༄༅།། «གངས་རིའི་སྐར་རྒྱན»ལེ་ཚན་སྐབས་དང་པོ་སྟེ་གླུ་མ་རིག་འཛིན་སྒྲོལ་མའི་གླུ་ལེན་ཆེད་ཚོགས།
གླུ་མ་རིག་འཛིན་སྒྲོལ་མས་གླུ་དབྱངས་ལེན་བཞིན་པ།
མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་མཚོ་སྔོན་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི«གངས་རིའི་སྐར་རྒྱན»ལེ་ཚན་སྐབས་དང་པོ་སྟེ་གླུ་མ་རིག་འཛིན་སྒྲོལ་མའི་གླུ་ལེན་ཆེད་ཚོགས་ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལྟེ་གནས་ཀྱི་འཁྲབ་སྟོན་ཁང་ནས་བསྡུས།
མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། མཚོ་སྔོན་བརྙན་འཕྲིན་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་པ་དང་། བོད་ཀྱི་གླུ་ཚིག་དང་དབྱངས་རྩོམ་པ་པོ་ཁ་ཤས། ཟི་ལིང་ན་ཡོད་པའི་བོད་ཀྱི་སློབ་གྲྭ་ཆེན་མོ་འགའི་སློབ་མ་སོགས་ལྟད་མོ་བ་ལྔ་བརྒྱ་ལྷག་གིས་མཉམ་དུ་སྤྲོ་ཚོགས་ལ་བལྟས།
«གངས་རིའི་སྐར་རྒྱན»ལེ་ཚན་སྐབས་དང་པོ་སྟེ་གླུ་མ་རིག་འཛིན་སྒྲོལ་མའི་གླུ་ལེན་ཆེད་ཚོགས་སྟེང་། གླུ་མ་རིག་འཛིན་སྒྲོལ་མས་སྙན་མོ་ངག་གི་འགྱུར་ཁུགས་ལ་བརྟེན་ནས«འབྲི་མོ་དུང་ཆུང་དཀར་མོ»དང་། «ཁྲི་ཤོར་རྒྱལ་མོ» «ཁ་སང་གི་གཏམ་རྒྱུད» «ལྷན་འཛོམས»སོགས་ཡིད་ཀྱི་དང་བ་དབང་མེད་དུ་འདྲེན་པའི་གླུ་དང་གླུ་དབྱངས་མང་པོ་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་གཟུགས་འཛིན་མིག་གི་དགའ་སྟོན་དང་སྒྲ་འཛིན་རྣ་བའི་བདུད་རྩི་རུ་ཕུལ་བ་ན། ཚོགས་ར་ཡོངས་སུ་དགའ་བའི་འབོད་སྒྲ་དང་སྤྲོ་བའི་ཐལ་མོ་བརྡེབ་སྒྲས་ཁེངས།
«གངས་རིའི་སྐར་རྒྱན»ལེ་ཚན་སྐབས་དང་པོར་འབྲེལ་ཡོད་མི་སྣའི་གདེང་འཇོག་མཐོན་པོ་ཐོབ། ཁོ་ཚོས་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་མཚོ་སྔོན་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པའི«གངས་རིའི་སྐར་རྒྱན»ལེ་ཚན་ནི་ལེ་ཚན་གྱི་རྣམ་པ་གསར་བ་ཡིན་ལ། མདོ་འཛིན་པའི་ཚིག་རྣམས་ཀྱང་ཁ་གསལ་ཞིང་གོ་བདེ་བའི་ལེ་ཚན་རིགས་གསར་བ་ཞིག་ཡིན་པས་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་བྱེད་པ་གདོན་མི་ཟ་ཟེར། «གངས་རིའི་སྐར་རྒྱན»ལེ་ཚན་ནི་བོད་ཁམས་ཀྱི་གླུ་གར་སྒྱུ་རྩལ་པ་དག་ལ་འདོན་སྤྲོད་བྱས་པའི་གར་སྟེགས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་བོད་ཁམས་ཀྱི་གླུ་གར་སྒྱུ་རྩལ་པ་དག་གར་སྟེགས་སྟེང་གདན་དྲངས་ཏེ་རྒྱ་ཆེའི་མང་ཚོགས་རྣམས་ལ་གླུ་གར་སྒྱུ་རྩལ་གྱི་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་འདོན་སྤྲོད་བྱེད་པ་དང་མཉམ་དུ། ཐུན་མོང་མ་ཡིན་པའི་བོད་ཀྱི་གླུ་གར་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་དེ་རེད།