༄༅། །ཆུ་ལོག་གི་ཉེར་འཚེ་ལ་དོགས་ཟོན་བྱ་དགོས།
རྩོམ་པ་པོ།:ཧྲོང་བོ་ཚེ་བརྟན་རྒྱལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-08-24
ཀློག་གྲངས།:
༄༅། །ཆུ་ལོག་གི་ཉེར་འཚེ་ལ་དོགས་ཟོན་བྱ་དགོས།
ཧྲོང་བོ་ཚེ་བརྟན་རྒྱལ།
འགོ་བརྗོད།
ད་ལོ་ནི་ཀུན་གྱིས་ཤེས་གསལ་ལྟར་ཐན་པ་བྱུང་བའི་ལོ་ཞིག་རེད། ཆར་ཆུ་ཤིན་ཏུ་དཀོན་ཞིང་ས་སྐམ་རྡོ་སྲེག་གི་ལོ་ངན་ཞིག་རེད། ངའི་ཕ་ཡུལ་ཧོལ་ཁ་ལ་མཚོན་ན་ཡང་། ནམ་རྒྱུན་མེས་པོ་ཚོའི་བཤད་རྒྱུན་ལྟར་ན་ས་སྐྱིད་པོ་རྒྱ་གར་གྱི་དུམ་བུ་ཞིག་ཡིན་ཞེས་སྨྲ་བ་དང་། ཧོལ་ཁ་གསེར་གཞུང་རིང་མོ་ཞེས་བསྔགས་པ་བརྗོད། དངོས་གནས་ས་སྐྱིད་པོ་དབྱར་ལེགས་ས། སྤང་ཐང་དང་རྩྭ་ལྗང་མེ་ཏོག་གིས་རབ་ཏུ་མཛེས་པར་སྤུད་པའི་གནས་མཆོག་ཅིག་ཡིན་མོད། ད་ལོ་ཆར་ཆུ་དཀོན་ཞིང་རྩྭ་སྐྱེས་པ་ཞན་པས་ཡུལ་མི་རྣམས་ཀྱིས་དངན་པ་འཐེན་གྱིན། ལོ་རྗེས་མ་སྟེ་ཕྱི་ལོར་ཕྱུགས་ཟོག་ལ་ག་འདྲ་བྱེད་ཅེས་སེམས་ཚེགས་བྱེད་བཞིན་མཆིས། ད་དུང་ན་ཚའི་སྟེང་དུ་མུ་གེ་ཞེས་པའི་དཔེ་བཞིན་དུ། གནམ་རྒན་མས་བསམ་གཟས་ནས་མགོ་ནག་རྨུན་པོ་རྣམས་ལ་ཆད་པ་གཅོད་པ་ལྟར་དང་ཡང་ན་དབྱར་ཡིན་ཡང་རྡུལ་འཚུབ་ལངས་ནས་རླུང་གཡུགས་པ། ཡང་ན་ཆར་ཤ་འོངས་ནས་ཆུ་ལོག་བརྒྱུགས་ཏེ། བྲག་རོང་དང་ལུང་ཀྱོག་ཕུད་ཐ་ན་བདེ་ས་འཇམ་ས་རྣམས་ཀྱང་གློ་བུར་གློ་བུར་དུ་ཆུས་འགེངས་པར་བྱེད་པ་རེད། ཉིན་འདི་འགར་ཆར་ཤ་འོངས་ཏེ་ཆུ་ལོག་བརྒྱུགས་ནས། འབྲོག་རོང་ཁུལ་ནས་ཕྱུགས་ཟོག་མང་པོ་ཆུས་ཁྱེར་བ་དང་། གྲོག་རོང་གི་གད་པ་ཆད་པ། ལམ་ཆད་པ་སོགས་དང་། རྒྱ་ནང་དུ་ཟམ་པ་བསྣུབས་པ། མི་ཆུས་ཁྱེར་བ་སོགས་གསར་འགྱུར་སྐྱི་གཡའ་བ་ཅི་རིགས་ཤིག་ཁ་པར་བརྙན་ལམ་ནས་མཐོང་རྒྱུ་འདུག་པ་ལྟར་དང་། ད་དུང་ནུབ་མཚོ་གྲོང་ཁྱེར་ཆེན་པོའི་ཚགས་པར(西海都市报)དུ་བཀོད་པ་ལྟར་ན། ཟླ༨པའི་ཚེས༡༧ཉིན་གྱི་ཆུ་ཚོད༢༢དང་སྐར་མ༢༥ཡི་སྟེང་དུ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རྟ་ཐང་རྫོང་དུ་གློ་བུར་དུ་ཆར་བ་དྲག་པོ་བབས་ནས་ཆུ་ལོག་བྱུང་སྟེ། མི༡༦གི་ཚེ་སྲོག་ཤོར་དང་། མི༣༦ལ་འབྲེལ་གཏུག་བྱེད་དཀའ་བར་འདུག་ཟེར་བ་ལྟར་ཉེན་ཁ་ཆེ་བ་རེད། ཁ་སང་ཁེ་ཉིན་ང་རང་ཕ་ཡུལ་དུ་ཕ་མ་གཉིས་ཀར་སྐོར་ཞིག་རྒྱག་ཏུ་སོང་བ་ཡིན་ཞིང་། ཕ་མ་གཉིས་ཀ་དགུན་སའི་ཁང་བ་རུ་དྲོན་པོ་སྐྱིད་པོ་བྱས་ནས་བསྡད་ཡོད་མོད། ཡིན་ན་ཡང་། ང་རང་ཐོན་མ་ཐག་ཏུ་ད་ལོའི་ཆུ་ལོག་འདི་ལ་སེམས་ཆུང་བྱ་དགོས་འདུག། ཁེ་ཉིན་ངའི་ནུ་བོ་ལོ་སོ་དགུ་ཅན་ཞིག་ཡོད་པ་དེས་འཕྲུལ་རྟ་ཞོན་ནས་དབྱར་སའི་གམ་དུ་གྲམ་གཞུང་ཞིག་ཡོད་དེ་དེ་ཉིན་ཆུ་ལོག་གིས་ཁེངས་ཡོད་པར་བརྒལ་བས་ཅུང་མིན་ན་ཆུས་ཁུར་སོང་ཟེར། ནུ་བོའི་བུ་ཆུང་བའང་ངའི་ཕ་མ་གཉིས་ཀའི་གམ་ན་འདུག་པས་ཀྱང་། ཨ་ཕ་དང་འཕྲུལ་རྟ་གཉིས་ཁེ་ཉིན་གྲོག་མོའི་ཆུ་ལོག་གི་ནང་དུ་ལྡིང་བྱུང་པས་ཅུང་ཙམ་མིན་ན་ཆུར་ནུབ་སོང་ཞེས་འཛུམ་ཆུང་ཞིག་ལངས་བཞིན་འདུག་པ་ལས། ཁོའི་ཕ་རྒན་གལ་ཏེ་ཆུས་ཁྱེར་བ་ཡིན་ན་དེའི་མཇུག་འབྲས་ག་འདྲ་ཞིག་འབྱུང་བ་རྟོགས་ཐུབ་ཀྱི་མི་འདུག་མོད། ངའི་སྐད་ཆ་དེ་ཐོས་མ་ཐག་ཏུ་སྙིང་གི་ནང་དུ་ཙག་ཤད་ཅིག་བརྒྱུགས་བྱུང་བ་དང་། ཕ་མ་གཉིས་ཀས་ཀྱང་མཁར་རྩེ་ལ་ཨུ་ཚུགས་ཆེ་བས་བསམ་གཟས་ནས་ཆུ་ལོག་ཏུ་བརྒལ་བ་རེད། ཆུར་རྐྱལ་མི་ཤེས་པ་ཞིག་ཆུ་ནང་གཏན་ནས་ལྡིང་མི་ཉན། དེ་ལྟར་བྱས་ན་ཆུ་ལོག་གིས་འཁྱེར་ངེས་རེད། ཅེས་སེམས་ཚེགས་བྱེད་བཞིན་འདུག་པ་དང་། དེ་ལས་རྟོགས་ཐུབ་པ་ནི་བོད་མདོ་དབུས་ཁམས་གསུམ། སྟོད་མངའ་རིས་བྱང་ནག་ཆུ་དང་བཅས་པ་རུ། ངའི་ཕ་ཡུལ་ལྟར་དུས་རྒྱུན་དུ་ཆུ་ཆེན་མེད་ས་རུ་གློ་བུར་དུ་ཆུ་ལོག་རྒྱུགས་པ་མང་སྲིད་ལ། ངའི་ནུ་བོ་བཞིན་དུ་སོས་དལ་དུས་ཆུར་རྐྱལ་བའི་ཤེས་བྱ་ཏིལ་འབྲུ་ཙམ་མེད་ཀྱང་། ཨུ་ཚུགས་ཀྱིས་ཆུ་ལོག་ལ་བརྒལ་མཁན་ཡང་ཤིན་ཏུ་མང་སྲིད་པས། གནད་དོན་འདི་དང་འདི་འདྲ་བ་ལ་མཉམ་འཇོག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་རེད། གནས་ཚུལ་འདིའི་ཕྱོགས་ནས་རང་ཉིད་ལ་བསམ་ཚུལ་འགའ་འདུག་པ་གཤམ་དུ་བརྗོད་པར་བྱ་སྟེ།
གཅིག། འབྲོག་པས་དབྱར་མཚེར་ལ་མཉམ་འཇོག་དགོས།
ད་ལྟ་ནི་དབྱར་དུས་ཡིན་པ་དང་འབྲོག་པ་རྣམས་ཀྱི་རུ་བ་དབྱར་ས་རུ་མཆིས་པ་རེད། རུ་དབྱར་སར་བབས་པའི་མཚེར་ས་ལ་ཆུ་ལོག་གི་གནོད་པ་འབྱུང་མིན་ལ་མཉམ་འཇོག་དང་སེམས་ཆུང་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། གལ་ཏེ་ཁྱེད་ཚང་གི་རུ་འབབ་ས་ཆུ་ལོག་འབྱུང་སླ་བའི་གྲོག་མོ་དང་། བྲག་ལུང་། ཆུ་ལོག་བྱུང་ཚེ་རྡིབ་སླ་བའི་གྲོག་རོང་གི་གད་པའི་སྟེང་སོགས་སུ་མཆིས་ཚེ། ལམ་སེང་མཚེར་གནས་སྤར་ནས་བདེ་འཇགས་ཀྱི་ས་གནས་ཤིག་ཏུ་འབབ་དགོས། ད་དུང་གྲོག་རོང་དང་གད་སྟེང་སོགས་མིན་ཡང་། ཆུ་ལོག་བྱུང་ཚེ་ཆུས་འགེངས་སླ་བའི་ས་བབས་ཀོང་ཀྱོང་ལྟ་བུ་རུ་ཡོད་ན་ཡང་། རུ་སྤར་ཏེ་ཆུ་མི་འཁྱིལ་བའི་ས་བབས་ཅུང་མཐོ་སའི་འབུར་འགོ་ལྟ་བུ་ལ་རུ་འབབ་དགོས། དེ་ལྟར་བྱས་ཚེ་གལ་ཏེ་ཆུ་ལོག་བྱུང་བ་ཡིན་ཡང་། ཁྱིམ་ཚང་ལ་གནོད་འཚེ་ལྟོས་བཅས་ཀྱིས་ཅུང་ཆུང་བ་སྨོས་ཅི་དགོས།
གཉིས། ཕྱུགས་རྫིས་ཆར་ཤ་འབྱུང་དུས་སྡོད་ས་རུ་བརྟག་དགོས།
དབྱར་དུས་ཕྱུགས་རྫི་ཕལ་ཆེ་བས་ཕྱུགས་འཚོས་ནས་རང་ཁྱིམ་དང་ཁད་རིང་བའི་རྫ་འགོ་རི་ལུང་དུ་མཆིས་པ་ཡིན་པས། ཆར་ཤ་འབབ་དུས་ཀྱང་རང་རང་འདུག་ས་སྐོང་ས་རུ་གལ་ཏེ་ཆུ་ལོག་བྱུང་བ་ཡིན་ན། རང་གི་ལུས་སྲོག་བདེ་ཐང་ལ་གནོད་པ་ཐེབས་མིན་ཞིབ་ཏུ་བརྟག་དགོས། སྤྱིར་ཕྱུགས་རྫི་རྣམས་ཆར་ཤ་དང་ལྷགས་རླུང་ཁ་བ་གྲང་ངར་བཅས་ལ་འཕྲད་ཚེ། ས་སྐྱིབས་དྲོ་ས་ཞིག་བཙལ་པ་ནི་ཆོས་ཉིད་ཅིག་ཡིན། ང་རང་ཆུང་དུས་ལུག་རྫི་ཡིན་སྐབས་དེ་ལྟར་བྱས་པ་ཡིན། གྲང་ལྷགས་འུར་འུར་ལྡིང་དུས་སུའང་ས་བབ་ལ་ལ་ནི་དྲོ་དུབ་དུབ་འདུག་པ་ནི་ང་ལ་ཆ་རྒྱུས་མཆིས། ས་བབ་དེ་འདྲ་ནི་ས་དཔྱད་པས་བཤད་ན་གཏེར་སྦ་ས་སོགས་ཀྱི་ས་དམིགས་ཆེས་ལེགས་པོ་ཡིན་པར་སྨྲ་ཟེར་བ་དང་། ས་ས་བས་མི་རྟོགས་ལུག་རྫིས་ཤེས། ཞེས་པ་ཡང་དེ་ཡིན་ཟེར། གང་ལྟར་ཕྱུགས་རྫི་རྣམ་པ་ཆར་ཤ་འབབ་དུས་གྲང་ལྷགས་རྒོད་ན་ཡང་། ས་བབ་དྲོ་ས་ཡིན་ཡང་ཆུ་ལོག་གི་གནོད་ཐེབས་སླ་ས་ཡིན་ན། དེ་རུ་མི་འདུག་པར་ཁ་དཔེ་ལ། ལུག་རྫི་འདུག་ས་ཐོད།ཅེས་པ་ལྟར་ས་བབ་མཐོ་ས་སྒང་འབུར་སོགས་ཀྱི་སྟེང་དུ་འདུག་རྒྱུ་གལ་ཆེའོ།།
གསུམ། ཆར་ཤ་འབྱུང་དུས་རས་གུར་ཆུང་ཆུང་གི་སྒོ་ཟ་བརྒྱབ་ཏེ་ཉལ་མི་ཉན།
སྔོན་དུས་དབྱར་ཀར་འབྲོག་པའི་མགོ་སྦྲ་ཐམས་ཅད་སྦྲ་ནག་ཡིན་པས། སྦྲ་རོག་རོག་ཅན་ལ་མཛེ་མི་འབྱུང་།ཞེས་པ་ལྟར། སྦྲ་རོག་རོག་ཅན་གྱི་རུ་སྡེ་ཤ་སྟག་རེད། སྦྲ་དེ་ལ་ཁྱད་ཆོས་ཤིག་མཆིས་པ་ནི། ས་འགུལ་བྱུང་ན་ཁང་པ་འགྱེལ་བ་ལྟ་བུའི་མི་གཅུར་གསོད་ཐེབས་པའི་ཉེན་ཁ་མེད་པ་དང་། ཤ་དང་འོ་མ་སོགས་མི་རུལ་བ། ཚ་བ་ཆེ་དུས་བསིལ་བ། གྲང་ངར་རྒོད་དུས་དྲོ་བ་སོགས་རེད། ཡིན་ན་ཡང་། དུས་རབས་རིམ་གྱིས་འགྱུར་བ་དང་བསྟུན་ཏེ་འབྲོག་ཁུལ་མང་པོ་ནས་སྦྲ་རྒན་དུད་པ་ཅན་དེ་རས་གུར་དཀར་པོར་འགྱུར་བ་རེད། ང་རང་ན་ནིང་དོ་ཚིགས་འདིར་སྟོད་མངའ་རིས་ནས་མདོ་དབུས་ཁམས་གསུམ་ནག་ཆུ་དང་བཅས་པར་འགྲིམས་མྱོང་ཞིང་། དེ་ལས་སྦྲ་མཐིང་སྨུག་ག་ས་ག་རུ་མང་བ་དང་། གང་གང་དུ་ཉུང་བ། ཐ་ན་ས་ཆ་ག་གེ་མོ་ནས་མཐོང་མི་ཐུབ་པ་སོགས་མཉམ་འཇོག་བྱས་པ་ཡིན། དེ་ལས་སྟོད་མངའ་རིས་སུ་ཡང་སྦྲ་ནག་ཉུང་ཙམ་འདུག། མགོ་ལོག་ན་ཡང་ཕྱེད་སྦྲ་ནག་དང་ཕྱེད་ཀ་རས་གུར་རེད། ཨ་མདོའི་མཚོ་ལྷོ་སོགས་ཀྱི་འབྲོག་ཁུལ་དུ་སྦྲ་ནག་རེ་གཉིས་ཙམ་ལས་མཐོང་དཀོན་པའི་ཚུལ་རེད། ནག་ཆུ་ན་སྦྲ་ནག་མང་པོ་འདུག། ལྷ་སའི་འཕན་པོ་དང་འབྲོང་པ་སོགས་ན་ཡང་སྦྲ་ནག་མང་ཙམ་མཆིས། ཁམས་ཁུལ་ན་སྦྲ་ནག་མང་ཙམ་འདུག། མདོར་ན་སྦྲ་ནག་རས་གུར་དུ་འགྱུར་ཆེ་ས་དེ་ཨ་མདོའི་འབྲོག་ཁུལ་རེད། སྦྲ་ནག་མང་ས་དེ་ནག་ཆུ་དང་ཁམས་ཁུལ་རེད། ད་དུང་སྦྲ་ནག་མཆིས་ས་ཡིན་ན་ཡང་ཕོ་གཞོན་མོ་གཞོན་ཚོའི་ཉལ་གུར་རས་གུར་ཆུང་ཆུང་མི་གཉིས་ཤོང་བའམ་ཡང་ན་མི་གཅིག་ཤོང་བ་ཅན་ཡིན་པ་ཤིན་ཏུ་མང་པོ་འདུག། སྦྲ་ནག་རས་གུར་དུ་བསྒྱུར་ཟིན་པའི་ཨ་མདོའི་འབྲོག་ཁུལ་དུ་ཡང་། རས་གུར་ཆུང་ཆུང་རྟ་ཕོ་མ་དེ་འདྲ་ན་གཞོན་ཚོས་ཕུབ་པ་སྤང་ལ་ཤ་མོ་རྡོལ་བ་ལྟར་རེད། རས་གུར་ཆུང་ཆུང་དེ་དག་ཏུ་ཉལ་རྗེས་སྒོ་ཡི་འདེད་ཟ་དེ་བརྒྱབ་ནས་གཉིད་པ་རེད། དེ་ནི་སྤྱིར་ན་ལེགས་མོད། ཡིན་ན་ཡང་། ཆར་ཤ་དྲག་པོ་འབྱུང་དུས་རས་གུར་ཆུང་ཆུང་དུ་སྒོ་ཟ་བརྒྱབ་སྟེ་གཏན་ནས་ཉལ་མི་རུང་། རྒྱུ་མཚན་ནི། ཆར་ཤ་བྱུང་ནས་ཆུ་ལོག་དྲག་ཏུ་བརྒྱུགས་ཚེ་རས་གུར་ཆུང་བའི་སྒོ་ཟ་ཕྱེ་ལོངས་མེད་པར་འཁྱེར་སྲིད་པ་དང་། ཆུས་ཁུར་ཚེ་རས་གུར་ཆུང་བའི་ནང་ནས་ཕྱིར་ཐོན་མི་ཐུབ་པ་དང་། སྒོ་ཟ་འབྱེད་ཐབས་མེད་པ། ཆུས་འཁྱེར་བདེ་བ་བཅས་ཀྱི་ཉེན་ཁ་ཤིན་ཏུ་ཆེ། སྔོན་དུས་རས་གུར་ཆུང་ཆུང་གི་སྒོ་ཟ་བརྒྱབ་པ་ཅན་ཆུ་ལོག་གིས་ཁུར་སོང་བའི་གནས་ཚུལ་ཡང་ཧ་ཅང་མང་བ་རེད། དེའི་སྟབས་ཀྱིས་དབྱར་ཆར་ཤ་རྒོད་དུས་རས་གུར་ཆུང་བ་རྟ་ཕོ་མ་རུ་སྒོ་ཟ་བརྒྱབ་ནས་མི་གཉིད་རྒྱུ་སེམས་ལ་འཇགས་དགོས་འདུག་གོ །
བཞི། ཆུར་རྐྱལ་མི་ཤེས་ན་འོལ་ཚོད་ཀྱིས་ཆུ་ལོག་ལ་བརྒལ་མི་ཉན།
དེ་ཡང་རྨ་ཆུ། འབྲི་ཆུ། རྫ་ཆུ། རྒྱལ་མོ་དངུལ་ཆུ། ལྕི་ཆུ། ཡར་ཀླུང་གཙང་པོ། སེང་གེ་ཁ་འབབ། ཧང་ཆུ། ཆུ་སྔོན་བཅས་ཀྱིས་མཚོན་པའི་ཆུ་ཀླུང་ཆེན་པོའི་འགྲམ་རྒྱུད་ན་མཆིས་པའི་མི་རྣམས་ནི་ལྟོས་བཅས་ཀྱིས་ཆུར་རྐྱལ་ཤེས་ན་ཐང་མོད། ཡིན་ན་ཡང་། རྒྱུན་དུ་ཆུ་ཆེན་མེད་པའི་སྐམ་ས་སྤང་ལྗོངས་དང་བྱེ་ཐང་གྲམ་ཐང་བཅས་སུ་འཚོ་བ་རོལ་བའི་མི་ཐམས་ཅད་ལ་མཚོན་ན། ད་ལོ་བཞིན་གློ་བུར་གློ་བུར་དུ་ཆུ་ལོག་བྱུང་ནས་གྲོག་མོ་སོགས་འགེངས་བར་བྱས་ཚེ། ཁྱེད་ལ་བྱ་བ་བྲེལ་མྱུར་ཅན་གང་འདྲ་ཞིག་མཆིས་ཀྱང་། ཁྱེད་ལ་སྙིང་སྟོབས་ག་འདྲ་ཞིག་ལྡན་ཡང་། ཁྱེད་ལ་ལུས་ཤུགས་ཇི་འདྲ་ཞིག་ཆེ་ཡང་། དུས་རྒྱུན་ཆུ་ལ་རྐྱལ་མི་ཤེས་ན་འོལ་ཚོད་དང་ཨུ་ཚུགས་ཀྱིས་གཏན་ནས་ཆུ་ལོག་ཏུ་བརྒལ་མི་རུང་། གལ་ཏེ་ཚེ་སྲོག་ལ་མི་འཛེམས་པར་བརྒལ་བ་ཡིན་ན། ཆུར་རྐྱལ་བའི་ཉམས་མྱོང་དང་བྲལ་བའི་སྟབས་ཀྱིས་ཆུ་ལོག་གིས་འཁུར་སྲིད་པ་ནི་གོར་མ་ཆག་གོ །
ལྔ། ཆར་ཤ་འབྱུང་དུས་རླངས་འཁོར་བསྐོར་བའམ་འཕྲུལ་རྟར་ཞོན་ནས་འགག་རོང་དུ་འགྲོ་མི་ཉན།
ཆར་ཤ་དྲག་པོ་འབྱུང་དུས་རླངས་འཁོར་བསྐོར་ཏེ་འགག་རོང་བྲག་ལུང་ལམ་དོག་ས་རུ་གཏན་ནས་འགྲོ་མི་རུང་། སྤྱིར་རླངས་འཁོར་བརྟན་མོ་ལྗིད་ཅན་ཤུགས་ཆེན་ཡིན་ཡང་། ཆུ་ལོག་ཚབས་ཆེན་དང་འཕྲད་ཚེ་རླངས་འཁོར་མི་བཅས་པ་འཁུར་འགྲོ་བ་ནི། ད་ལོར་ཟི་ལིང་དང་རྒྱ་ནང་དུ་འབྱུང་བཞིན་པ་བརྙན་འཕྲིན་གསར་འགྱུར་དང་དྲྭ་ལམ་བཅས་ནས་མཐོང་དང་མཐོང་བཞིན་པ་ལྟར་རེད། དེའི་དབང་གིས་རླངས་འཁོར་བརྗིད་པོ་ཡིན་ན་ཡང་། ཆར་ཤ་དྲག་པོར་འཕྲད་ཚེ་འགག་རོང་གཡང་གཟར་མི་བརྒྱུད་པར་ཐང་བདེ་ས་ལམ་ཡངས་ས་ཞིག་ནས། གནས་སྐབས་སུ་ངལ་གསོ་བྱེད་པ་དང་ཆར་ཤ་སོང་ཟིན་པའི་རྗེས་སུ་བདེ་འཇགས་ཀྱིས་ལམ་ལ་བགྲོད་རྒྱུ་ནི་ཐབས་མཆོག་ཡིན། འཕྲུལ་རྟ་ཞོན་མཁན་ཡིན་ན་ཡང་དེ་ལྟར་བྱེད་དགོས་པ་ནི། བཤད་ས་བུ་མོ་དང་། འཁེལ་ས་མནའ་མ་ཡིན་ནོ།།
དྲུག། ཆར་ཤ་འབྱུང་དུས་ཁང་ཁྱིམ་སྡོད་ས་རུ་མཉམ་འཇོག་བྱ་དགོས།
རོང་ཁུལ་དང་འབྲོག་པའི་དགུན་ས་སོགས་ལ་མཚོན་ན་ཡང་། སྤྱིར་བཏང་དུ་ས་བབས་ལེགས་པོ་ཡིན་པ་སྨྲ་ཅི་དགོས། ཡིན་ན་ཡང་། ད་ལོ་བཞིན་གློ་བུར་དུ་ཆུ་ལོག་བརྒྱུགས་ཚེ་ཉེན་ཁ་མི་འབྱུང་ཟེར་རྒྱུའང་ཧ་ཅང་དཀའ་བས། ཆུ་ལོག་གིས་ཉེར་འཚེ་འབྱུང་མིན་ལ་ཆར་ཤ་མ་བྱུང་བའི་སྔོན་ནས་བརྟག་དགོས་ཤིང་། གལ་ཏེ་ཆར་ཤ་དྲག་པོ་འབྱུང་དུས་ཉེན་ཁ་འདུག་སྙམ་ན། ས་གནས་བདེ་འཇགས་ཞིག་གདམས་ཏེ་དེ་རུ་རས་གུར་ཆེ་བ་འདྲ་ཕུབ་ནས། ཆུ་ལོག་ལ་གཡོལ་དགོས་སོ། །
བདུན། ཆུ་ལོག་དང་ཆར་ཤ་ཞེས་པའི་འགྲེལ།
གཞན་རྩོམ་ཐུང་འདིར་ཆུ་ལོག་དང་ཆར་ཤ་ཞེས་པའི་མིང་ཚིག་གཉིས་ཧ་ཅང་མང་ལ། འདི་ནི་ཨ་མདོའི་ཡུལ་སྐད་དུ་འདུག་པས་གོ་དཀའ་སྙམ་ན། དེ་གཉིས་ཀྱི་ཁུངས་ནི་བཤད་པར་བྱ་སྟེ། ཆར་ཤ་ནི་དག་ཡིག་གསར་བསྒྲིགས་དག་བཅོས་མ་རུ། ཤ་ཡི་འགྲེལ་བཤད་དུ། ཡུལ་སྐད་ལ་ལར་དྲག་པོའམ་ཆེན་པོའི་དོན་ཏེ། རླུང་དྲག་པོ་ལ་རླུང་ཤ་དང་ཆར་དྲག་པོ་ལ་ཆར་ཤ་ཟེར་བ་ལྟ་བུ།[1]ཞེས་པ་བཞིན་དང་། ཆུ་ལོག་ནི་དགེ་བཤེས་ཆོས་གྲགས་སུ་མཆིས་པ་དང་། དེ་ནི་ཚིག་མཛོད་འདིའི་འགོ་བརྗོད་དུ། རྒྱ་ཆེན་རྒྱལ་ཁམས་ཀུན་གྱི་རིགས་པའི་དབྱིག །མི་འཇིགས་དུས་བཞིའི་མཐར་ཡང་བསྲུང་བའི་སླད། །གངས་རིས་བསྐོར་བའི་མཛོད་དུ་ལེགས་བསྡུས་པའི། །སྔོན་བྱོན་ལོ་པཎ་དེ་དག་ཕྱག་གི་ཡུལ། །ཞེས་པ་དངོས་གནས་རེད། ཁོ་བོས་ཆུ་ལོག་གི་མིང་ཚིག་དེ་ཚིག་མཛོད་འདི་རུ་མ་གཏོགས་རྙེད་མ་བྱུང་། དེ་རུ་ཆུ་ལོག། གློ་བུར་དུ་འོངས་པའི་དྲག་ཆུ།[2]ཞེས་འཁོད་འདུག་གོ །
མཇུག་གཏམ།
དེ་ལྟར་ཆུ་ལོག་གི་གནོད་འཚེ་ལ་མི་རང་སྟེང་ནས་མཉམ་འཇོག་དང་གང་ལ་གང་འཚམས་ཀྱིས་དོགས་ཟོན་བྱ་དགོས་པ་མ་ཟད། ད་དུང་ཁྱིམ་ཚང་ཨུ་ཚུགས་ཅན་དག་ཉེན་ཁ་ཆེ་བའི་ས་བབ་དུ་མཆིས་མིན་ལ། སྡེ་བ་སོ་སོའི་མིང་བཏགས་སྡེ་དཔོན་ཚོས་ཞིབ་བརྟག་བྱེད་པ་དང་། གལ་ཏེ་དེ་འདྲ་འདུག་ན་སློབ་གསོ་བཏང་སྟེ་ཆུ་ལོག་གིས་མི་གནོད་པའི་བདེ་འཇགས་ཀྱི་གནས་སུ་སྤར་དུ་འཇུག་དགོས། ད་དུང་ས་གནས་ཤང་སྲིད་གཞུང་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་འགོ་ཁྲིད་ཀྱིས་ཀྱང་། མི་སེར་ལ་ཆུ་ལོག་གིས་མི་གནོད་པའི་གཟིགས་སྐྱོང་ནན་མོ་མཛད་རྒྱུ་ནི་བཀའ་དྲིན་ཆེ་འདུག །དཔྱད་གཞིའི་ཡིག་ཆ།
[1] དག་ཡིག་གསར་བསྒྲིགས་དག་བཅོས་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༢༠༡༤ལོའི་ཟླ༡༢པར་དཔར་ཐེངས་བཅོ་ལྔ་བ་དཔར། P༨༢༢
[2] དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ་བཞུགས་སོ།། མི་རིགས་དཔེ་སྐྲུན་ཁང་། ༡༩༥༧ལོའི་ཟླ༡༡པར། P༢༦༥
2022-8-17
འབྲེལ་ཡོད་འོས་སྦྱོར།