ཨ་མདོའི་ཟློས་གར་ཆེན་མོ«གྱིམ་ཤིང་ཀོང་ཇོ»ཡི་འཁྲབ་གཞུང་ངོ་སྤྲོད།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2024-04-01
ཀློག་གྲངས།:
ཐང་རྒྱལ་རབས་ཀྱི་ཁའེ་ཡོན་དང་ཐེན་པའོ་སྲིད་རབས་གཉིས་ཀྱི(སྤྱི་ལོ690-739ལོ་བར)སྐབས་སུ། ཐུ་བྷོད་རྒྱལ་སྲས་ཁྲི་ལྡེ་གཙུག་བཙན་སྲིད་ཁྲིར་བཀོད། བྷོད་ཀྱི་བློན་ཆེན་དབང་ཤེད་ཅན་སྐོར་ཞིག་གིས་ཕྱི་ནང་གི་འགལ་རྐྱེན་ལ་ཁ་གཡར་ཏེ་བཙན་པོའི་རྒྱལ་རྒྱུད་ཀྱི་སྲིད་དབང་ལ་བར་ཆད་ཆེ་རུ་བཟོས། བཙན་མོ་ཁྲི་མ་ལོད་ཀྱིས་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་ཆབ་སྲིད་བརྟན་པ་དང་ཐང་བྷོད་མཐའ་མཚམས་ཞི་འཇགས་སུ་གཏོང་ཕྱིར་ཐང་ཆེན་མོ་ལ་གཉེན་འབྲེལ་གྱི་བཀའ་གཙིགས་བཀོད་ནས་སྲིད་བདེ་དམངས་སྐྱིད་ཀྱི་སྲི་ཞིའི་འཕྲིན་ལས་སྤེལ།
ཁྲི་མ་ལོད་ཀྱིས་ཐེངས་དུ་མར་ཐང་རྒྱལ་ཁབ་ལ་གཉེན་གྱི་ཕོ་ཉ་མངགས་ཏེ་ཞི་དྲག་མཐའ་སྙོམས་དང་ཆབ་སྲིད་མཉམ་གནས་ཀྱི་ཇུས་བཟང་བསྐྱངས། ཐང་རྒྱལ་རབས་ཀྱི་གོང་མ་ཀྲུང་ཙུང་གིས་འཁྲེང་སེམས་ཆེན་མོས་ཐང་གི་སྲས་མོ་ནུའུ་ནུའུ་ལ་གྱིམ་ཤིང་ཀོང་ཇོའི་མཚན་གསོལ་ནས་བྷོད་བཙན་པོའི་ཐང་གི་མནའ་མ་གཉིས་པ་རུ་བཀས་བཅད་དེ་ཐང་བྷོད་གཉེན་འབྲེལ་ཕྱི་མའི་རྫོངས་སྐྱེལ་གྱི་གྱེས་སྟོན་རྒྱ་ཆེར་མཛད།
ཐང་ཆེན་མོའི་གཉེན་འཛིན་གྱི་རུ་དཔུང་དཀའ་བ་འབུམ་ཕྲག་གི་གཉེན་ལམ་བརྒྱུད་དུས་ནི་ཐང་བྷོད་རྒྱལ་རྒྱུད་གཉིས་ལ་ཛ་དྲག་གི་སྲིད་འགྱུར་བྱུང་སྟེ་ཐང་གི་བེ་རུས་རྒྱལ་མོས་ཐང་ཀྲུང་ཙུང་བཀྲོངས་པ་དང་། བྷོད་ཀྱི་རྒྱལ་སྲས་ཆེ་བ་ལྷ་བལ་པོ་ལ་ཕྱི་ནང་གི་བློན་ངན་མང་པོས་གོང་བཀུར་སྟེ་སྲིད་འགྱུར་གྱི་དབང་ཤེད་ཅན་དང་ལྷན་དུ་བསྐུངས་ནས་བཙན་པོའི་རྒྱལ་རྒྱུད་ཀྱི་དབང་ཐང་ལ་རྒོལ་བ་བྱུང་། བཙན་མོ་ཁྲི་མ་ལོད་ཀྱིས་གཡོ་ངན་པ་དེ་དག་གི་བྱས་ངན་ངང་གིས་བཟོད་བཞིན་ཐབས་ཤེས་གསང་འཇུག་གི་ཇུས་འགོད་ལ་བརྟེན་ནས། ཕྱི་རུ་ཐང་རྒྱལ་ཁབ་ཀྱི་རོགས་སྐྱོར་དང་ནང་ནས་སྣ་ནམ་ཞང་བཙན་ལ་སོགས་པའི་བློན་རྒྱུད་ཆེ་ཁག་རྣམས་ཀྱི་དབང་བསྟད་ནས་ལྷ་བལ་པོ་དང་བཅས་པའི་ངོ་ལོག་པའི་བློན་ཤེད་ཅན་རྣམས་ཕམ་པར་མཛད་དེ་རིང་ནས་རེ་བའི་ཐང་གི་སྲས་མོ་གྱིམ་ཤིང་ཀོང་ཇོ་བཙན་པོའི་བཙུན་མོར་བཀོད་ཐུབ་པ་བྱུང་བ་དང་ལྷན་གློ་བུར་དུ་སྣ་སྣམ་བཟང་མང་མོ་རྗེ་ཡང་བཙན་པོའི་བཙུན་མོར་བསྐོས།
འཁྲབ་གཞུང་འདིས་གྱིམ་ཤིང་ཀོང་ཇོ་བྷོད་ལ་ཕེབས་རིང་གི་ཐང་བྷོད་གལ་ཆེའི་ལོ་རྒྱུས་ཁྲོད་ཀྱི་ཁོ་མོའི་གཞོན་དུས་ཀྱི་སྡུག་གུ་དང་ནུབ་བསྐྱོད་ཀྱི་དཀའ་སྡུག ཛ་དྲག་གི་གཉེན་དོན། ཞི་སྐྱོང་གི་མནའ་གཙིགས། དཔལ་ཡོན་གྱི་སྲི་ཞུ། སྦྲུམ་སྲས་བརླག་པ་དང་ནད་ཡམས་འགོག་སྲུང་སོགས་བརྗོད་བྱར་བཀོད་དེ་གྱིམ་ཤིང་ཀོང་ཇོའི་རང་གཤིས་སྣང་བརྙན་ཆེད་འབྲི་བརྒྱུད། ཁྱད་གཤིས་མོད་པའི་ཁོ་མོའི་ཚེ་སྲོག་གི་བརྒྱུད་རིམ་དང་ལོ་རྒྱུས་ཀྱི་ལས་དབང་བཀོད་ཡོད་པར་མ་ཟད། དེང་རབས་མཐོང་སྣེ་དང་དུས་རབས་གསར་པའི་བསམ་བློའི་དགོངས་པ་གཞི་གཅིག་ཏུ་སྒྲིལ་ནས་དོན་དངོས་ལོ་རྒྱུས་ཀྱི་བདེན་པ་དང་མི་སྣའི་རིན་ཐང་གི་ལྟ་གྲུབ་རྒྱས་གསལ་བགྱིས་ཏེ་གྱིམ་ཤིང་ཀོང་ཇོའི་རླབས་ཆེན་མཛད་བཟང་གི་མི་ཚེའི་ཆེ་བ་བརྗོད་ཡོད། དེ་དང་མཉམ་དུ་གནའ་བོའི་ཐང་བྷོད་འབྲེལ་བའི་སྐྱིད་སྡུག་གི་ངོ་མཚར་བསྐྱར་དུ་བཀོད་ཡོད་ལ། དེས་ཐང་བྷོད་ས་ཆེན་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་ཆོས་ལུགས་སོགས་སྣེ་མང་མཉམ་སྐྱོང་གི་རླབས་ཆེན་མཛད་རྗེས་གསལ་དུ་བཀོད་ཡོད།
འཁྲབ་སྟོན་འདིས་དེང་རབས་གར་སྟེགས་ཀྱི་ལེགས་ཆ་དང་བོད་ཀྱི་སྲོལ་རྒྱུན་ཟློས་གར་གྱི་མཛེས་དཔྱོད་གར་ཉམས་མཐུན་སྦྱོར་བྱས་པ་བརྒྱུད། གྱིམ་ཤིང་ཀོང་ཇོའི་སྡུག་བཟོད་ཁུར་ལྕི་དང་སྙིང་རྗེ་ཕུགས་ཡངས་སོགས་དཀའ་སྡུག་གི་མི་ཚེ་ཧྲིལ་པོའི་སྐྱིད་སྡུག་རི་མོར་བཀོད་ཡོད་ལ། བསྐལ་བརྒྱར་མཚར་དུ་རྨད་པའི་མཆོག་གི་སྣང་བརྙན་གསལ་དུ་བརྐོས་པར་མ་ཟད། མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་བརྒྱུད་རིམ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས། མི་རིགས་མཐུན་སྒྲིལ་སྲ་བརྟན་བཅས་ཀྱི་ཐད་མཛད་རྗེས་བླ་ན་མཐོ་བའི་གཏམ་རྒྱུད་མཚར་དུ་མངའོ། །
རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་ངོ་སྤྲོད་མདོར་བསྡུས།
རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2013ལོའི་ཟླ12པར་བཙུགས་པ་ཞིག་ཡིན་ལ། སྒྱུ་རྩལ་གསར་རྩོམ་དར་རྒྱས་དང་། སྤུས་དག་བརྩམས་ཆོས་རྩོམ་པ་དང་ཁྱབ་སྤེལ། སྒྱུ་རྩལ་འཇོན་མི་སྐྱེད་སྲིང་། རྒྱལ་ཁབ་ཀྱི་སྒྱུ་རྩལ་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་དམིགས་ཡུལ་དུ་བཟུང་བའི་སྤྱི་ཕན་རང་བཞིན་གྱི་ཐེབས་རྩ་ཞིག་ཡིན། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་མ་དངུལ་གྱི་ཡོངས་ཁུངས་གཙོ་བོ་ནི་ཀྲུང་དབྱང་ནོར་སྲིད་ཀྱིས་བཏང་བ་དང་། “སྤྱི་ཚོགས་ལ་ཁ་ཕྱོགས་པ་དང་། ཡོངས་བསྒྲགས་མངོན་གསལ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག གཙོ་གནད་འབུར་དུ་དོད་པ”བཅས་ཀྱི་བྱ་བའི་རྩ་དོན་ལག་བསྟར་བྱེད་བཞིན་ཡོད་ལ། རོགས་སྐྱོར་ལས་གཞི་ལ་སྤྱིར་བཏང་གི་ལས་གཞི་དང་གཙོ་གནད་ལས་གཞི་གཉིས་འདུ་བ་དང་། རོགས་སྐྱོར་ཁྱབ་ཁོངས་ལ་སྒྱུ་རྩལ་གསར་རྩོམ་ཐོན་སྐྱེད་དང་། བརྒྱུད་སྒྲོག་བརྗེ་རེས་ཁྱབ་སྤེལ་དང་འཇོན་མི་སྐྱེད་སྲིང་སོགས་ཀྱི་ཕྱོགས་ཚུད་ཡོད་ཅིང་། རོགས་སྐྱོར་བྱེད་སྟངས་ནི་ལས་གཞིའི་རོགས་སྐྱོར་དང་། ཕུལ་བྱུང་བྱ་དགའ་དང་ཆ་སྡེབ་རོགས་སྐྱོར་བཅས་འདུ་ཞིང་། རོགས་སྐྱོར་ལས་གཞིས་ཕྱོགས་སྟོན་རང་བཞིན་དང་ཚབ་མཚོན་རང་བཞིན། དཔེ་སྟོན་རང་བཞིན་བཅས་ལ་རྐང་བཙུགས་ཏེ། རྒྱལ་ཁབ་ཀྱི་སྒྱུ་རྩལ་ཆུ་ཚད་མངོན་ཅི་ཐུབ་བྱེད་བཞིན་ཡོད། །
འབྲེལ་ཡོད་འོས་སྦྱོར།