པེ་ཅིང་དུ་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ལ་བྱ་དགའ་ཐོབ་པའི་རྟེན་འབྲེལ་བྱེད་པ།
ཁ་སང་ཟླ་བ་ལྔ་པའི་ཚེས་བཅུ་བཞི་ཉིན་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ལ་རྒྱལ་ཕྱི་རྒྱལ་ནང་གི་བྱ་དགའ་རིགས་མི་འདྲ་བ་དྲུག་ཐོབ་པའི་རྟེན་འབྲེལ་གྱི་ཚོགས་འདུ་དང་དེ་འབྲེལ་གྱི་འཁྲབ་སྟོན་བྱེད་སྒོ་སྤེལ་སོང༌། རང་བོད་རིགས་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་དེར་ཁྱད་དུ་འཕགས་པའི་གྲུབ་འབྲས་ཐོབ་དེས་བོད་རིགས་ཡིན་པ་གང་དག་སེམས་དགའ་བས་མྱོས་ངེས། ང་རང་གི་སེམས་སུ་ཡང་ངེད་བོད་ཀྱིས་མི་འཇོན་པ་མེད་དེ་ཁྱེད་ཀྱིས་བྱ་བ་ལས་ནུས་ན་གྲུབ་འབྲས་ཐོབ་ངེས་ལ་རྒྱལ་སྤྱིའི་རིགས་མང་ཀྱི་ཁྲོད་དུ་ངེད་བོད་ཀྱི་མཚན་སྙན་སྔར་བས་རྒྱང་དུ་སྒྲོག་ངེས་སྙམ། ང་རང་སེམས་དགའ་བས་མྱོས་ཏེ་མི་རིགས་སློབ་གླིང་གི་ཚོགས་ཁང་དུ་ཆས་པ་ཡིན། མང་བའི་བོད་རིགས་དག་མཉམ་དུ་འཛོམས་སྐབས་སེམས་དེ་བས་སྤྲོ། རྟེན་འབྲེལ་གྱི་བྱེད་སྒོ་དེ་བྲོ་གར་གྱི་ཁྲོད་དུ་འགོ་བཙུགས་སོང༌། མདོ་འཛིན་པ་གཉིས་འཁྲབ་སྟོན་གྱི་གར་སྟེགས་སྟེང་དུ་ཆས་བྱུང་ལགས། རྟེན་འབྲེལ་གྱི་སྙན་ཚིག་སྒྲོན་པར་བྱས་བྱུང༌། ཡིན་ན་ཡང་མདོ་འཛིན་པ་ཁོང་རྣམ་ཀྱི་སྐད་དེ་ཅི་ཡང་མི་གོ་ཨང༌། དེའི་ཚེ་ངའི་འཁྲིས་ཀྱི་བོད་རིགས་དུ་མས་ཨ་ཙི་ད་གང་རེ་བྱེད་ན་བཟང་ངམ། ཁོང་རྣམས་ཀྱིས་གང་འཆད་དེ་ཅི་ཡང་གོ་མི་ཐུབ།ང་རང་གྱི་སེམས་སུ་ཡང་ད་ཅི་དྲག་ཨང༌།གལ་སྲིད་མདོ་འཛིན་པ་གཅིག་ཤོས་ཀྱིས་དབུས་གཙང་སྐད་ནས་འཆད་ཚེ་ཅི་འདྲའི་མི་བཟང་ངམ། ང་རང་རྒྱུན་དུ་ཨ་མདོའི་གྲོགས་པོ་འབྲེལ་འདྲིས་ཀྱིས་ཁ་བརྡ་ཙམ་བྱ་མྱོང་དེས་སྐད་མི་ཉུང་བ་གོ་ཐུབ་པ་འདུག དེ་ནས་གཞས་མ་འགའི་སྙན་དབྱངས་འབུལ་བྱུང་ལ་མི་རིང་བར་གློག་བརྙན་དངོས་ལྟ་བའི་དུས་ལ་བབས་སོང༌། གློག་བརྙན་གྱི་འཁྲབ་མིའི་སྐད་དེ་ཡང་ཨ་མདོའི་སྐད་ཡིན་དེས་ཡང་མགོ་ན་བ་རང་བྱུང༌།
ང་རང་དེ་སྔོན་གློག་བརྙན་དེའི་ནང་དོན་མདོར་ཙམ་ལྟ་མྱོང་དེས་བརྡ་མི་ཉུང་བ་གོ་ཐུབ་པ་འདུག ཡིན་ན་ཡང་ངའི་འཁྲིས་ཀྱི་དབུས་གཙང་བོད་རིགས་དག་གིས། ད་ང་རང་གློག་བརྙན་པར་གཞིའི་འོག་ངོས་ཀྱི་རྒྱ་ཡིག་ལ་ལྟ་རྒྱུ་རང་ལགས་ཞེས་ཟེར་བཞིན་འདུག། ཧེ་ཧེ། བརྡ་མ་གོ་ན་དཀའ་བ་འདུག་ཨང༌། འཁྲིས་ཀྱི་ཨ་མདོའི་གྲོགས་པོ་རྣམས་གློག་བརྙན་ལྟ་བཞིན་བགད་རེ་བྱུང༌། ཡིན་ན་ཡང་ངེད་དུ་མར་བགད་པའི་གནས་གང་དུ་ཡོད་མིན་ཆ་མི་འཚལ། དེ་འདྲའི་བགོད་སྒྲ་དང་འུར་སྒྲའི་ཁྲོད་དུ་གློག་བརྙན་མཇུག་བསྒྲིལ་བྱུང༌།
དེ་ནས་འཁྲབ་འཁྲིད་པ་དང་ངེད་ལྟད་མོ་མཁན་དབར་གྱི་བསལ་བློ་བརྗེ་རེས་ཀྱི་དྲི་བ་འདྲི་རེས་བྱེད་འགོ་བརྩམས་བྱུང༌། ཧེ་ཧེ།འཆད་མི་དགོས་པར་སྔར་བཞིན་བརྡ་མི་གོར་སྡོད་རྒྱུའི་ཐབས་ལས་མེད། དེ་ནས་དབུས་གཙང་གྱི་བོད་རིགས་འགའ་རེ་ནི་ཕྱི་ལ་ཐོན་རེ་བྱས་སོང༌།དཀའ་ཁག་མེད་ངེས།བརྡ་མི་གོ་དེས་ནང་དུ་བསྡད་རུང་གང་ཡང་མི་ཚོར་བ་རེད། ཨ་མདོའི་གྲོགས་པོ་གང་མང་བས་འཁྲབ་འཁྲིད་པ་ཁོང་དང་དྲི་བ་འདོན་ལ་ཁོང་གིས་དྲི་ལན་འདེབས་བཞིན་འུར་ཐིང་ཐིང་རང་བྱུང་སོང༌། དེའི་སྐབས་དབུས་གཙང་ཁུལ་ལྷོ་ཁ་བ་གཅིག་གིས་ཡར་ལངས་ནས་རྒྱ་སྐད་ཀྱི་ཐོག་ནས་ཁོ་རང་གི་བསམ་ཚུལ་བཅས་པ་འཆད་རེ་བྱས་སོང༌། དང་ཐོག་ཁོང་གིས་འཆད་པར་དེ་རིང་ང་རང་གནས་འདི་རུ་ཕྱི་གླིང་བ་ཞིག་དང་འདྲ་ལེ་འདུག ཁྱེད་རྣམས་ཀྱིས་གང་འཆད་པ་ཅི་ཡང་་གོ་ཐུབ་ལེ་མིན་འདུག་ཅེས་དབུས་གཙང་བོད་རིགས་དག་གི་སེམས་ཀྱི་སྒྲ་དེ་སྒྲོག་པར་བྱེད་དང་འདྲ་རེ་བྱུང༌། དེ་ནས་ཁོང་གིས་གློག་བརྙན་ནང་གི་བླ་མ་དེ་དང་དེའི་གཅུང་པོ་གཉིས་ཀྱིས་བོད་ཡིག་དང་རྒྱ་ཡིག་སྦྱོང་དགོས་པའི་སྐོར་གྱི་ཁ་བརྡ་ཐུང་ཐུང་དེ་བཟུང་ནས་འཁྲབ་འཁྲིད་པ་ཁོང་ལ་དེའི་ཐད་ཀྱི་དྲི་བ་འདོན་པར་བྱས་སོང༌།དེ་བཞིན་ཁོང་གིས་བོད་ཀྱི་སྤྱི་སྐད་སྐོར་ལའང་གླེང་ཙམ་བྱས་སོང༌། ཧེ་ཧེ། དེ་ནས་སྔར་བཞིན་ཨ་མདོའི་གྲོགས་པོ་དུ་མས་དྲི་བ་འདོན་པར་བྱས་སོང༌། ཡིན་ན་ཡང་དྲི་བ་གང་ཞིག་བཏོན་པ་གསལ་དུ་ཤེས་མ་བྱུང༌། དེ་ནས་མི་རིགས་སློབ་གླིང་དགེ་བའི་བཤེས་གཉེན་གྲགས་པ་ལགས་ཀྱིས་བཀའ་མོལ་ཚིག་གསུམ་གནང་སོང༌།དངོས་གནས་ཁོང་གི་གསུང་དེ་མང་དུ་གོ་ཐུབ་པ་འདུག ངའི་འཁྲིས་ཀྱི་དབུས་གཙང་བོད་རིགས་དུ་མས་ཀྱང་བརྡ་གོ་ཐུབ་པའི་དགའ་བའི་སྐད་རེ་སྒྲོག་པར་བྱས་བྱུང༌། ངའི་སེམས་སུ་ཡང་རྒན་གྲགས་པ་ལགས་ཁོང་གི་སྐད་དེ་བོད་རིགས་སྤྱིས་གོ་ནུས་པ་འདུག་ཨང་སྙམ་བྱུང༌། དེ་ནས་ཡང་ཁམས་པའི་བོད་རིགས་གཅིག་གིས་འཁྲབ་འཁྲིད་པ་ཁོང་ལ་དྲི་བ་འདོན་པར་བྱས་སོང༌། ཡིན་ན་ཡང་དགོད་བྲོ་བ་སེམས་སྤྲོ་བ་གཅིག་ལ་འཁྲབ་འཁྲིད་པ་ཁོང་གིས་ཁམས་ཕྲུག་ཁོང་གི་དྲི་བར་བཏབ་པའི་ལན་དེ་ནི་གོང་དང་མི་འདྲ་བ་བརྡ་མང་དུ་གོ་ཐུབ་པ་འདུག ཧེ་ཧེ། དེ་ནས་གདུགས་དཀར་ཚེ་རིང་ལགས་ཀྱི་ཕ་ཡུལ་གྱི་དབྱངས་སྙན་ཁྲོད་དུ་རྟེན་འབྲེལ་གྱི་བྱེད་སྒོ་མཇུག་བསྡུ་བར་བྱས་སོང༌།
གོང་དག་ནི་ང་རང་མི་རིགས་སློབ་གླིང་དུ་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་ལྟ་རུ་སོང་སྐབས་ཀྱི་མཐོང་ཐོས་ཕྲན་བུ་ཡིན་ལགས། ཧེ་ཧེ།འདི་ཡང་གུས་པའི་ཟིན་བྲིས་ཀྱི་བརྩམས་བྱ་དང་པོ་དེ་རང་ཡིན། གང་དྲན་ཅི་བཤད་རང་ཡིན།མཉམ་འཇོག་ཡོད་པ་ཞུ།།
པ་སངས་རྡོ་རྗེའི་བོད་ཡིག་ཟིན་བྲིས་ལས་བཏུས།