དགོད་གཏམ་ཐོས་པ་འཛུམ་ཤོར། ཨ་རིག་གླེན་པའི་གཏམ་རྒྱུད་ཁག་བདུན།
རྩོམ་པ་པོ།:
ཡོང་ཁུངས།:མདོ་ལ་བོད་ཡིག་ཚགས་པར།
དུས་ཚོད།:2023-10-18
ཀློག་གྲངས།:
བླ་མར་ཡི་གེ་བསྐུར་བ།
སྔོན་ཨ་རིག་གི་རྒན་པོ་འགའ་ཡིས་བླ་མ་ལ་ཡི་གེ་ཞིག་བསྐུར་དགོས་པར་བསམ་སྟེ། ཁོ་ཚོའི་ནང་དུ་འཕྲིན་ཡིག་ལེགས་པོ་འབྲི་ཤེས་མཁན་ཞིག་མ་བྱུང་བས། གཅིག་ན་རེ། འུ་ཚོས་ཡི་གེ་ཞིག་བསྐུར་མ་མྱོང་བས་ཇི་ལྟར་བྲིས་ནས་བསྐུར་རྒྱུ་ཡིན། ཞེས་དྲིས་པ་ན། གཅིག་གིས་འཕགས་པ་བརྒྱད་སྟོང་བར་གཅིག་བལྟས་ན་ཡི་གེ་ཞིག་འབྲི་སྲོལ་ཡོད་རྒྱུ་རེད། ཅེས་བཤད་པ་ན། ཡང་གཅིག་གིས། འོ་དེའི་རོ་ཆེ་བ་ཙམ་མ་གཏོགས་ངས་བལྟས་ན་དེའི་གསེང་ན་ཅང་མེད་ཀི་བསམ་གི དེར་བལྟས་ན་རྡོ་རྗེ་གཅོད་པ་དེ་འདྲེ་ལུ་ཞིག་ཡིན། དེའི་ནང་དུ་བལྟས་ན་བཟང་ཚུལ་སོགས་བཤད་པས། ཁོ་ཚོས་རྡོ་རྗེ་གཅོད་པའི་ནང་དུ་བལྟས་པར། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ལ་བཀའ་སྩལ་བ་ཞེས་པ་དེ་མཐོང་ནས། གཅིག་གིས་འོ་འདི་རེད་ཡ་ཟེར་བཞིན་དུ་འདི་ལྟར་བྲིས། ཨ་རིག་རྒན་པོ་རྣམས་ཀྱིས་བླ་མ་རིན་པོ་ཆེ་ལ་བཀའ་སྩལ་བ་ཞེས་བྲིས་ནས་བསྐུར་ཏོ། །
ལྷ་སར་ཆོས་མཇལ་དུ་སོང་བ།
སྔོན་གྱི་དུས་ན། ཨ་མདོ་གཡེར་མོ་ཐང་གི་ཨ་རིག་ཚོ་བའི་གསར་བུ་འགའ་ལྷ་སར་ཆོས་མཇལ་དུ་བྲོས་པ་ལ། ཁོ་ཚོ་ཨ་རིག་ས་ཆ་ལས་རིང་དུ་སོང་སྟེ་ཉིན་ཞིག་གི་སྔ་དྲོར་རི་ཞིག་གི་ཁིས་ནས་དགོན་པའི་གསེར་ཏོག་འོད་ལམ་མེར་མཐོང་བ་ན། ཨོ། ལྷ་སར་སླེབས་སོང་ཞེས་དགའ་སྤྲོ་དང་བཅས་མགྱོགས་པོར་དགོན་མདུན་དུ་རྒྱུག་པ་ན་དེ་ནི་ལྷ་ས་མ་ཡིན་པར་ཕྱིར་རང་ཡུལ་གྱི་ཨ་རིག་དགོན་མདུན་ལ་སླེབས་ཡོད་པ་རེད།
ཇོ་བོར་ལག་རྟེན་བཅོལ་བ།
སྔོན་གྱི་དུས་ན། ཨ་མདོ་གཡེར་མོ་ཐང་གི་ཨ་རིག་རྒད་པོ་ཞིག་ལྷ་སར་ཆོས་མཇལ་དུ་སོང་། སེ་རའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་མདུན་ནས་ལག་རྟེན་བཅོལ་བ་གཉེར་བས་མཐོང་སྟེ་ལག་རྟེན་ཞིག་སྐུ་ལ་བསྙལ་ནས་བཞག་མི་རུང་བར་བསམ་ནས་མར་གཡུག་རྩིས་བྱས་པ་ན། ཇོ་བོས། ལག་རྟེན་མ་གཡུག ང་ཨ་རིག་རྒད་པོས་བཅོལ་བ་ཡིན་ཞེས་གསུང་འབྱོན་པར་གྲགས་ལ། ད་ལྟ་སེ་ར་དགོན་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ཐུགས་ཀར་སྦ་དབྱུག་གི་ལག་རྟེན་ཞིག་བཏགས་ནས་མཇལ་བར་མཇལ་ཁ་གཏོང་བྱེད་དེ་ཡིན་ཞེས་དཀོར་གཉེར་བའི་གསུང་རྒྱུན་ལས་ཐོས་སོ། །
གྲོག་མའི་སྒོ་ང་ཟ་མི་ཉན་པ་ལོས་ཤེས།
སྔོན་ཨ་རིག་རྒན་པོ་ཞིག་རོང་ཕྱོགས་ཀྱི་ཁྱིམ་ཚང་ཞིག་ཏུ་སོང་བ་ན། ཁྱིམ་ཚང་དེ་ཡིས་འབྲས་བཙོས་ནས་ཁོ་ལ་བྱིན་པར། ཁོས་ཡུད་ཙམ་ལ་བལྟས་རྗེས། འབྲས་མ་ཟོས་པར་བསྡད། ཁྱིམ་བདག་གིས་ཨ་ཁུ་འབྲོག་པ་འབྲས་སིལ་དེ་ཟོ་དང་ཞེས་བཤད་པ་ན། ང་ཨ་རིག་གླེན་པ་བརྒྱ་ཡིན་རུང་གྲོག་མའི་སྒོ་ང་ཟ་མི་ཉན་པ་ལོས་ཤེས་ཟེར་བཞིན་ཕྱིར་བུད་སོང་ངོ་། །
ཤི་བོའི་མིང་ཡང་ཆུས་ཁུར་སོང་།
སྔོན་ཨ་རིག་གི་མི་བདུན་ལྷ་སར་མཇལ་སྐོར་དུ་སོང་། ལམ་བར་དུ་ཆུ་བོ་ཆེན་པོ་ཞིག་བརྒལ་ནས་ཕ་རོལ་ཏུ་ཕྱིན་རྗེས། ཁོ་ཚོས་མི་བདུན་པོ་བདེ་འཚམས་ཡིན་མིན་གྱི་རྩིས་ཤིག་བླངས་པ་ན། རྩི་མཁན་གྱིས་རང་ཉིད་མ་བརྩིས་པར་མི་དྲུག་ལས་མེད་ཅེས་བཤད། མི་དྲུག་པོས་ཀྱང་དེ་ལྟར་རྩིས་བླངས་པས། ཁོ་ཚོས་མི་གཅིག་ཆུས་ཁུར་སོང་བར་སྙམ་ནས་མྱ་ངན་ཆེན་པོ་བྱེད་བཞིན་ལྷ་སར་འབྱོར། ལྷ་སར་འབྱོར་རྗེས་ཐོག་མའི་བྱ་བ་ནི་ཤི་བོའི་དགེ་རྩ་ཡིན་པར་སྙམ་སྟེ། བླ་མ་ལ་མཇལ་དུ་སོང་ནས། ང་ཚོ་མི་བདུན་ལྷ་སར་མཇལ་སྐོར་དུ་ཡོང་བའི་ལམ་ཁར་མི་གཅིག་ཆུས་ཁུར་སོང་བས། ཁྱེད་ཚང་གིས་བསྔོ་སྨོན་རེ་གསུང་རྒྱུ་མཁྱེན་ཞེས་ཞུས་པར། བླ་མ་མཆོག་གིས། ཚེ་འདས་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པ་ན། ཁོ་ཚོས་མི་སུ་མེད་པ་མ་ཤེས་པར། གཅིག་གིས་མྱུར་དུ་ཤི་བོའི་མིང་ཡང་ཆུས་ཁུར་སོང་བ་རེད་ཅེས་བཤད། ཡང་བླ་མ་མཆོག་གིས། ཁྱོད་ཚོའི་ཕོར་པ་རྣམས་མདུན་ཅོག་སྟེང་ལ་བཞག་ནས་ཚང་མས་རྩིས་གསུངས་པར། ཁོ་ཚོས་དེ་བཞིན་བྱས་པས་ཕོར་པ་བདུན་ཡོད་པ་དང་། དེ་ནས་རང་རང་གི་ཕོར་པ་ལེན་དུ་བཅུག་པས་མི་བདུན་པོ་ཚང་བ་ད་གཟོད་ཤེས། ཁོ་ཚོས་བླ་མའི་བྱིན་རླབས་ཀྱིས་ཤི་བོ་ཕྱིར་ཐོན་སོང་བ་རེད་ཅེས་ཟེར་བཞིན་བུད་སོང་ངོ་། །
ལྷ་ལྟོ་རྐྱལ་ཞིག
སྔོན་ཨ་རིག་གི་རྒན་པོ་ཞིག་ལྷ་སར་མཇལ་དུ་སོང་ནས་ཇོ་བོའི་མདུན་གྱི་མར་མེ་ཚེ་འབར་ནང་དུ་མར་ཁུ་ཅུང་ཙམ་རེ་བླུགས་ནས། ཇོ་བོས་ཆོག་གི་ཨེ་གསུངས་པར་སྙམ་ནས་ལྷ་སྐུའི་ཞལ་ལ་བལྟས་ཏེ་ཅུང་བསྡད་ཀྱང་ཇོ་བོས་གསུང་མ་འབྱོན། དེ་ལྟར་ཡང་དང་ཡང་དུ་བླུགས་པས་ཇོ་བོ་རིན་པོ་ཆེ་འཛུམ་བཞིན་ད་ཆོག་གི་ཞེས་གསུངས་པ་ན། རྒན་པོས་འོ་ཅི་འདྲའི་ལྷ་ལྟོ་རྐྱལ་ཞིག ད་མི་ཆོག་རུང་མར་ཁུ་ཚར་འདུག་ཅེས་བཤད་བཞིན་བུད་སོང་ངོ་། །
རོང་བྱམས་ཆེན་ལ་ལྷམ་བསྐོན་པ།
སྔོན་ཨ་རིག་པ་ཞིག་གཙང་ཕྱོགས་སུ་མཇལ་སྐོར་དུ་སོང་སྟེ་རོང་བྱམས་ཆེན་ལ་མཇལ་སྐབས། རོང་བྱམས་ཆེན་ཞབས་རྗེན་ཡིན་པ་མཐོང་སྟེ་ན་རེ། འདི་འདྲའི་གྲང་ངར་ཁྲོད་ཞབས་རྗེན་དུ་འདུག་ག་ལ་བཟོད། རྗེས་མར་ངས་ཁྱོད་ལ་ལྷམ་ཞིག་བཏབ་ནས་ཡོང་ཞེས་ཞབས་ཀྱི་ཆེ་ཆུང་ཞིག་ཚད་རྗེས། རྐང་རྒན་འདི་ལ་གཡག་ཀོ་ཞིག་གིས་ཀྱང་ཐུམ་དཀའ་བར་འདུག་ཟེར་བཞིན་ཨ་མདོར་ལོག དེའི་ལོ་རྗེས་མ་ཞིག་ལ་ལྷམ་ཆ་གཅིག་བཏབ་སྟེ་བྱམས་མགོན་གྱི་མདུན་སར་ཕྱིན་ནས། རྐང་པ་ཡར་ཁྱོགས་དང་ལྷམ་གྱི་ཆེ་ཆུང་ཨེ་འགྲིག་གི་བལྟ་ཞེས་བཤད་པ་ན། བྱམས་མགོན་གྱིས་ཞབས་ཡར་ལ་བཀྱགས་ཏེ་ལྷམ་ཡ་གཅིག་བསྐོན། དེ་ནས་ཡང་ལྷམ་ཡ་གཞན་དེ་སྐོན་སྐབས་དཀོར་གཉེར་ནང་དུ་ཐོན་པས་སྐོན་མ་ཐུབ་པར་ལུས། ལྷམ་ཡ་གཅིག་བསྐོན་ཡོད་པ་དེ་ང་བརྒྱད་ཡར་སྔོན་བར་དུ་དངོས་སུ་མཇལ་རྒྱུ་ཡོད་ཟེར་རོ། །
འབྲེལ་ཡོད་འོས་སྦྱོར།