logo

ཁྲི་ཤོར་རྒྱལ་མོ་དང་ཡུམ་ཆུང་ལྷ་མོ།

རྩོམ་པ་པོ།:དམངས་ཁྲོད། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2022-03-30 ཀློག་གྲངས།:
        གནའ་སྔ་མོ་ཞིག་ལ། མཚོ་སྙིང་བྱ་བའི་རི་དེའི་ཞབས་ན་ཀླུའི་ཕོ་བྲང་ཞིག་ཡོད། ཕོ་བྲང་དེར་གཡུ་འབྲུག་ཏུ་འབོད་པའི་ཀླུའི་ཁམས་མ་ལུས་དབང་དུ་སྡུད་པའི་ཀླུ་ཡི་རྒྱལ་མོ་རྔམ་བརྗིད་ལྡན་པ་ཞིག་ཡོད།
        སྟེང་གི་བཀྲ་ཤིས་དབྱར་མོའི་རྩྭ་ཐང་དུ་འབྲོག་རུ་ཁྲི་སྟོང་དང་རྟ་ནོར་ལུག་གསུམ་མང་པོ་སྐར་ཚོགས་བཞིན་དུ་ཁྲ་ལམ་མེར་ས་གཞི་ཡོངས་ལ་ཁྱབ་འདུག ཡུལ་ཁམས་དེའི་བྱང་མཐའི་རུ་སྡེའི་འབྲོག་ཁྱིམ་ཞིག་ན་མིང་ལ་ཡུམ་ཆུང་ལྷ་མོ་ཟེར་བའི་བུ་མོ་མཛེས་ཤིང་འཇོ་སྒེག་ལང་ཚོ་ལྡན་པ་ཞིག་ཡོད། དེའི་སྐྱེས་པའི་མིང་ལ་བེར་སྐྱ་འོད་འབུམ་ཟེར་ཞིང་། བཟའ་ཟླ་གཉིས་ཕན་ཚུན་ཤིན་ཏུ་བརྩེ་ཞིང་དུངས་པས་ཁོ་གཉིས་ལ་བུ་ཞིག་སྐྱེས་པས་བེར་སྐྱ་འོད་འབུམ་དགའ་སྟེ་གཏམ་སྙན་དེ་ཕྱོགས་སོ་སོར་འུར་ཞིང་གཏམ་དེ་སྒྲོག་གིན་སྒྲོག་གིན་ཀླུའི་ཕོ་བྲང་གི་གཡུ་འབྲུག་རྒྱལ་མོའི་རྣ་རུ་འབྱོར། རྒྱལ་མོས་མྱུར་བར་སྤལ་བ་ཀླུ་སྒྲུབ་མི་ཡུལ་དུ་མངགས་ནས་མྱུལ་དཔྱོད་བྱས་དུས་སུ། ངོ་མས་བུ་མོ་ཤ་རྩ་དཀར་པོ་དུང་དང་འདྲ་བ་དང་མཛེས་མདངས་མེ་ཏོག་པདྨ་ལས་ལྷག་པ་ཞིག་ལ་བུ་ཞིག་སྐྱེས་འདུག་པ་མཐོང་། དེ་ནས་སྤལ་བ་མྱུར་བར་ཕྱིར་ལོག་སྟེ་ཀླུའི་རྒྱལ་མོར་འདི་སྐད་ཞུསརྒྱལ་མོ་ལགས། ས་སྟེང་བྱང་མཐའི་རུ་སྡེ་ན། ངོ་མ་བུ་མོ་མཛེས་ཤིང་ལྟ་ན་སྡུག་པ། མཐོང་བས་ཡིད་དབང་འཕྲོག་པ། ཀླུ་ཡུལ་ན་དོ་ཟླ་མེད་པ་ཞིག་མཆིས། མིང་ལ་ཡུམ་ཆུང་ལྷ་མོ་ཟེར། དེ་ལྟར་ཐོས་པས་ཀླུའི་རྒྱལ་མོའི་སེམས་སུ། སྔ་ཉིན་མི་བཀྲ་མི་ཤིས་པ་ཞིག་ཀླུ་སྒོར་ཡོང་ནས་ཀླུ་ཆུའི་སྒོ་ཕྱེས་པ་དང་། དེ་རིང་བུ་མོ་མཛེས་མ་ཡིད་སེམས་འགུགས་པ་དེ་འདྲ་ཞིག་ཡོད་པ་ཡིན་ན། ངས་དབྱར་མོ་ཐང་ལ་མཚོ་ཞིག་བསྐྱིལ་ནས་རུ་སྡེ་ཐམས་ཅད་བསྣུབས་ཏེ། བུ་མོ་དེ་སྲས་ཀྱི་མནའ་མར་འཕྲོག་དགོས་བསམ་སྟེ། བློན་ཆེན་སྡིག་སྲིན་མགོ་ལ་བཀའ་ཕབ་ནས་ཕོ་བྲང་བླ་རིས་གཏིང་འོག་གི་མདའ་མ་མདེའུ་མཚོན་རྫོང་བ་བྱས་ནས། ཀླུ་དམག་རྣམས་ལ་དབྱུག་གི་ཐོ་བ་ཁ་དགུ་དང་རྣོ་ནག་ཕུར་བུ་སྣེ་དགུ་སོགས་ཁུར་དུ་བཅུག་པ་ཀླུ་ཆུ་མཚོ་མོའི་ཁར་ཕྱིན་ཏེ་མཚོ་རགས་རྣམ་བཤིག་ཅིང་། མཚོ་ཆུ་རྦ་རླབས་འཕྱོ་བཞིན་དུ་ཀླུ་ཆུར་འདྲེས་ཏེ་ཀླུ་སྒོ་ནས་ས་སྟེང་དུ་འཕྱུར། དེར་བརྟེན་བཀྲ་ཤིས་དབྱར་མོ་ཐང་ཧྲིལ་བོ་སྐད་ཅིག་དེ་ཉིད་ལ་ཆུས་བཀངས་སྟེ་འབྲོག་རུ་ཁྲི་སྟོང་མང་པོ་བསྣུབས་ཤིང་། རྩྭ་ཐང་ཡོངས་རྫོགས་མཚོ་ཆེན་ཞིག་ཏུ་གྱུར། རྒྱལ་མོས་སྐབས་དེར་བསྟུན་ནས་མྱུར་བར་དམག་བཏང་སྟེ་བྱང་འགྲམ་རུ་སྡེ་ནས་ཡུམ་ཆུང་ལྷ་མོ་ཀླུའི་ཕོ་བྲང་དུ་འཕྲོགས་སོང་།
        དགོང་མོ་དེར། རྒྱལ་མོས་གསོལ་སྟོན་རྒྱ་ཆེན་པོ་བཤམས། ཕོ་བྲང་གི་ཕྱི་ནང་དུ་རིན་པོ་ཆེ་དཀར་སེར་དམར་ལྗང་གིས་གཟི་འོད་འཕྲོ་བ་དང་། ཤེལ་ཁང་གི་སྒྲོན་འོད་དཀར་ཆེམ་ཆེམ་ཉི་མ་ཤར་བ་ལྟར་ཡུལ་ཁམས་ཡོངས་སུ་ཁྱབ། གསོལ་སྟོན་ཁང་གཡང་ཊིའི་ཅོག་ཙེ་དང་། མུ་མེན་གྱི་སྒྲོན་མེ། བྱུ་རུའི་ཆང་བུམ། མུ་ཏིག་གི་ཆང་དཀར། གླང་ཆེན་མཆེ་བའི་བཞུགས་ཁྲི། གསེར་དངུལ་གྱི་སྡེར་སྣོད། མཚོ་ལས་གྲུབ་པའི་ཟས་རྫས་སྣ་ཚོགས་ཅི་འདོད་དུ་ཕུན་སུམ་ཚོགས་པ་བཤམ་པའོ།
        གཡུ་འབྲུག་རྒྱལ་མོའི་བསམ་པ་ལ། བུ་མོ་གང་དང་གང་ཡིན་ཡང་རྒྱུ་ནོར་ཟས་གོས་ལ་ཞེན་པ་ཡིན་སྙམ་མོད། འོན་ཀྱང་། དེ་དག་རྣམས་ཇི་ལྟར་མཛེས་ཤིང་བརྒྱན་ཡང་ཡུམ་ཆུང་ལྷ་མོས་མིག་གི་ཟུར་གྱིས་ཀྱང་མ་བལྟས་པར་མགོ་བསྒུར་ནས་བསྡད། གཉེན་མཁན་སྐུ་དམར་མཚོ་མོ་ནི་ཡུམ་ཆུང་ལྷ་མོའི་ལྷ་རྩིབ་ཡོང་ནས་ཡག་བཤད་རྩུབ་བཤད་གང་བྱས་ཀྱང་མོའི་རྣ་ནང་དུ་ཚིག་སྤུ་ཙམ་ཡང་མ་སོང་ཞིང་། མོས་སེམས་སྡུག་ངང་ནས་ངུ་བཞིན་དུ་ཤི་གསོན་གྱི་ལམ་བསྙེགས་ཤིང་རྒྱལ་མོར་གདུག་མཛུབ་བཙུགས་ཏེ་ང་ཕྱིར་ལ་འགྲོ་རུ་ཆུག་ཅེས་བརྗོད།
        རྒྱལ་མོས་ཚུལ་དེ་མཐོང་བས་ཁོང་ཁྲོ་སྐྱེས་ཏེ་ན་རེཧུན། ཁྱོད་ལ་སྟོན་མོ་འདི་འདྲ་ཞིག་བསྒྲིགས་ཀྱང་ད་དུང་མནའ་མ་བྱེད་མི་འདོད་ན། ཁྱོད་ཕྱིར་འགྲོ་ས་མེད།ཟེར་བ་དང་དེ་ནས་ཆུ་སྲིན་དམག་དཔོན་ལབུ་མོ་ཐ་ཤལ་བ་འདི་ཆུ་རྙོག་རྫིང་བུར་ཕོངས་ཤིགཅེས་བཀའ་ཕབ། ཆུ་སྲིན་གྱིས་ཀླུ་དམག་བོས་ནས་ཡུམ་ཆུང་ལྷ་མོ་བཀྱགས་ནས་ཆུ་རྙོག་ནང་དུ་འཕངས། རུས་སྤལ་བློན་གྱིས་དེ་མཐོང་པས་ཧ་ལས་ཏེ་རྒྱུགས་འོངས་ནས་བུ་མོ་སྐྱོབ་འདོད་ཀྱང་སྐྱོབ་ལོང་མ་བྱུང་བ་རེད། ཡུམ་ཆུང་ལྷ་མོས་རྫིང་བུའི་ནང་དུ་འཕག་ར་བྱས་བྱས་པས་ཆུ་ཁར་གཡེང་དུས། རྐང་པ་གཉིས་ལ་རྡོ་བཏགས་པ་ལྟར་འགུལ་རྒྱུ་ཅི་ཡང་མེད་པར་གྱུར་འདུག
        དེ་ནས་མོའི་སེམས་ལ་འདི་ལྟར་ང་རང་ལ་ཅི་བྱས་ཀྱང་ཡུལ་ལ་འགྲོ་དགོས་སྙམ་བཞིན་སེམས་སྐྱོ་སྟེ་མཆི་མ་འཛད་མེད་དུ་བཞུར་གྱིན་དྲན་མེད་དུ་བརྒྱལ་སོང་།
        སྐབས་དེར། རུས་སྦལ་བློན་གྱི་བསམ་པ་ལ་ངས་ཅིས་ཀྱང་ཡུམ་ཆུང་ལྷ་མོ་སྐྱོབ་དགོས་བསམ་བསམ་ཏེ། ལྐོག་ནས་རིན་ཆེན་རིལ་བུ་གཅིག་ཁྱེར་སོང་སྟེ་ཡུམ་ཆུང་ལྷ་མོའི་ཁ་ནང་དུ་བཞག མ་འགོར་བར་ཡུམ་ཆུང་ལྷ་མོ་བརྒྱལ་བ་ལས་སངས་ཏེ་མིག་ཕུར་བཞིན་དུང་ལ་ཅི་ཉན་ནམཟེར་བཞིན་གཡས་གཡོན་དུ་བལྟ་དུས། རུས་སྦལ་བློན་ནི་མོའི་གམ་དུ་ཡོད་པ་མཐོང་། དེ་ནས་རུས་སྦལ་བློན་གྱིས་བུ་མོ་སད་པ་མཐོང་བས་དངངས་འཚུབ་འཚུབ་ཏུཡ་བུ་མོ། ད་ཁྱོད་འདུག་རན་མ་རེད། མྱུར་དུ་ཕྲོས་ཤིག ཁྱོད་ལ་ད་དུང་སྦྲུམ་ཆགས་ཡོད་པ་རེདཅེས་བཤད། ཡུམ་ཆུང་ལྷ་མོས་སྐད་ཆ་དེ་ཐོས་པས་ཤིན་ཏུ་ཡིད་སྐྱོ་བ་དང་། མོའི་སེམས་ལ་འཕྲལ་དུ་བེར་སྐྱ་འོད་འབུམ་དང་ཡུལ་གྱི་བྱིས་པ་གཉིས་ཤར་ཏེ་བཟོད་མ་ནུས་པར་རུས་སྦལ་བློན་གྱི་རོགས་རམ་འོག་ཏུ་ཀླུ་སྒོར་ཕྱིན། ཀླུ་མཁར་སྒོ་སྲུང་གིས་མོ་རང་བཀག་སྟེ་འགྲོ་རུ་མ་བཅུག་པས། ཡང་སྦལ་བློན་གྱིས་ཀླུའི་རྒྱལ་མོའི་བཀའ་ཡིན་ཁུལ་བྱས་ནས་སྲུང་དམག་ལ་ལབ་པ་སྒོ་སྲུང་གིས་བདེན་སྙམ་ནས་འགྲོ་རུ་བཅུག དེར་བརྟེན་ནས་ཡུམ་ཆུང་ལྷ་མོ་ཀླུ་ཆུའི་བཞུར་ལོག་ཅིག་ལ་འབྲེལ་ནས་མྱུར་བར་ཀླུའི་སྒོ་ཕྱི་རུ་ཐོན་མོད། འོན་ཀྱང་ཕྱི་རོལ་གྱི་ཡུལ་ཁམས་ཐམས་ཅད་ཀྱང་སྔོ་ལྟེམ་ལྟེམ་གྱི་ཆུས་བཀང་སྟེ་མངོན་མཐའ་མེད་པར་གྱུར་འདུག ཡིན་ནའང་ཡུམ་ཆུང་ལྷ་མོ་བཟའ་ཟླ་དང་བྱིས་པར་ངོ་འཕྲད་པའི་ཆེད་དུ། ཡིད་མ་ཆད་པར་ཉིན་ནས་ཞག་དང་ཞག་ལ་ཉིན་བསྣན་ནས་ཉི་མའི་ཤར་ནུབ་ལ་བལྟས་ཏེ་བྱང་ཕྱོགས་སར་བརྐྱལ། མཚམས་མཚམས་སུ་ལམ་ཕྱོགས་ནོར་ནའང་ནམ་མཁའི་བྱ་རྣམས་ལ་འདྲི་ཞོར་དུ་སྔོན་ལ་བརྐྱལ། ལམ་བར་ནས་མོས་བཀྲེས་ལྟོགས་དཀའ་ངལ་གང་མང་ཁྱད་དུ་བསད་དེ་ཉིན་ཅི་མང་ལ་སོང་རྗེས་སུ་ཉིན་གཅིག་མཚོ་མཐའི་རང་གི་རུ་སྡེ་ཡི་འདབས་སུ་བསླེབས་འདུག མོས་རང་སྡེའི་འབྲོག་པ་དང་བེར་སྐྱ་འོད་འབུམ་རྣམས་མཚོ་ཁ་ན་ཡོད་པ་མཐོང་། དེ་ནས་ཡུམ་ཆུང་ལྷ་མོའི་སེམས་ལ་དགའ་བ་བརྗོད་ཀྱིས་མི་ལང་བ་ཞིག་སྐྱེས་ཏེ། སེམས་ལ་མྱུར་བར་གཤོག་པ་ཞིག་ཐོགས་ཏེ་བྱ་འཕུར་བ་ལྟར་ཁོང་རྣམས་ཀྱི་གམ་དུ་འབྱོར་ན་ཅི་མ་རུང་འདོད་མོད། འོན་ཀྱང་། མི་ལེགས་པ་ཞིག་ལ། སྐབས་དེར་མཚོའི་རྦ་རླབས་གཅིག་རྗེས་གཅིག་གིས་མནན་འོངས་པའི་ཁར་ལུས་ངལ་བས་མནར་ཏེ་མཚོ་མཐར་འབུད་མ་ནུས་ཤིང་། མི་རྣམས་ཀྱིས་མཚོ་ནང་དུ་སྲོག་ཆགས་ཤིག་ཡོང་བ་འདྲ་སྙམ། དེ་ནི་ཡིན་པ་ཡུམ་ཆུང་ལྷ་མོ་ཡིན་པ་མ་ཤེས་པར་སེམས་ལ་ཆུ་སྲིན་དམག་དཔོན་སླར་ཡང་མི་འཛིན་དུ་ཡོང་བ་རེད་སྙམ་ནས་རང་རང་སར་བྲོས་སོང་། དེ་ནས་བཟུང་ཡུམ་ཆུང་ལྷ་མོ་མཚོ་ནང་དུ་ལུས་ཏེ་རང་གི་ཡུལ་མི་ཚོར་ལྷན་འཛོམས་མ་ཐུབ་པའི་རྐྱེན་གྱིས་ཞེ་སྡུག་སྟེ་མཆི་མ་ཤོར་བཞིན་མཚོ་ནང་དུ་འཁྱམས་སོ། །
        དེ་དུས་མཚོ་ནི་ད་དུང་ཀླུ་སྒོའི་ཆུ་འཕྱུར་བར་བརྟེན་ནས། མུ་མཐུད་དུ་ཆེས་ཆེར་རྒྱས་ཏེ་སྟོང་སྐོར་དང་ཁྲི་ཀའི་ཕྱོགས་སུ་འབྱོར་ཉེན་ཡོད། རྒྱ་གར་ཆོས་ཀྱི་རྒྱལ་བོའི་དགེ་འདུན་པ་ཨོ་རྒྱན་གྱིས་ཀླུའི་རྒྱལ་མོས་ཀླུ་ཆུ་འཕྱུར་དུ་བཅུག་སྟེ་རྩྭ་ཐང་འབྲོག་རུ་ཁྲི་ཕྲག་བསྣུབ་ནས་མི་ཡུལ་ལ་གནོད་འཚེ་ཆེན་པོ་བསྐྱལ་འདུག་པ་མངོན་པར་མཁྱེན་ཞིང་། གནོད་འཚེ་དེ་སེལ་བའི་ཆེད་དུ། ཨོ་རྒྱན་གྱིས་རྒྱ་གར་གྱི་རི་བོ་མ་ཧཱ་དེ་ཝའི་དབུ་རྩེ་བཅད་ནས་མར་དབྱུགས་ཏེ་ཀླུ་ཆུའི་ཆུ་མིག་གི་ཁ་བཅད་པར་མ་ཟད། ཁོང་དངོས་སུ་བྱོན་ཏེ་ཡར་ལ་མེར་བཞིན་པའི་མཚོ་ཆུ་གཟན་ལྕག་གིས་བྲབས་ཏེ་རྫུ་འཕྲུལ་གྱིས་ཕྱིར་བསྡུས་པ་དང་། མཚོ་ཆུ་མི་སྐམ་པའི་ཆེད་དུ། ཡང་མཐའ་སྐོར་གྱི་རི་ལུང་སོ་སོའི་ཆུ་སྣ་ཆེ་ཆུང་བརྒྱ་དང་བརྒྱད་མཚོ་ནང་དུ་དྲངས། དེ་ལས་ཆུ་གཅིག་གིས་མ་འདངས་པས་ཤར་ཕྱོགས་སུ་བཞུར་བའི་རིག་སྨོན་ཆུ་དེ་དུག་སྦྲུལ་ཞིག་ལ་ཁྲིད་དུ་བཅུག་སྟེ་ནུབ་ཕྱོགས་སུ་དྲངས། མི་རྣམས་ཀྱིས་དེར་རྗེས་དྲན་བྱ་ཆེད། མཚོ་དེར་ཁྲི་ཤོར་རྒྱལ་མོ་ཞེས་པ་དང་། རི་དེ་མཚོ་ཡི་དབུས་སུ་གནས་པའི་སྙིང་དབྱིབས་དང་འདྲ་བས་མཚོ་སྙིང་དང་འཆད་ཁུངས་རྒྱ་གར་གྱི་རི་བོ་མ་ཧཱ་དེ་ཝའི་རི་ཡིན་པས་ཡང་མཚོ་སྙིང་མ་ཧཱ་དེ་ཝ་ཞེས་བྱའོ། །
        དེ་ནས་ཀླུ་ཁམས་ཀྱི་དམག་དཔོན་ཆུ་སྲིན་གྱི་ཨ་ཁུ་སྲིན་པོས་ཨོ་རྒྱན་གྱི་བཅའ་ལུགས་ལ་ཤིན་ཏུ་མ་དགའ་བར་ཐུགས་ཁྲོས་ཏེ། སེམས་ལ་གང་ལྟར་མཚོ་སྙིང་གི་རི་དེ་བཤིག་སྟེ། ཀླུ་ཆུའི་ཁ་སླར་ཡང་འབྱེད་དགོས་སྙན་ནས། ཤེད་ཤུགས་གང་ཡོད་ཕྱུང་ཞིང་བྲག་དཀར་ཐེམ་ཆེན་གྱི་དབུ་རྩེ་བཅད་ནས་མར་མཚོ་སྙིང་གི་རི་ཐོག་ཏུ་དབྱུགས་མོད། འོན་ཀྱང་སྲིན་པོས་ཚ་བོ་ལ་རོགས་བྱས་ནས་དེ་ལྟར་བྱེད་སྲིད་པ་ཨོ་རྒྱན་གྱིས་སྔར་ནས་མཁྱེན་འདུག་ཅིང་། སྲིན་པོས་བྲག་རྩེ་དབྱུགས་མ་ཐག་ཏུ་ཨོ་རྒྱན་གྱིས་མྱུར་བར་རྫུ་འཕྲུལ་བསྟན་ཏེ་མཚོ་རྔའི་ལྷོ་ནུབ་ཀྱི་མཚམས་སུ་བཏུལ་ནས་མིང་ལ་འདྲེ་མོ་བྲག་དཀར་ཞེས་མི་སྙན་པ་བཏགས་ཤིང་ལྷ་མི་ཀུན་གྱི་དགྲ་བོར་འཆད་པའོ། །
        རྗེས་སུ། ཡུམ་ཆུང་ལྷ་མོས་མི་མིན་ཀླུ་མིན་གྱི་བྱིས་པ་ཞིག་བཙས། དེའི་ཕྱིར་མོ་རང་ལྷག་པར་ཞེ་སྨྲེང་སྟེ་ངུ་བཞིན་དུ་མཚོ་ལས་གར་གནས་གར་འགྲོ་མེད་པར་བྱུང་ནས་ལྷོ་རུ་འཁྱམས་ཡོང་མོད། འོན་ཀྱང་མོའི་སེམས་སུ་ད་དུང་བེར་སྐྱ་འོད་འབུམ་ཕ་བུ་གཉིས་བཟུང་ཡོད་ཅིང་། ཟླ་རེའི་བཅོ་ལྔའི་དགོང་མོའི་ཟླ་བ་ཧ་ཅང་གསལ་བའི་དུས་ལ། མོ་རང་མཚོ་ཁར་གཡེང་སྟེ་འདྲེ་མོ་བྲག་དཀར་གྱི་སྟེང་དུ་བུད་ནས་མཚོ་ངོགས་སྐྱོ་གླུ་ལེན་བཞིན་དུ་མི་མིན་ཀླུ་མིན་གྱི་བྱིས་པར་ནུ་མ་བསྣུན་ཏེ་མཆི་མ་འདོན་ནོ། །
        སྐབས་དེར་བེར་སྐྱ་འོད་འབུམ་ཕ་བུ་གཉིས་ཀྱིས་ད་དུང་སྔར་བཞིན་དུ་ཡུམ་ཆུང་ལྷ་མོ་ཡོང་བར་བསྒུགས། ཉིན་སྒུག་མཚན་སྒུག་དང་ཟླ་སྒུག་ལོ་སྒུག་བྱས་ཀྱང་ཡུམ་ཆུང་ལྷ་མོ་ཕྱིར་ཡོང་མ་བྱུང་སྟབས། ཉིན་གཅིག་ཕ་བུ་གཉིས་རྐྱལ་གཟིངས་ཤིག་ལ་བསྡད་དེ་མཚོ་སྙིང་རིའི་མཐའ་སྐོར་ཕྱོགས་སོ་སོར་འཚོལ་དུ་སོང་སྟེ། མཚོ་ཡི་མགོ་ནས་མཇུག་བར་བུས་ཨ་མ་ཞེས་བོས་པ་དང་། བེར་སྐྱ་འོད་འབུམ་ལྷག་པར་དུ་ཡིད་སྨྲེང་ཞིང་མཆི་མ་འདོན་བཞིན་སྐད་གང་ཡོང་ཕྱུང་ནསཀ་ཡེ། ཡུམ་ཆུང་ལྷ་མོ། ཀ་ཡེ་་་ ཡུམ་ཆུང་ལྷ་མོཞེས་བོས་ཀྱང་ཡུམ་ཆུང་ལྷ་མོ་མཐོང་རྒྱུ་ལྟ་ཅི། ཨ་ལན་ཞིག་ཀྱང་ཐོས་རྒྱུ་མ་བྱུང་། དེ་ནས་ཉིན་གཅིག་འདྲེ་མོ་བྲག་དཀར་གཡི་ཉེ་འདབས་སུ་བསྐྱོད་དུས། བེར་སྐྱ་འོད་འབུམ་གྱིས་རྦ་རླབས་ཤིག་གི་ནང་ནས་གློ་བུར་དུ་བུ་མོ་ཞིག་གི་ལུས་གཟུགས་མཐོང་། དེའི་རྒྱབ་ན་སྐྲ་ནག་པོ་ཐུར་དུ་དཔྱངས་ཤིང་སྐྱོ་གླུ་ལེན་པ་ཐོས། ཁོའི་སེམས་ལ་དེ་ནི་ཡུམ་ཆུང་ལྷ་མོ་ཡིན་སྙམ་ནས་ཁོས་རྐྱལ་གཟིངས་མགྱོགས་པོར་དཀྲུགས་ཤིང་མོ་ཡོད་སར་བསྐྱོད་དེ་ཐོན་ལ་ཁད་ཀྱི་སྐབས་དེར། ཀླུའི་རྒྱལ་མོ་སེམས་ནག་དེས་ཤེས་ཏེ་ཆོ་འཕྲུལ་གྱི་མཚོ་རླུང་གཡུགས་ནས། གནམ་སར་ཤང་སྒྲ་འུར་སྒྲས་ཁེངས་པར་བརྟེན་ནས་རྐྱལ་གཟིངས་དང་མི་ཚང་མ་ནམ་མཁར་དྲངས་སོང་ངོ་། །དེ་ནས་བཟུང་བེར་སྐྱ་འོད་འབུམ་ཕ་བུ་གཉིས་མཐོང་རྒྱུ་མ་བྱུང་ཞིང་། ཁོ་གཉིས་ནི་དཀར་སྐྱ་དངུལ་མདོག་འདྲ་བའི་མཐིང་རིལ་ཆེ་ཆུང་གཉིས་ཀྱིས་གྱུར་ཏེ། ཉིན་བཞིན་དུ་མཚོ་སྔོན་པོའི་མཁའ་དབྱིངས་སུ་འཕུར་ཞིང་བསྐྱོད་དེ་ཡུམ་ཆུང་ལྷ་མོ་འཚོལ་བཞིན་ནོ། །
        ང་ཚོ་མཚོ་མཐའ་ལ་ཕྱིན་ཚེ། རྒྱུན་པར་ ཨུས་ཡ་་་ ཨུས་ཡ་་ ཞེས་པའི་ཆུ་བྱའི་འབོད་སྒྲ་ཞིག་ཐོས། རྒན་པ་ཚོས་དེ་ནི་མཐིང་རིལ་གྱིས་ཡུམ་ཆུང་ལྷ་མོར་འབོད་པ་ཡིན་ཟེར། ད་ལྟ་མཚོ་སྔོན་པོའི་ནང་དུ་མཐིང་རིལ་ཁྲི་སྟོང་མང་བོ་ཚོགས་བཞིན་མཆིས་པ་དེ་དག་ནི་དེའི་རྗེས་རྒྱུད་ཀྱི་རྒྱུན་འདུག་བྱ་དང་མཚོ་སྔོན་པོའི་བདག་པོའི་བྱ་རིགས་ཡིན་པར་གྲགས་སོ། །
འབྲེལ་ཡོད་འོས་སྦྱོར།