གློག་བརྙན«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»གྱི་མཚོན་རྟགས་རང་བཞིན།
རྩོམ་པ་པོ།:སྒྱིས་ཚང་གཅོད་པ་སྐྱབས།
ཡོང་ཁུངས།:མི་རྒོད་རྩོམ་རིག་འཕྲིན་སྟེགས།
དུས་ཚོད།:2023-06-06
ཀློག་གྲངས།:
གློག་བརྙན་འདིའི་ནང་དུ་ལོ་ན་གཞོན་པའི་གྲྭ་བ་ཆུང་ཆུང་ཞིག་ལོ་སར་སྐབས་དགོན་པ་ནས་ཕྱིར་སྡེ་བའི་ནང་དུ་ལོག་པའི་བར་གྱི་བྱུང་བ་བརྗོད་ཡོད་ལ། ཕར་འགྲོ་ཚུར་འོང་གི་བརྒྱུད་རིམ་ཁྲོད་དུ་འཕྲད་པའི་མཚོན་རྟགས་རང་བཞིན་ཆེས་ཆེར་ལྡན་པའི་བྱ་དངོས་ཏེ། ལམ་བར་ནས་འཕྲད་པའི་རྡོ་བཟོ་རྒན་པོ་བསོད་བྷ་དང་ཁོའི་མ་ཎི་རྡོ་འབུམ། ཁོ་ཚང་གིས་ཉོས་པའི་བརྙན་འཕྲིན་འཕྲུལ་ཆས་དང་དེའི་ནང་གི«ཐང་སིན་བླ་མའི་རྣམ་ཐར»ཁོའི་ཕུ་བོ་དང་དེས་འཁྲབ་སྟོན་བྱེད་བཞིན་པའི་ཟློས་གར«དྲི་མེད་ཀུན་ལྡན་གྱི་རྣམ་ཐར»སློབ་གྲྭར་འགྲོ་བཞིན་པའི་ནུ་བོ་དང་ཁོའི་བསླབ་དེབ། གཞན་ཨ་མྱེས་རྒན་པོ་དང་དེའི་སྤྱོད་ལམ་སོགས་ཟུར་སྣེ་སྣ་མང་བརྒྱུད་དེ་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཉིད་བལྟ་མཁན་རྣམ་པའི་མིག་མདུན་དུ་གསལ་བོར་བསྟར་ཡོད་པ་དང་། གློག་བརྙན་ནང་གི་མི་སྣ་གཙོ་བོ་གྲྭ་བ་ཆུང་ཆུང་དེས་བྱ་དངོས་འདི་དག་ལ་འཕྲད་སྐབས་ཀྱི་བྱ་སྤྱོད་དང་རྣམ་འགྱུར་བརྒྱུད་དེ་ཁོའི་འགལ་ཟླའི་འདུ་ལོང་འཁྲུག་པའི་སེམས་ཁམས་དེ་གསལ་བོར་མཚོན་ཡོད།
ཀུན་གྱིས་ཤེས་གསལ་ལྟར་སྐུ་ཞབས་པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་འདིར་རྒྱལ་ཁབ་ཕྱི་ནང་ནས་བྱ་དགའ་མང་དུ་ཐོབ་མྱོང་བ་དང་། གདེངས་འཇོག་ཀྱང་མང་བོ་ཐོབ་མྱོང་བ་སྟེ། གློག་བརྙན་འདིས་སྤྱི་ཚོགས་སམ་རིག་གནས་གང་དེའི་འགལ་འདུ་དག་མཚོན་པ་ཁ་གསལ་ཞིང་གཏིང་དཔོག་སྒོས། སྤྱི་ཚོགས་སམ་རིག་གནས་སོ་སོར་ཡང་འཕེལ་རྒྱས་ཀྱི་གནས་བབ་ཀུན་ཏུ་འགལ་ཟླ་རབ་དང་རིམ་པ་མང་དུ་འཕྲད་ངེས་པ་ཆོས་ཉིད་ཡིན་པ་བསྟན་ཡོད་ལ། འགལ་འདུ་དེ་དག་སྒྱུ་རྩལ་བ་གང་དེས་རྟོགས་ཤིང་རྙེད་པ་མ་ཟད། སྒྱུ་རྩལ་བརྩམས་ཆོས་ཀྱི་ལམ་ནས་དེ་གསལ་བོར་མཚོན་པ་ནི་ཤིན་ཏུ་དཀའ་བའི་གནས་ཤིག་གོ། གློག་བརྙན«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»གྱི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ནི་དཀའ་གནད་དེ་ཁྱད་དུ་གསོད་ཐུབ་མཁན་གྱི་མི་རེ་གཉིས་གྲས་སུ་གཏོགས་པའང་གློག་བརྙན་འདི་ལས་བརྡར་ཤ་གཅོད་ཐུབ།
གློག་བརྙན་འགོ་བརྩམས་ནས་ཡུན་རིང་མ་འགོར་བར་འགལ་འདུའི་འགོ་བརྩམས་སོང་པ་སྟེ། གྲྭ་བ་ཆུང་ཆུང་དེ་སྤྲུལ་སྐུ་ཚང་ལ་སོང་མ་ཐག་ཏུ་བརྙན་འཕྲིན་འཕྲུལ་ཆས་ཀྱིས་ཡིད་དབང་བཀུགས་སོང་བ་དང་། དེའི་འཕྲོར་བརྙན་འཕྲིན་ལ་བལྟ་ཆེད་དུ་སྲོལ་རྒྱུན་གྱི་རོལ་རྩེད་ཐེ་ཀ་ཚོན་མདོག་ཅན་དེ་ཕངས་མེད་དུ་སྤྲུལ་སྐུ་ལ་བྱིན་སོང་། སྤྲུལ་སྐུས་ཁྱིམ་ནས་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་བརྙན་འཕྲིན་ནས་བལྟ་སྐབས་སུ། རྣམ་ཐར་ཟློས་གར་འདིར་སེམས་རྣལ་དུ་ཕབ་ནས་རོལ་མྱོང་མི་བྱེད་པར་དེའི་ནང་གི་བརྒྱུད་རིམ་མང་པོ་ཞིག་ལ་མཉམ་འཇོག་བྱས་པ་མཚོན། བྱུང་རིམ་ཕྲ་མོ་འདི་དག་བརྒྱུད་དེ་འགལ་འདུ་མཚོན་མགོ་བརྩམས་སོང་ནའང་། དེ་དག་ནི་འགོ་བརྩམས་པ་ཙམ་སྟེ། དེ་ལས་རྣོ་ངར་ཆེ་བའི་འགལ་འདུ་རྗེས་ན་ཡོད། ཕྱིར་སྡེ་བའི་ནང་དུ་ཐོན་དུས་ཀྱི་རྒྱ་ལོའི་ཚེས་གཅིག་ཉིན་འགལ་འདུ་མང་པོ་གཅིག་བསྡུས་སྒོས་མངོན་བྱུང་བ་ནི། དཔེར་ན། གྲྭ་བ་ཆུང་ཆུང་བརྙན་འཕྲིན་ཟློས་གར་ཐང་སིན་བླ་མའི་རྣམ་ཐར་གྱིས་ཡིད་དབང་ཅིག་ཅར་དུ་འཕྲོག་པ་དང་ཁོས་སྤྲེའུ་སྟོང་ཉིད་རྟོགས་པའི་གདོང་འབག་གོན་སྐབས་ཀྱི་ལུས་ཀྱི་ཆ་ལུགས་དེའི་འགལ་འདུ། རྣམ་ཐར་འཆམ་མཁན་ཚོས་འཁྲབ་སྟོན་རྫོགས་རྗེས་སུ་ལུས་ཀྱི་འཆམ་ལྭ་ཡང་མ་ཕུད་པར་ཏུས་སི་ཁོ་རྩེ་བ་ཡིས་མཚོན་པའི་དུས་སྔ་ཕྱིའི་བྱ་སྤྱོད་ཀྱི་འགལ་འདུ། དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ཟློས་གར་བལྟ་མཁན་རྒན་རྒོན་དང་བུད་མེད་སྐོར་ཞིག་ལས་མེད་པ་དང་ར་སྐོར་ཕྱི་རོལ་ན་ཤང་ཀང་གི་དྲག་རྩལ་བརྙན་འཕྲིན་བལྟ་སའི་ཁང་མིག་གཅིག་གི་ནང་དུ་བྱིས་པ་དང་ན་གཞོན་རྣམས་འཚང་ཡོད་པ་ཡིས་མཚོན་པའི་གནས་གོང་འོག་གི་འགལ་འདུ་དང་ལོ་རྒན་གཞོན་བར་གྱི་དགའ་མོས་ཀྱི་འགལ་འདུ། གྲྭ་བས་བོད་ཡིག་སྦྱངས་ན་ཆོས་དཔེ་ལེགས་པོར་འདོན་ཐུབ་པར་སྙམ་པ་དང་ཁོའི་ནུ་བོས་རྒྱ་ཡིག་སྦྱངས་ནས་གྲོང་ཁྱེར་ཆེན་པོར་འགྲོ་འདོད་པའི་བསམ་བློའི་འཁྱེར་སོ་དང་ཕུགས་བསམ་མི་འདྲ་པའི་དབར་གྱི་འགལ་འདུ་སོགས་མིའི་སེམས་ལ་ཟུག་གཟེར་བཟོ་ཐུབ་པའི་འགལ་འདུ་སྣ་མང་གཅིག་ཏུ་བསྡུས་ཡོད། དེ་དག་ལས་ཀྱང་ཁོ་བོར་བག་ཆགས་ཆེས་ཟབ་པའི་འགལ་འདུ་ནི་གྲྭ་བ་ཆུང་ཆུང་དེའི་ལུས་སེམས་ཀྱི་འགལ་འདུ་ཡིན་ལ། བརྙན་འཕྲིན་མཇུག་རྫོགས་ལ་ཁད་ཀྱི་སྐབས་སུ་ཁོས་སྤྲེའུ་སྟོང་ཉིད་རྟོགས་པའི་གདོང་འབག་དེ་རུམ་ནས་བླངས་ཏེ་འཁེལ་མགོར་བཀལ་བ་དང་། དེ་ནས་སྒོར་འབུད་རྩིས་བྱེད་སྐབས་ཡང་ཁ་ཕྱིར་འཁོར་ནས་བསམ་བློ་ཞིག་བཏང་རྗེས་སུ་ཡང་བསྐྱར་རུམ་ལ་བཅུག་པའི་བྱུང་རིམ་དེ་ཉིད་ཁོ་བོས་གློག་བརྙན་འདིའི་ནང་དུ་འགལ་འདུ་མཚོན་པའི་མཐོ་རླབས་ཡིན་པར་འདོད།
འཁྲབ་ཁྲིད་པས་གོང་གསལ་བྱུང་རིམ་ཁག་བརྒྱུད་དེ་དེང་རབས་བོད་སྤྱི་ཚོགས་ཁྲོད་ཀྱི་རྣམ་པ་འདྲ་མིན་གྱི་འགལ་འདུ་སྣ་ཚོགས་གསལ་བར་བསྟན་པ་བརྒྱུད། བོད་སྤྱི་ཚོགས་ཀྱི་གྲུ་ག་སོ་སོར་ལྷགས་པའི་དེང་རབས་རིག་གནས་དང་སྲོལ་རྒྱུན་རིག་གནས། ཕྱི་ཡོང་རིག་གནས་དང་ས་གནས་རིག་གནས་སོགས་དབར་གྱི་འགལ་འདུ་གསལ་བོར་མཚོན་ཡོད་ལ། འགལ་འདུ་དེ་དག་གི་མདུན་དུ་བོད་མི་དཀྱུས་མ་རྒན་གཞོན་སེར་སྐྱ་སོ་སོའི་ལུས་ཀྱི་སྤྱོད་ལམ་བརྒྱུད་དེ་སེམས་ཀྱི་འགལ་འདུ་གནད་དུ་ཐིངས་པར་མཚོན་པ་དང་ཆབས་ཅིག་ཏུ་སྲོལ་རྒྱུན་གྱི་རིག་གནས་བཟང་པོ་དང་ཡབ་མེས་ཀྱི་གོམས་སྲོལ་དག་བོར་བརླགས་དང་རྒྱུན་ཆད་ནས་འགྲོ་བཞིན་པའི་སྐོར་ལ་ཕངས་སེམས་དང་གདུང་སེམས་སྐྱེས་པའི་རྣམ་འགྱུར་ཀྱང་གསལ་བོར་བསྟན་ཡོད། འདི་ལྟ་བུའི་ཉེན་ཁའི་འདུ་ཤེས་དེ་གློག་བརྙན་འདིས་ཁ་བྱང«ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ»ཞེས་པ་ལས་གསལ་བོར་མཚོན་ཡོད།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཙོ་སྙིང་ཐུབ་བསྟན་རིག་གནས་ཀྱི་སྦྱིན་པའི་སྙིང་སྟོབས་མངོན་པར་མཚོན་པའི་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ནི་ཀུན་ལ་ཆ་རྒྱུས་ལྡན་པའི་གཏམ་རྒྱུད་ཅིག་ཡིན། གློག་བརྙན་འདིའི་ནང་དུ་དྲི་མེད་ཀུན་ལྡན་གྱི་སྦྱིན་པའི་མཛད་པ་ལས། བུ་ཕྲུག་སྦྱིན་པ་དང་། ཆུང་མ་སྦྱིན་པ། སྤྱན་སྦྱིན་པ་དེ་གསུམ་པོ་དངོས་ཤུགས་གང་རུང་ནས་བསྟན་ཡོད་ལ། གྲྭ་བའི་ནུ་བོ་ཆུང་ཆུང་དེས་ངས་མིག་སྦྱིན་རྒྱུ་མིན། ངས་དེ་བཀོལ་ནས་དཔེ་ཆར་བལྟ་དགོས་ཞེས་པ་དང་། ལྟད་མོ་བ་ན་གཞོན་བཟི་བོ་དེས་གྲྭ་བའི་ཕུ་བོར(དྲི་མེད་ཀུན་ལྡན་འཁྲབ་མཁན)ཁྱོད་ལ་ཆུང་མ་ཡང་མི་དགོས་ན་ང་ལ་སྟེར་རོགས་ཞེས་པ། དེའི་སྐབས་སུ་གྲྭ་བའི་ཕུ་བོས་མངོན་པའི་ཁོང་ཁྲོའི་རྣམ་འགྱུར་བཅས་ལས་ང་ཚོར་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་སྐོར་ཞིག་དང་དངོས་ཡོད་འཚོ་བའི་དབར་གྱི་འགལ་འབྲེལ་སྐོར་ལ་མནོ་བསམ་གཏོང་དུ་འཇུག་སྲིད།
གཞན་གློག་བརྙན་འདིའི་ནང་དུ་བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་མི་ཉུང་བ་ཤིག་འདུས་པ་སྟེ། འཁྲབ་ཁྲིད་པས་ཆེད་དམིགས་སུ་ལོ་སར་གཏོང་སྐབས་ཀྱི་སྔ་ཕྱིའི་ཉིན་གཉིས་གསུམ་ཙམ་གྱི་དུས་ཚོད་འདི་འདེམས་དོན་ཡང་ས་གནས་དེ་གའི་དམངས་སྲོལ་ཆོ་ག་སྣ་ཚོགས་མཚོན་ཆེད་ཡིན་པ་འདྲ་སྟེ། དུས་ཡུན་ཐུང་ཐུང་དེའི་ནང་དུ། དགོན་པའི་ནང་གི་རབ་བྱུང་བ་དགེ་སློབ་དབར་དང་། སྤྲུལ་སྐུ་ཆུང་ཆུང་དང་ཡོངས་འཛིན་དབར། གྲྭ་བ་ཆུང་ཆུང་དང་ཁོའི་ཨ་ཕ་དང་ཨ་མྱེས་སོགས་བཟའ་ཚང་ཕན་ཚུན་དབར་བཅས་སུ་མངོན་པའི་གུས་ལུགས་དམངས་སྲོལ་དང་། ལོ་སར་གྱི་གོ་རིམ་དགུ་ཐུག་འཐུང་པ་དང་ལྷ་བསང་ཕུད་པ། སྒོ་ཟོག་ལ་ཡང་ལོ་སར་གཏོང་ཚུལ། སྒོ་ཕྱུགས་ཚེ་ཐར་ལ་གཏོང་བ། ཕྲུ་གུ་སྐྱེས་དུས་འགྲུལ་བར་མེ་འཕེན་པ་དང་གྲྭ་བས་ཆོས་འདོན་པ། མི་ཤི་དུས་རབ་བྱུང་བས་སྨོན་ལམ་གསུངས་པ་ལ་སོགས་པས་མཚོན་པའི་ས་གནས་དེ་གའི་དམངས་སྲོལ་འཚོ་བའི་མཛེས་རིས་ཤིག་གྲུབ་འདུག
དམངས་སྲོལ་རིག་གནས་འདི་དག་རིག་གནས་གང་དེའི་ཆེས་རྨང་གཞིར་གྱུར་བའི་མིག་མཐོང་ལག་ཟིན་གྱི་རིག་གནས་སྣང་ཚུལ་ཞིག་ཡིན་པའི་ཆ་ནས་འདི་ལྟར་གློག་བརྙན་བརྒྱུད་ནས་མཚོན་པར་དོན་སྙིང་བླ་ལྷག་ཏུ་ཆེ་སྟེ། དེས་ནི་ཕྱིའི་རྒྱལ་ཁབ་དང་མི་རིགས་ཁག་གིས་རང་རེའི་རིག་གནས་ལ་ངོས་འཛིན་བྱེད་པར་ཕན་པ་མ་ཟད། ནམ་ཉི་མ་ཞིག་ལ་རང་རེའི་དམངས་སྲོལ་འདི་དག་ཉམས་རྗེས་སུ། མ་འོངས་པའི་བུ་རབས་ཚ་རྒྱུད་དག་གིས་མཐོང་ལམ་དུ་ཡང་མངོན་འགྱུར་ངེས་པ་སོགས་ཀྱི་ཆ་ནས་བལྟས་ན་དེ་སྔའི་བོད་འབྲེལ་གློག་བརྙན«ཧི་མ་ལ་ཡ»དང་འདྲ་བའི་ཆ་ཞིག་ཡོད་པར་མཐོང་།

འབྲེལ་ཡོད་འོས་སྦྱོར།