logo

མདོ་སྨད་རྐང་ཚའི་ཡུལ་གྱི་གེ་སར་རིག་གནས་སྐོར་རགས་ཙམ་གླེང་བ།

རྩོམ་པ་པོ།:བསྟན་པ་ཡར་འཕེལ ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2024-03-15 ཀློག་གྲངས།:
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་མིའི་རིགས་རིག་པའི་ཡུལ་དངོས་རྟོག་ཞིབ་ཀྱི་ཐབས་ལམ་དང་བཅར་འདྲིའི་ཐབས་ལམ་སྤྱད་དེ། མཚོ་སྔོན་པོ་རྐང་ཚའི་ཡུལ་གྱི་གེ་སར་རིག་གནས་དང་འབྲེལ་བའི་ངག་རྒྱུན་སྣ་ཚོགས་དང་རིག་གནས་ཀྱི་རྗེས་ཤུལ་དག་འཚོལ་ཞིབ་བྱས་པ་བརྒྱུད། ངག་རྒྱུན་དེ་དག་ལོ་རྒྱུས་དངོས་ལ་འབྲེལ་བ་ཡོད་མེད་དང་། དེའི་རིན་ཐང་ཐད་ལ་དཔྱད་པ་བྱས་ཡོད།
བརྡ་ཆད་གཙོ་བོ། གེ་སར་རིག་གནས། རྐང་ཚ། ས་མིང་། ངག་རྒྱུན།

གླེང་གཞི།
 
       དེ་ཡང་བོད་མི་རེའི་ཁ་ན་སྒྲུང་རེ་ཞེས་པ་བཞིན་རྐང་ཚའི་འབྲོག་སྡེ་ཆེན་མོ་འདི་ཡང་གེ་སར་སྒྲུང་གི་རིག་གནས་དར་ས་ཞིག་ཡིན་ཏེ། གནས་འདིའི་རི་ཆུ་ནགས་གསུམ་མང་པོར་གླིང་གེ་སར་དང་འབྲེལ་བའི་ངག་རྒྱུན་ཤིན་ཏུ་མང་། ཧ་ལས་འོས་པ་ཞིག་ནི། རྐང་ཚའི་མཐའ་འཁོར་གྱི་ངག་རྒྱུན་ཆ་ཚང«ཧོར་གླིང་གཡུལ་འགྱེད»ཀྱི་བྱུང་རིམ་དང་འབྲེལ་བ་ཤིན་ཏུ་མང་སྟེ། གཤམ་དུ་རེ་རེ་བཞིན་ཞིབ་མོར་གླེང་ན།
གཅིག ཤྭ་ལ་སོགས། 
       ཤྭ་ལ་ནི་རྐང་ཚའི་འཕན་པོ་སྡེ་བ་དང་དཀོན་ལོ་སྡེ་བ་གཉིས་ཀྱི་བར་དུ་ཆགས་ཤིང་། རྫོང་ནས་སྤྱི་ལེ་ཉི་ཤུ་སུམ་ཅུ་ཙམ་སོང་བའི་མཚམས་སུ་ཡོད། ཤྭ་ལ་ཞེས་པའི་མིང་དེ་ཐོགས་དོན་ཡང་སྒྲུང་དང་འབྲེལ་བ་ཡོད་དེ། ངག་རྒྱུན་དུ་ཤན་པའི་ཤྭ་གསོད་ས་ཡིན་པས་གནས་དེའི་མིང་ལའང་ཤྭ་ལ་ཞེས་ཐོགས་ཤིང་། ཤྭ་ལའི་རྡོ་རིང་དུ་ཤན་པའི་གྲི་ཡང་ཡོད་ཚུལ་བཤད། ཤྭ་ལའི་ལུང་ཁོག་དེར་གླིང་གེ་སར་གྱི་ཞབས་རྗེས་དང་སྨན་འབྲུག་མོའི་ཕྱག་རྗེས། ཨ་མ་འགག་མོའི་ཞབས་རྗེས། ཁྱི་དང་ལའི་སུག་རྗེས་སོགས་ཡོད་ཚུལ་གནས་དེའི་མི་རྣམས་ཀྱིས་སྨྲ་ལ། ད་ལྟའང་ལག་རྗེས་དང་རྐང་རྗེས་ཆ་འདྲ་བ་སྟོན་རྒྱུ་ཡོད། དེར་མ་ཟད་བྲག་ལེབ་ལེབ་བསང་ཁྲི་འདྲ་བ་ཞིག་ཀྱང་ཡོད་པ་དེར་གེ་སར་བསང་ཁྲི་ཟེར།
       གནས་དེའི་འབྲོག་པ་ཚོས་གནས་འདི་ནི་གླིང་གེ་སར་རམ་ཡང་ན་ཧོར་གླིང་གཉིས་ཀྱི་ས་མཚམས་ཤིག་ཡིན་པ་ཁོ་ཐག་ཡིན་ཞེས་སྨྲ་སྟེ། རྒྱུ་མཚན་ནི་ཤྭ་ལ་ནས་མདོ་ལ་རྫོང་དུ་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཡས་མས་ལས་མེད་ལ། མདོ་ལ་རྫོང་གི་ཁོངས་སུ་ཡོད་པའི་ཨ་མྱེས་དུང་སོ་ནི་གུར་དཀར་གྱི་བླ་རི་ཡིན་པ་དང་། རྐང་ཚ་དང་མདོ་ལ་གཉིས་ཀྱི་བར་ན་བཞུར་གྱིན་པའི་མུ་རིའི་ཆུ་ཞེས་པ་དེ་ཧོར་ཆུ་ཁམ་པ་གཞུང་དྲུག་ཡིན་པས་ཕན་ཚུན་ལ་འབྲེལ་བ་ཆེ་ཞེས་བརྗོད། གོང་དུ་ཞུས་ཟིན་པ་སྟེ། ཤྭ་ལའི་ལུང་ཁོག་ན་ཡོད་པའི་སྨན་འབྲུག་མོའི་ཕྱག་རྗེས་དང་གླིང་གེ་སར་གྱི་ཞབས་རྗེས། ཁྱི་དང་ལའི་སུག་རྗེས་སོགས་རྡོ་ཕ་བོང་གི་ངོས་སུ་བབས་འདུག་སྟེ། ད་ལྟ་སོང་ན་མཐོང་རྒྱུ་ཡོད་པར་མ་ཟད། རྐང་ཚ་རྫོང་རང་ནས་ཀྱང་དེ་འདྲ་བཤུས་བརྒྱབ་སྟེ་རྐང་ཚའི་དངོས་མང་བཤམས་སྟོན་ཁང་དང་ཡུལ་སྐོར་ལྟེ་གནས་སོགས་སུ་ཉར་འདུག རྒྱུ་མཚན་འདི་དག་ལ་གཞི་བཅོལ་ནས་གནས་འདིའི་འབྲོག་པ་ཚོས་རང་ཉིད་ངེས་པར་གླིང་དང་འབྲེལ་བ་ཡོད་དོ་ཞེས་ཨུ་ཚུགས་བྱེད། ངག་རྒྱུན་འདི་དག་ཀྱང་གཞི་བཅོལ་ས་གང་ཡང་མེད་པ་ཞིག་མ་རེད་དེ། དཔེར་ན། མདོ་ལ་རྫོང་དུ་རྟ་རྐྱང་དམར་དང་མི་ལྭ་དམར་གྱོན་མཁན་ལ་འཛེམ་པའི་ཚོ་བ་ཞིག་ཀྱང་ཡོད་པར་གྲགས། དེར་མ་ཟད་མདོ་ལ་རྫོང་གི་ཁྱིམ་མཚེས་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་ཡིན་ལ། གནས་དེའི་མི་རྣམས་ཀྱིས་ཀྱང་རང་ཉིད་ཧོར་པ་ཡིན་ཚུལ་སྨྲ་ལ། རྟ་རྐྱང་དམར་ཞོན་མཁན་དང་ལྭ་དམར་གྱོན་མཁན་གྱི་མགྲོན་པོར་འཛེམ་པར་མ་ཟད། གེ་སར་ར་མདའ་ཐོན་འོང་ཞེས་ཁྱིམ་དུ་ཅ་ལག་སྟབས་བདེ་ཙམ་ལས་མི་བསྒྲིགས་ཟེར། མི་རིགས་ཡུས་ཀུའུ་ཡིན་པའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲུང་ཅིན་ཝུན་ལགས་ཀྱི་དཔྱད་རྩོམ་ཞིག་ཏུ་འདི་ལྟར་བྲིས་ཡོད་དེ། “ཡུས་ཀུའུ་མི་རིགས་ཀྱི་ལོ་རྒྱུས་སྟེང་རང་ཉིད་ནི་ཧོར་གུར་སེར་གྱི་གདུང་རྒྱུད་ཡིན་པར་སྨྲ”ཞེས་པ་ལས་ཀྱང་མི་རིགས་དེ་གའི་མཁས་པ་རྣམས་ཀྱང་གོང་གི་ངག་རྒྱུན་དེར་འཐད་པ་མཚོན་ཐུབ།
       སུམ་པ་ཡེ་ཤེས་དཔལ་འབྱོར་དང་མཁས་དབང་དམུ་དགེ་བསམ་གཏན་སོགས་ཀྱི་དགོངས་པ་ལྟར་ནའང་མ་ཐེལ་དགོན་ཡོད་ས་དེ་ཕལ་ཆེར་ཧོར་གྱི་ས་ཡིན་ཞིང་། དགེ་རྒན་སྨན་ཤུལ་རིན་ཆེན་རྡོ་རྗེ་ནས་ཀྱང་ཚེ་དབང་རྡོ་རྗེ་ལགས་ཀྱི«མདོ་ལ་རིང་མོའི་རྒྱུད་ཀྱི་བོད་ཀྱི་ས་མིང་སྐོར་ཞིག»ཅེས་པ་རུ“འབན་ཏ་ཧོར་གྱི་སྒོམ་གྲྭ་བཅོམས་ས་ནི་དེང་སང་ཀན་སུའུ་ཞིང་ཆེན་སུའུ་ནན་རྫོང(肃南县)ཁོངས་སུ་གཏོགས་པ་དང་། དེའི་ཁྱིམ་མཚེས་ལྟ་བུའི་ཆི་ལེན་རྫོང(祁连县)ན་སོག་སྐད་དུ་མི་རུལ་ཟེར་བ་དང་། བོད་སྐད་དུ་ཧོར་ཆུ་ཁམ་པ་རབ་མེད་ཟེར། འཇུ་ལག་ཆུ་བོའི(大通河)ཆུ་མགོ་ཡིན།”ཞེས་བྲིས་ཡོད་པ་གཞིར་བཅོལ་ནས“ལོ་རྒྱུས་སྟེང་གི་འབན་ཏ་ཧོར་ཞེས་པ་དེ་ཧོར་གླིང་གཡུལ་འགྱེད་ནང་གི་ཧོར་པ་ཚོའི་ཡབ་མེས་ཡིན་ན་ཐང”ཞེས་བཤད་ཡོད་པས། གོང་གི་ངག་རྒྱུན་དེ་དག་ཀྱང་ཁུངས་མེད་ལུང་གཏམ་ཁོ་ན་མིན་པ་རྟོགས་ཐུབ།
གཉིས། གེ་སར་མདུན་ཅོག་དང་བཞུགས་ཁྲི་སོགས།
       རྐང་ཚ་རྫོང་ནས་སྤྱི་ལེ་དྲུག་ཅུ་ཙམ་ལ་སོང་ན་སྐྱིད་སྨོན་ཞང་ལ་ཐོན་ཐུབ་ཅིང་། སྐྱིད་སྨོན་ཞང་གི་ཁོངས་སུ་ཕྱུག་ནོར་དགོན་ཡོད། ཕྱུག་ནོར་དགོན་གྱི་རྒྱབ་ན་བྲག་ལེབ་ལེབ་ཅོག་ཙེ་འདྲ་བ་ཞིག་ཡོད་དེ། དེ་ལ་ཚང་མས་གེ་སར་མདུན་ཅོག་ཟེར། དེའི་གམ་དུ་བྲག་བཞུགས་ཁྲི་འདྲ་བ་ཞིག་ཀྱང་ཡོད་པ་དེ་ལ་གེ་སར་བཞུགས་ཁྲི་ཟེར། དེར་མ་ཟད་རྐང་ཚའི་ཉ་ནག་སོ་མ་སྡེ་བའི་ཁོངས་སུ་རྒྱ་ཚ་ཞལ་དཀར་གྱི་སྒྲུབ་ཕུག འབྲུག་མོའི་གཡུ་ཟངས། སྟོབས་ཆེན་གླང་བོ་ཁྲ་འབར་གྱི་ཕྱིང་ཞྭ། ཕྱིང་ཞྭ་ཉག་གའང་ཟེར། སྟོབས་ཆེན་གླང་བོ་ཁྲ་འབར་བསད་ས་བཅས་ཡོད། དེ་ནས་ནུབ་ཕྱོགས་སུ་སྤྱི་ལེ་བརྒྱ་དང་བཅུ་བཞི་ཙམ་སོང་ན་ཐེམ་ཆེན་རྫོང་དུ་ཐོན་ཐུབ་ཅིང་། གནས་དེ་ན་གུར་དཀར་གྱི་ཡ་ཙེ་མཁར་དམར་ཡོད། དེང་སང་ཧོར་ཡུལ་དང་ཡ་ཙེ་མཁར་དམར་ལ་བཤད་ཚུལ་བཞི་ཡོད་པའི་གྲས་ཀྱི་གཅིག་ཡིན། གནས་དེ་རུ་གེ་སར་རིག་གནས་དང་འབྲེལ་བའི་གནའ་ཤུལ་ཏེ། གླིང་གི་བྲག་ཁུང་། ཡ་ཙེ་མཁར་དམར། གེ་སར་ལྷ་ཁང་། རི་བའི་གཅེས་ཕྲུག་ཅོག་དམར་གྱི་བང་སོ། ཧོར་ཀུན་དགའ་རྒྱལ་པོའི་བང་སོ་དང་། ཧོར་གྱི་རྩྭ་ར་པདྨ་སྟོང་ལྡན། མཛོ་མོ་སྐུང་ལུང་སོགས་ཡོད། དེར་མ་ཟད་ཐེམ་ཆེན་རྫོང་གི་མཁར་དམར་ཡུལ་ཚོར་ཐེགས་པ་སྡེ་བ་ཞེས་པ་ཞིག་ཡོད་དེ། ཐེགས་པ་སྡེ་བ་ནི་ཡ་ཙེ་མཁར་གྱི་མཁར་ཤུལ་དང་ཐག་ཉེ་བར་མ་ཟད། སྲུང་མ་ཐེའུ་རང་ཡིན་པའི་བཤད་རྒྱུན་ཞིག་ཀྱང་ཡོད། སྡེ་བ་དེའི་སྲུང་མ་ཐེའུ་རང་ཡིན་མིན་ལ་རྩོད་པ་ཁ་ཤས་ཡོད་མོད། ཐེའུ་རང་དང་འབྲེལ་བའི་ངག་རྒྱུན་ཤིན་ཏུ་མང་བས་དེའི་ཕྱོགས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་རྟོགས་ཐུབ།
       མདོར་ན་གོང་ཞུས་དག་ནི་མདོ་སྨད་རྐང་ཚའི་གེ་སར་རིག་གནས་ཀྱི་ཟུར་ཙམ་ཏེ། ད་དུང་དཔྱད་རྩོམ་འདིར་བརྗོད་པ་མི་གསལ་ས་དང་དཔྱད་མ་ཤེས་ས་མང་དུ་མཆིས་སྲིད་པས། རྣམ་དཔྱོད་ཅན་གང་ཞིག་གིས་ཞིབ་ཀྱིས་དཔྱད་ན་གྲུབ་འབྲས་ཆེན་པོ་ལོན་ངེས། ཕྲན་གྱིས་དཔྱད་རྩོམ་འདིར་རྐང་ཚ་ནི་གླིང་ཡུལ་ལོ་ཞེས་སྒྲུབ་མི་འདོད་ལ་ཧོར་ཡུལ་ལོ་ཞེས་ཀྱང་བཤད་མི་སྤོབས་མོད། གེ་སར་སྒྲུང་གི་རིག་གནས་ཕུན་སུམ་ཚོགས་པས་ངག་རྒྱུན་འདི་དག་ལེགས་པར་བཏུས་ཏེ་ངག་རྒྱུན་དང་ལོ་རྒྱུས་ཀྱི་ཡིག་ཚང་བར་ལ་འགྲེལ་བཤད་གསལ་པོ་ཞིག་བྱེད་ཐུབ་ཚེ་རིན་ཐང་ཤིན་ཏུ་ལྡན་ཞེས་སྨྲ་བསམ་པའོ། །

ཟུར་ལྟའི་རྒྱུ་ཆ།
[1] དམུ་དགེ་བསམ་གཏན། «བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །» [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2010.1.208
[2] རྒྱ་པོ། ཚུལ་ཁྲིམས། «མཚོ་སྔོན་པོའི་རྐང་ཚའི་ལོ་རྒྱུས་མེས་པོའི་ཞལ་ལུང» [M] ལན་ཀྲོའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996.2
[3] 钟进文 《藏族〈格萨尔〉在土族和裕固族中的流传与变迁》:西北民族大学学报:哲学社会科学版, 2013年第3期
[4]
སྨན་ཤུལ་རིན་ཆེན་རྡོ་རྗེ། «གེ་སར་སྒྲུང་གི་ས་མིང་ཞིབ་འཇུག» [M] པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011.6
[5] 曾国庆 《藏族历史文化》 [M].北京, 民族出版社. 2004.6
འབྲེལ་ཡོད་འོས་སྦྱོར།