ཆེན་པོ་སྐྱེས་སུ་འཇུག་པའི་སྐད་སྒྲ་སྣ་ཚོགས་བར་སྣང་ཁམས་སུ་འདྲེས་ནས་དར་ལུང་རྣ་བ་འགེམས་པ་བཞིན་བྱེད། གསར་འགོད་པས་ཕྲུ་གུ་ཚོ་འཕྲུལ་བཟོས་རྟ་ཐོག་ལ་ཐེངས་རེ་ཞོན་ན་སྒོར5རེ་ལེན་པའི་ཚོང་གཉེར་བ་ཞིག་ལ་ཉིན་རེའི་ཡོང་སྒོ་ག་ཚོད་རེ་ལོན་འདུག་ཅེས་དྲིས་ཚེ། ཁོས་མང་ན5000དང་ཉུང་ན3000ལོན་གྱིན་འདུག་ཅེས་ལན་རྒྱབ་བྱུང་། མི་སེར་ཚོའི་ཕྲུ་གུ་མང་ངམ་ལས་བྱེད་པའི་ཕྲུ་གུ་མང་ཅེས་དྲིས་ཚེ་ད་ལྟ་དབྱར་རྩྭ་དགུན་འབུ་དང་ཤ་མོ་སོགས་ཟུར་ལས་ལས་ཐོབ་པའི་དངུལ་མང་པོ་ཡོད་པས་མི་སེར་ཚོ་ལས་བྱེད་པ་ལས་ཕྱུག་པས་མི་སེར་ཚོའི་བྱིས་པ་མང་ཅེས་ལན་རྒྱབ་བྱུང་བས་གསར་འགོད་པ་ཡུན་རིང་མནོ་བསམ་གྱི་དྲ་རྒྱ་རུ་ཚུད་སོང་། གསུམ་དུ་ན་མི་རྣམས་ཀྱི་རྒྱན་ཆ་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག བྱིས་པ་ཕུད་པའི་ཕོ་མོ་རྒན་གཞོན་སུ་དང་ཐུག་ཀྱང་རྣ་སྐེ་ལག་གསུམ་ལ་གསེར་རྒྱན་སྤྲས་མེད་མཁན་ཧ་ལམ་དཀོན་པོ་རེད། ཡོད་མིས་ངོམས་ངོམས་བྱེད་ས་རེད། མེད་མིས་ཙིག་ཙིག་བགྲང་ས་རེད་ཅེས་པའི་གཏམ་དཔེ་འདིའི་ལོ་རྒྱུས་ཀྱི་མཇུག་དེ་བསྒྲིལ་བ་འདྲ། ལྗོན་ཤིང་གི་བསིལ་གྲིབ་འོག་ཏུ་ཚོ་དང་ཚོ་བྱས་ནས་དལ་གྱིས་སྤྲོ་བའི་གཏམ་བཤད་ཞོར་ཁ་ཟས་སྣ་ཚོགས་ལ་ལོངས་སུ་སྤྱོད་ནས་བག་ཕེབས་པར་སྡོད་པའི་རྣམ་པ་འདིའི་ཐོག་ནས་ད་ལྟའི་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་ཡིན་པའི་ཚོར་བ་ཟབ་མོ་ཞིག་སྐྱེས་བྱུང་།
མདོར་ན་དབྱར་གནས་དུས་སྟོན་གྱི་ཡུལ་དངོས་གང་ས་གང་དུ་ཡར་རྒྱས་དང་འཆམ་མཐུན་ཞི་བདེའི་སྣང་བ་སྤྲོ་ཡལ་ལེ་ཞིག་ཁེངས་འདུག་པས་འབའ་ཐང་མི་དམངས་རྣམས་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་རིམ་པར་འབྱོར་འབྲིང་སྤྱི་ཚོགས་ཀྱི་བདེ་སྐྱིད་ཐང་ཆེན་དུ་སྐྱོད་བཞིན་མཆིས་སོ། །