རྟ་ཡི་བྱུང་འཕེལ་དང་རྟ་རྒྱུག་གི་རིག་གནས་སྐོར་གླེང་བ།
རྩོམ་པ་པོ།:ཐོལ་སྐྱེས།
ཡོང་ཁུངས།:ལུག་ཚང་དཔལ་ཡོན་འཕྲིན་སྟེགས།
དུས་ཚོད།:2022-04-20
ཀློག་གྲངས།:
རྟ་ནི་འགྲོ་བ་མི་དང་ཆེས་འབྲེལ་འདྲིས་ཆེ་བའི་སྲོག་ཆགས་ཤིག་ཡིན་པ་དང་། དེ་ཡང་རྟ་དང་མིའི་བར་གྱི་འབྲེལ་འདྲིས་བྱུང་བའི་ལོ་རྒྱུས་ནི་ཤིན་ཏུ་རིང་ལ། དེ་ཡང་ཚན་རིག་གི་ལམ་ནས་བརྟག་ཐབས་བྱས་པའི་གྲུབ་དོན་ཞིག་ཡིན་པ་ནི། འགྱུར་རྡོ་དང་། བྲག་བརྐོས་རི་མོ་སོགས་ལས་ར་སྤྲོད་ནན་པོ་བྱུང་ཡོད། རྟ་དང་མིའི་བར་འབྲེལ་འདྲིས་བྱུང་ནས་ལོ་ངོ་༦༠༠༠ཙམ་ཟིན་པ་དང་། དཔེར་ན། དེང་སང་རྙེད་ནས་རྙེད་བཞིན་པའི་བྲག་བརྐོས་རི་མོའི་ཁྲོད། རྟ་བཞོན་པ་དང་། རི་དྭགས་རྔོན་པ། དམག་རྒྱག་པ་སོགས་ཧ་ཅང་མང་ལ། དེ་དག་ལས་ཕལ་ཆེར་བ་སྔོན་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་བོའི་མིའི་རིགས་ཀྱིས་བྲིས་པའི་བྲག་བརྐོས་དང་། དེའི་ཡར་སྔོན་གྱི་སྦྲ་མིའི་དུས་རབས་ཀྱི་མིའི་རིགས་ཀྱིས་བྲིས་པའི་བྲག་བརྐོས་རི་མོ་ཡིན་པར་ཚན་རིག་པས་སྨྲ།
གནའ་བོར་རྟ་ནི་མིའི་རིགས་ཀྱི་འཚོ་གནས་ལ་དགོས་མཁོ་ཆེ་བའི་སྟབས་བདེའི་འཕྲུལ་ཆས་ལྟ་བུ་ཞིག་ཡིན་པ་དང་། མིའི་རིགས་ཀྱིས་རྟ་རྒོད་འདུལ་གསོ་བྱས་པ་ནས་བཟུང་མིའི་རིགས་ཀྱི་འཚོ་གནས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། མདོར་ན་རྟ་ནི་འགྲོ་བ་མིའི་རིགས་འཚོ་བའི་ཤེས་དཔལ་ལ་ཞུགས་སུ་འཇུག་མཁན་དང་། རྟ་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་བདེན་དཔང་ཡིན་ཞེས་དེང་སང་གི་ཉམས་ཞིབ་པས་ཡང་ཡང་དུ་བསྔགས་སོ། །
ལོ་ངོ་ཁྲི་༥༠༠༠ཙམ་གྱི་སྔོན། མེ་གླེང་ལྷོ་མའི狐狸大小的始新马ཞེས་པའི་སྲོག་ཆགས་དེ་རིམ་བཞིན་འགྱུར་བ་ཐེབས་ནས་ད་ལྟ་ང་ཚོའི་མཐོང་ཆོས་སུ་གྱུར་པའི་གསོས་རྟ་འདི་ལ་གྱུར་པ་ཡིན་འདུག །དེ་ནས་འཚོ་གནས་ཀྱི་ལམ་ཁ་ནས་ཨོ་གླེང་དང་། ཡ་གླེང་སོགས་སུ་ཁ་གྱེས། སྐབས་དེའི་རྟ་ཡི་དབྱིབས་དང་ད་ལྟའི་རྟ་ཡི་དབྱིབས་གཉིས་མི་འདྲ་བའི་ཁྱད་པར་ཡོད། ད་ལྟའི་རྟ་ཡི་རྐང་ལག་རེ་ལ་རྨིག་པ་གཅིག་ལས་མེད་ལ། ལག་ངར་གྱི་ངོས་ན་རྭ་འབུར་རེ་ཡོད་པ་དང་། རྟ་ཉུང་ངུ་ཞིག་གི་ལག་པའི་རྨིག་ཁུག་ན་རྭ་འབུར་ཆུང་ཆུང་རེ་ཡོད་འདུག །འོན་ཀྱང་གནའ་བོའི་རྟ་ཡི་རྨིག་པ་ནི་ཁ་དབྲག་བཞི་ཅན་ཡིན་ལ། བྱ་ཡི་སྦར་མོ་ལྟ་བུའི་རྨིག་པ་བཞི་ཡོད་པའི་དཔང་རྟགས་འགྱུར་རྡོ་མང་པོས་བྱས་འདུག་གོ །
ལོ་ཁྲི༥༠༠༠གཡས་གཡོན་གྱི་རྟ་ཡི་འགྱུར་རྡོ།
རྟ་རྨིག་གི་འགྱུར་རྣམ།
དེ་ནས་རིམ་བཞིན། རྨིག་པ་གཞན་རྣམས་ཇེ་ཐུང་དུ་སོང་ནས་མཐར་ད་ལྟའི་རྨིག་པ་གཅིག་པུ་འདི་ལ་གྱུར་ཡོད། མ་འོངས་པར་ད་ལྟའི་རྟ་ཡི་ལག་ངར་དང་རྨིག་ཁུག་ན་ཡོད་པའི་རྭ་འབུར་དེ་ཇེ་ཆུང་ལ་སོང་ནས་མཐར་རྟ་ཡི་རྒྱུད་རབས་རྗེས་མ་ལ་རྭ་འབུར་དེ་མི་སྣང་བར་འགྱུར་འགྲོ་བ་དང་། ད་ལྟའི་རྟ་ཡི་རིགས་འགའ་ཞིག་གི་རིགས་རྒྱུད་རྗེས་མ་ནི་སྲོག་ཆགས་གཞན་ཞིག་གི་ངོ་བོར་འགྱུར་འགྲོ་བ་ནི་འཕེལ་འགྱུར་རིག་པའི་སྤྱི་འགྲོས་ཀྱི་འགྲེལ་བཤད་རྒྱག་སྟངས་ཤིག་ཡིན་ནོ། །རྟ་རྒྱུག་འགྲན་བསྡུར་གྱི་བྱུང་རིམ།
གནའ་བོར་མི་རྣམས་རྟ་ལ་དགའ་པོ་བྱེད་ཀྱི་ཡོད་པ་ནི་བྲག་བརྐོས་རི་མོ་ལས་རྟ་བཞོན་པ་དང་། རྔོན་རྒྱག་པ། དམག་འཛིང་བ་བྲིས་པ་སོགས་ཀྱིས་ར་སྤྲོད་ཐུབ་ལ། མིས་གསོ་འདུལ་སྲོག་ཆགས་ལས་རྟ་ནི་མི་རིགས་ཀྱི་འཚོ་གནས་ལ་ཞབས་ཞུ་བྱེད་ཆེ་ཤོས་ཀྱི་གསོ་འདུལ་སྲོག་ཆགས་ཤིག་ཡིན་པ་དང་འཚོ་གནས་ནི་འགྲན་རྩོད་ཀྱི་ལམ་ཁ་ན་ཡོད་པས། རྟ་བཞོན་ནས་དགྲ་འཛིང་བ་ནས་བཟུང་རྟ་རྒྱུག་གི་འགྲན་བསྡུར་དར་བའི་འགོ་ཚུགས་ཡོད་ཅེས་བཤད་ན་མི་ཆོག་པར་གང་ཡང་མེད་དོ། །དཔེར་ན། ཇིང་གེར་རྒྱལ་པོའི་བུ་རྟ་གཉིས་ཀྱིས་ཡ་གླེང་དང་ཨོ་གླེང་ལ་དབང་བསྒྱུར་བྱེད་པ་སོགས་ཀྱིས་ཤེས་ཐུབ་བོ། །
དངོས་སུ་རྟ་གཅིག་པུ་འགྲན་བསྡུར་བྱེད་པའི་ལོ་རྒྱུས་ནི་གནའ་བོར་རོ་མ་བཙན་རྒྱལ(罗马帝国)གྱི་དུས་རབས་ན་བྱུང་ཞིང་། དེ་ཡང་སྤྱི་ལོའི་སྔོན་གྱི་དུས་རབས༧པའི་ནང་དུ། གནའ་བོའི་གྷི་རི་སིའི(古希腊)ཨོ་ལན་ཕི་ཁི་ལུས་རྩལ་འགྲན་ཚོགས་ཤིག་གི་ནང་དུ་རྟ་བཞི་སྦྲེལ་གྱི་ཤིང་རྟ་འཁོར་ལོ་འགྲན་བསྡུར་བྱུང་བ་དང་། དེ་ནས་ལོ༤༠རྗེས་སུ། ག་ལེར་ད་ལྟའི་རྟ་རྒྱུག་འགྲན་བསྡུར་གྱི་རྣམ་པར་གྱུར།
དེ་ནས་ད་ལྟའི་བར་དུ་འཛམ་གླིང་གི་རྟ་རིགས་ཀུན་གྱི་ནང་ནས་མགྱོགས་ཤོས་ཀྱི་རྟ་ནི་དབྱིན་ཇིའི་ཁྲག་གཙང་རྟ་མཆོག(纯血马)ཟེར་བ་དེར་ངོས་འཛིན་བྱུང་ངོ། །ད་ལྟའི་དུས་འདིར། དབྱིན་ཇིའི་རྟ་རྒྱུག་གི་འགྲན་བསྡུར་ནི་འཛམ་གླིང་ལ་སྐད་གྲགས་ཡོད་ཅིང་། དབྱིན་ཇིའི་རྒྱལ་ཁབ་ནི་སྔོན་ཐོན་སྟོབས་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་ཡང་། རྟ་རྒྱུག་ནི་རྨོངས་དད་དང་རྗེས་ལུས་ལ་མ་བརྩིས་པར་རིག་གནས་ཤིག་གི་སྡེ་ཚན་དུ་ཡོད་ཅིང་། རྒྱུག་ར་ཡང་སྒོར་དུང་ཕྱུར་མང་པོ་བཏང་ནས་ཆེད་དུ་འཛུག་བསྐྲུན་བྱས་ཡོད། དེར་བརྟེན་ང་ཚོ་བོད་ལ་རྟ་རྒྱུག་ཅིག་ཡོད་པ་ནི་རྨོངས་དད་དང་རྗེས་ལུས་ཀྱི་སྤྲང་རྟགས་ཙམ་མ་ཡིན་པར་འདི་ནི་གནའ་སྔ་མོའི་སྲོལ་རྒྱུན་རིག་གནས་ཤིག་གི་སྡེ་ཚན་དུ་བགྲང་ན་མི་ཆོག་རྒྱུ་གང་ཡོད་དམ། ཡ་མཚན་དགོས་པ་ཞིག་ལ་དེང་སང་དྲ་ཐོག་ནས་རྩོམ་ཐ་ཐོར་རེ་འབྲི་མཁན་དེ་ཚོས་རང་ཉིད་སྔོན་ཐོན་གྱི་གྲལ་དང་བསམ་བློ་གསར་པ་ཞིག་སད་ཡོད་མདོག་མདོག་གིས་རྟ་རྒྱུག་ལ་སྨད་པ་དང་། མི་ཚེ་གཅིག་ཏུ་ཡི་གེ་རྐྱང་རྐྱང་ལ་གཡེང་དགོས་ཡོད་མདོག་མདོག་བཤད་མཁན་དེ་ཚོ་ནི། ལོ་རྒྱུས་ཀྱི་དེབ་ཐེར་མཇལ་མ་མྱོང་བའི་དམུས་ལོང་ཞིག་ལས་ལྟ་རྒྱ་མཐོང་རྒྱ་ཅན་གྱི་སྐད་ཆ་བཤད་ཐུབ་མཁན་ཞིག་ནམ་ཡང་མིན་པར་སེམས། དེང་སང་གི་དགའ་སྤྲོའི་ལྟད་མོ་ཞེས་པ་ནི་འཛམ་གླིང་ཀུན་ལ་ཡོད་ཅིང་དེ་ཡང་དུད་འགྲོ་ཡ་མ་ཟུང་ཁྲོམ་ངོམ་པ་དང་། དུད་འགྲོའི་རྩེད་མཚར་སོགས་ལས་གཞན་གང་ཡང་མིན།
མདོར་ན་རྟ་རྒྱུག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པ་ལས་རྨོངས་དད་ཀྱི་བྱ་བ་ཞིག་ཡིན་པར་ཁོ་བོས་མ་ཚོར་རོ། །
འབྲེལ་ཡོད་འོས་སྦྱོར།