logo

དཔེ་དེབ་འོས་སྦྱོར། «བོད་ཀྱི་ཤེས་རིག»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ནང་བསྟན་སློབ་ཆེན། དུས་ཚོད།:2023-06-13 ཀློག་གྲངས།:
དང་པོ། བསྟན་བཅོས་ངོ་སྤྲོད།
       བསྟན་བཅོས་གྲགས་ཅན«བོད་ཀྱི་ཤེས་རིག»ཅེས་པ་འདི་ནི་རྒྱལ་སྤྱིའི་བོད་རིག་པའི་མཁས་པའི་དབང་བོ་ཧྲི་ཐའེ་ཨན་ལགས་ཀྱི་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་ཤིག་ཡིན་པ་དང་། ཁོང་གིས་ལོ་ངོ་གང་མང་གི་རིང་ལ་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་སྐོར་ལ་ཉམས་ཞིབ་གནང་བ་ལས་ཐོབ་པའི་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན། དེ་ཡང་དེབ་འདིའི་པར་གཞི་དང་པོ་དེ་སྤྱི་ལོ༡༩༦༢ལོར་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་ཐོག་མར་པར་དུ་སྐྲུན་མ་ཐག་སྐབས་དེའི་རྒྱལ་སྤྱིའི་བོད་རིག་པའི་སྡེ་རུ་གྲགས་འགུལ་མི་ཆུང་བ་ཞིག་བསླངས། ཕྱིས་སུ་ཧི་ཧོང་གི་བོད་རིག་པའི་མཁས་དབང་ཡཱ་མ་གྷུ་ཆི་ལགས་དང་དབྱིན་ཇིའི་མཁས་པ་ཏཱེ་ལའེ་ཧྥུ་སོགས་ཀྱིས་སྔ་ཕྱི་ཉི་ཡིག་དང་དབྱིན་ཡིག་གི་འགྱུར་དུ་ཕབ་ནས་པར་སྐྲུན་བྱས་པ་དང་། གཞན་ཡང་རྒྱལ་ཁབ་དང་ས་ཁུལ་སོ་སོ་ནས་བསྟན་བཅོས་འདིའི་འགྱུར་ཡིག་དང་པར་གཞི་མི་འདྲ་བ་མང་པོ་ཆར་རྗེས་ཀྱི་ཤ་མོ་བཞིན་བྱུང་། ༡༩༨༥ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ནང་ཁུལ་ལྟ་ཀློག་དུས་དེབ་ཀྱི་ངོས་ནས་རྒྱ་ཡིག་གི་པར་གཞི་པར་དུ་བཏབ། མདོར་ན་གོང་གི་འགྱུར་ཡིག་མི་འདྲ་བ་སོ་སོ་ལས་བསྟན་བཅོས་འདིས་རྒྱལ་སྤྱིའི་བོད་རིག་པའི་སྒང་དུ་རིག་གཞུང་གི་རིན་ཐང་དང་གོ་གནས་ག་ཚོད་ཟིན་ཡོད་པ་རྟོགས་ནུས་སོ། །
གཉིས་པ། གཞུང་དོན་ས་བཅད་ཀྱི་རིམ་པ།
       བསྟན་བཅོས་འདིའི་གཞུང་དོན་ས་བཅད་ཀྱི་རིམ་པ་ལ་དང་པོ་ཡུལ་ཁོངས་དང་སྡོད་དམངས། གཉིས་པ་བོད་ཀྱི་ལོ་རྒྱུས་རགས་བཤད། གསུམ་པ་བོད་ཀྱི་སྤྱི་ཚོགས། བཞི་བ་བོད་ཀྱི་ཆོས་ལུགས་དད་མོས་དང་ཡུལ་སྲོལ་གོམས་གཤིས། ལྔ་བ་རྩོམ་རིག་དང་སྒྱུ་རྩལ་བཅས་ཁྱོན་ལེའུ་ལྔ་ཡིས་གྲུབ། མཛད་པ་པོས་བོད་ཀྱི་ཡུལ་ཁོངས་དང་སྡོད་དམངས། སྤྱི་ཚོགས། ཆོས་ལུགས། རྩོམ་རིག་སྒྱུ་རྩལ། གཞན་ཡང་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་འགྲིབ་སོགས་ཞིང་ཅིང་ཕྲ་ལ་གོ་རིམ་ལྡན་པའི་ངང་འགྲེལ་བརྗོད་གནང་བརྒྱུད་དེ། བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་ངོས་ཐད་ནས་བོད་ཀྱི་རིག་གནས་ཀྱི་གསང་བ་དང་མཛེས་སྡུག་དེ་ཀུན་ལ་ངོ་སྤྲད་འདུག སྒོས་སུ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོའི་བྱུང་བ་ནས་ཆོས་སྲིད་ཀྱི་དབང་ཆ་ཇི་ལྟར་ཐོབ་ཚུལ། བོད་ཀྱི་སྤྱི་ཚོགས་དང་ཆོས་ལུགས་བར་གྱི་འབྲེལ་བ་སོགས་པར་མ་ལག་རང་བཞིན་གྱི་སྒོ་ནས་དབྱེ་ཞིབ་དང་ཞིབ་འཇུག་གནང་བ་དེས། ད་ལྟའི་བོད་ཀྱི་སྤྱི་ཚོགས་དང་ཆོས་ལུགས་ལོ་རྒྱུས་ལ་ཞིབ་འཇུག་གནང་བ་ལ་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆས་ཁ་བསྐང་ཡོད་པ་རེད།
གསུམ་པ། མཛད་པ་པོ་ངོ་སྤྲོད།
       ཧྲི་ཐའེ་ཨན་ལགས་ནི་རྒྱ་བོད་ཡིག་རིགས་གཉིས་ལ་མཁྱེན་རྒྱ་ཡངས་པའི་ཧྥ་རན་སིའི་བོད་རིག་པའི་མཁས་པའི་དབང་བོ་ཞིག་ཡིན། ཁོང་རང༡༩༡༡ལོར་འཇར་མན་དུ་སྐྱེས་པ་དང་པོ་ལིན་སློབ་ཆེན་ནས་རྒྱ་ཡིག་གི་འབྲི་ཀློག་སྦྱངས། ཕྱིས་སུ་ཧྥ་ཤི་སིས་ཡིའུ་ཐའེ་པ་དམར་གསོད་གཏོང་བའི་ཉེན་ཁ་ལས་གཡོལ་ཆེད་ཁྱིམ་གཞིས་ཧྥ་རན་སིར་གནས་སྤེལ། སྤྱི་ལོ༡༩༤༦ལོ་ནས༡༩༤༧ལོའི་བར་དུ་སྔ་ཕྱིར་རང་རྒྱལ་གྱི་ཁུན་མིང་དང་ཁྲེང་ཏུའུ། པེ་ཅིན། ནང་སོག་བཅས་སུ་རིག་གཞུང་རྟོག་ཞིབ་ཀྱི་ཕྱག་ལས་གནང་མྱོང་ལ། འབྲས་ལྗོངས་ལ་སོགས་ཧི་མ་ལ་ཡའི་རི་ཁུལ་དུའང་ཐེངས་གཉིས་རྟོག་ཞིབ་ཕེངས་མྱོང་། ཁོང་གིས་རྒྱ་བོད་མཐུད་འབྲེལ་ས་ཁུལ་གྱི་རིག་གནས་ལོ་རྒྱུས་དང་མི་རིགས། ས་ཁམས། ཆོས་ལུགས། ཡུལ་སྲོལ་གོམས་གཤིས་སོགས་རིག་གནས་ཀྱི་ཁྱབ་ཁོངས་སོ་སོར་ཉམས་ཞིབ་གཏོང་རྒྱུར་ཆེས་གལ་ཆེན་དུ་བཟུང་ནས་ལོ་ངོ་མང་པོའི་རིང་ལ་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་ཐད་དུ་ཞིབ་འཇུག་གནང་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།