དེབ་གསར་གསུམ་འོས་སྦྱོར་ཞུ་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-05-04
ཀློག་གྲངས།:
«རང་གྲོལ་མི་ཚེ་བསྐྱར་བརྟགས»
རྩོམ་པ་པོ། གྲལ་ཟུར་དགུ་རོང་སྤུན་གྲོལ།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

མི་གཞི་དང་ལ་རྒྱ།
—«རང་གྲོལ་མི་ཚེ་བསྐྱར་བརྟགས»བཀླགས་པའི་མྱོང་ཚོར།
མོག་ཟླ་ཡིས་བརྩམས།
གྲལ་ཟུར་དགུ་རོང་སྤུན་གྲོལ་ལགས་ཀྱིས་བརྩམས་པའི«རང་གྲོལ་མི་ཚེ་བསྐྱར་བརྟགས»ཞེས་པའི་དཔེ་དེབ་འདི་ད་ལོའི་ལོ་སྟོད་ཀྱི་སྤྱི་ཟླ4པའི་ནང་དངོས་སུ་འགྲེམས་ཚོང་གི་གསལ་བརྡ་དྲ་ལམ་ཁག་ནས་མཐོང་བྱུང་། དེ་མ་ཐག དཔལ་དོན་གྲུབ་རྒྱལ་ནི་རང་ཉིད་ལ་མཚོན་ན་ཆེས་ཆ་རྒྱུས་དང་ཆེས་ཐག་ཉེ་བའི་མི་ཞིག་ཡིན་པའི་ཚོར་བ་བཅོས་མིན་དུ་སྐྱེས་བྱུང་བས། བལྟ་འདོད་ཀྱི་འདུན་པ་དྲག་པོས་བསྐུལ་ཏེ་འཕྲལ་དུ་དེབ་དེ་སྐད་འཕྲིན་བརྒྱུད་ནས་ཉོས་པ་ཡིན།
དཔེ་དེབ་ལག་སོན་བྱུང་རྗེས། མགོ་ནས་མཇུག་བར་ཐེངས་གཅིག་ཞིབ་ཏུ་བཀླགས། བཀླགས་ཀྱིན་བཀླགས་ཀྱིན་ང་ནི་དཔལ་དོན་གྲུབ་རྒྱལ་ལགས་ཀྱི་གློག་ཞགས་འཁྱུག་པ་ལྟ་བུའི་ཡུན་ཐུང་མི་ཚེའི་ནང་གི་སྐྱོ་ལ་སྐྱུར་བའི་ངོ་མཚར་བའི་གཏམ་རྒྱུད་ཀྱིས་ཁྲིད་དེ་ཐག་རིང་ཐག་རིང་དུ་ཕྱིན་ནས་ཕྱིར་འོང་སའི་ལམ་ཡང་རྙེད་ཐབས་མེད་པའི་གནས་སུ་ལྷུང་ཞེས་སྨྲས་ཀྱང་ཐལ་མི་ཆེ་སྙམ།
དཔེ་དེབ་འདི་ནི་དཔལ་དོན་གྲུབ་རྒྱལ་ལགས་སྐུ་འཁྲུངས་པ་ནས་སྐུ་གཤེགས་པའི་བར་གྱི་མི་ཚེའི་གོ་རིམ་སོ་སོ་གནད་མ་བོར་བར་ས་བཅད་ལེའུ་བཅུ་དྲུག་གི་ནང་དུ་འདུས་པར་བྱས་པའི་མི་བུ་སྒེར་བ་ཞིག་གི་མི་ཚེའི་བྱུང་བ་གླེང་བའི་ངག་བརྗོད་ལོ་རྒྱུས་རིང་མོ་ཞིག་རེད།
དཔེ་དེབ་འདི་གཙོ་ཆེ་བ་ངག་བརྗོད་ལོ་རྒྱུས་ཀྱི་འབྲི་ཐབས་ལ་བརྟེན་ནས་དཔལ་དོན་གྲུབ་རྒྱལ་དང་འབྲེལ་འདྲིས་དམ་ཟབ་ཡོད་པའི་མཁས་པ་དང་ཞིབ་འཇུག་པ། བླ་སྤྲུལ་དང་དགེ་བཤེས། སྲིད་འཛིན་མགོ་ཁྲིད་དང་ལས་བྱེད་པ། སློབ་གྲོགས་དང་ལས་གྲོགས། རྩོམ་པ་པོ་དང་སྙན་ངག་པ། ཆང་གྲོགས་དང་མཛའ་གྲོགས། གཉེན་ཉེ་དང་སློབ་མ་བཅས་མི་སྣ་མང་པོ་ཞིག་ལ་ཆེད་བཅར་གྱིས་ངག་ཐོག་ནས་བརྗོད་པའི་སྐབས་དེའི་གནས་ཚུལ་དངོས་རིས་སུ་མ་ཆད་པའི་སྒོ་ནས་ཞིབ་འཇུག་གི་གྲུབ་དོན་ཡི་གེར་ཕབ་ནས་ལོ་རྒྱུས་ཀྱི་དྲན་པ་བསླངས་ཤིང་། ལོ་རབས་བརྒྱད་ཅུའི་རང་ཅག་བོད་ཀྱི་སྐྱ་ཟད་སྔོ་གཏུགས་ཀྱི་སྤྱི་ཚོགས་ཤིག་གི་གནས་སྟངས་དང་ངོ་བོ། རིག་གནས་དང་སེམས་ཁམས། ཛ་དྲག་དང་འཕག་འཚག ཀུ་ཅོ་དང་སྐད་འབོད། ཡང་བསྐྱར་ཡོད་ཚད་མགོ་བརྩམས་ཏེ་ལམ་ལ་ཆས་པའི་མི་རབས་ཤིག་གི་དཔའ་གདེང་དང་སྙིང་སྟོབས། རིགས་ཞེན་དང་ལ་རྒྱ། བདེན་པ་གཙུག་ཏུ་བཀུར་ཞིང་དཀའ་ཉོག་ལ་གདོང་གཏོད་ཕོད་པའི་མི་རབས་ཤིག་གི་ན་གཞོན་ཚོས་ཇི་ལྟར་རང་ཅག་གི་ལས་དོན་མཐའ་དག་ལྷུར་ལེན་པའི་སྙིང་གི་འཕར་སྒྲ་དེ་ཐོས་སུ་བཅུག
ད་དུང་། དཔེ་དེབ་འདིའི་ནང་དུ་དཔལ་དོན་གྲུབ་རྒྱལ་ནི་མདོ་སྨད་དགུ་རོང་ཡུལ་གྱི་ས་མ་འབྲོག་གི་སྤྱིར་བཏང་གི་ཁྱིམ་ཚང་ཞིག་ནས་ལམ་ལ་ཆས་ཏེ། སྡེ་བའི་སློབ་ཆུང་ནས་ཁུལ་དགེ་ཐོན་སློབ་གྲྭ། ཀྲུང་དབྱང་མི་རིགས་སློབ་གླིང་དུ་ཐོས་པ་ཇི་ལྟར་བཙལ་ཚུལ་དང་ཤ་རུས་རྡོ་ཐུག་གི་བརྩོན་པ་ཇི་ལྟར་བསྐྱེད་ཚུལ། སློབ་གཉེར་གྱི་བརྒྱུད་རིམ་སོ་སོ་ནས་དུས་ཚོད་ཀྱི་དབྱེ་མཚམས་གསལ་འབྱེད་ཀྱིས་ལོ་དུས་ནམ་ཚོད་ལ་དཔེ་ཆ་གང་དག་ལ་ཚུལ་ཇི་ལྟར་བལྟས་ཏེ་ཁྱོན་བསྡོམས་བོད་རྒྱ་གཉིས་ཀྱི་དཔེ་ཆ400ལྷག་ལ་བལྟས་ཡོད་པ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་བོད་རིག་པའི་མཁས་དབང་ཝང་ཡའོ(བོད་མིང་ལ་དབང་རྒྱལ)གཙོས་བསླབ་པ་ལམ་གྱི་གནས་སྐབས་སུ་དགེ་རྒན་སུ་དག་བསྟེན་ནས་མཐར་མཁས་པའི་གོ་འཕང་བརྙེས་ཚུལ་དང་རྩོམ་ཡིག་ཇི་ལྟར་བྲིས་ཏེ་རྩོམ་པ་ལ་དབང་འབྱོར་ཏེ། བསྒྱུར་བ་དང་བརྩམས་པའི་རྩོམ་ལུས་སྣ་ཚོགས་ཀྱི་བསྡོམས་གྲངས95ལྷག་བྲིས་ཏེ་སྙན་པའི་གྲགས་པ་རྒྱས་ཤིང་། བོད་ཀྱི་དེང་རབས་རྩོམ་རིག་གི་རུ་འདྲེན་པ་གཙོ་བོ་དང་རང་མོས་སྙན་ངག་གི་སྲོལ་འབྱེད་དུ་གྱུར་ཚུལ་སོགས་ཡིག་ངག་གཉིས་ཀ་ནས་ཁུངས་འཕེར་བའི་བདེན་དཔང་དང་གཞི་གྲངས་ཀྱིས་མཚོན་པར་བྱས་ཤིང་། མི་གཤིས་དང་ཀུན་ནས་བཅར་ཏེ་མི་ཚུལ་གྱི་རྣམ་པས་དཔལ་དོན་གྲུབ་རྒྱལ་གྱི་མི་ཚེ་ཞིབ་བརྗོད་བྱས་འདུག
ལོ་རབས་བརྒྱད་ཅུའི་བོད་ཀྱི་སྤྱི་ཚོགས་ནང་རིག་གནས་བསྐྱར་དར་གྱི་ལས་འགུལ་སྤེལ་བའི་རླབས་རྒྱུན་ཁྲོད་དུ། མི་བུ་སྒེར་བ་ཞིག་གིས་སྤྱི་ཚོགས་ལ་ཇི་ལྟར་གདོང་གཏད་དེ་དུས་ཐུང་གི་རིག་པའི་འགྲུལ་བཞུད་བྱས་པའི་དུས་རབས་ཀྱི་རིག་པའི་དཔའ་བོ་ཞིག་གི་སྣང་བརྙན་དང་ཕུགས་རེ། འདོད་འདུན་དང་དཀའ་ཉོག་བཅས་གསལ་རྗེན་དུ་མངོན་པར་མཚོན་ཡོད་ལ། སྤྱི་ཚོགས་ཀྱི་ཡས་སྣེ་ནས་མཁས་པའི་ཁྱུ་མཆོག་དག་དང་ལྷན་དུ་ཁྱུང་ཆེན་བཞིན་རིག་པའི་མཁའ་དབྱིངས་ནས་ལྡིང་སྐོར་རྒྱག་བཞིན་ངར་སྐད་འབྱིན་མྱོང་ཞིང་། རྩོམ་པའི་མཛད་པ་ལ་ཡི་རངས་དང་བཀུར་བསྟི། ཆེ་མཐོང་བཅས་བྱས་ཏེ་གྲགས་པ་འབར་མྱོང་། སྤྱི་ཚོགས་ཀྱི་མས་སྣེ་ནས་གུ་དོག་དང་ཞེ་གྱོང་། ས་མཐའི་བག་འཁུམས་ཀྱི་ལྟ་བས་འ་ཆད་འུ་ཐུག་ཏུ་གྱུར་ནས་མཐར་སྐྲོད་བཏང་བའི་བློ་ཕམ་ཡང་ཁུར་མྱོང་།
རེ་བ་དང་ཕུགས་བསམ་གྱིས་ཁེངས་པའི་དོན་གྲུབ་རྒྱལ་ཆབ་ཆར་སླེབས་རྗེས་ཀྱི་དུས་ཚོད་ནང་། ཧྲུའུ་ཅི་རྡོ་བྷ་དང་ཅུས་ཀྲང་མུ་རྡོ། སློབ་གཙོ་གཞོན་པ་སྲུང་མ་སྐྱབས་སོགས་ལ་འཕྲད་ཡོད་ཅིང་། སྲོལ་རྒྱུན་ཨ་འཐས་སུ་འཛིན་པའི་མཁས་པ་རྒན་པ་རེ་འགའ་ལའང་འཕྲད་མྱོང་། དེ་མིན་སྐྱེས་བུ་དམ་པ་ཁོང་ལ་རྒྱབ་བཤད་དང་གནོད་འཚེ། སྡང་སེམས་འཆང་བའི་མི་ལའང་འཕྲད་འདུག དེ་དག་ནི་སྤྱི་ཚོགས་ཤིག་གི་ནང་གནས་ཀྱི་ངོ་བོར་གྲུབ་པའི་རྒྱུན་ཆགས་ཀྱི་བསམ་བློ་དང་འགལ་བར་གྲུབ་པའི་ཆོས་ཉིད་ཀྱི་གནས་སྟངས་ཤིག་ཏུ་རྟོགས་ཐུབ།
མདོར་ན། «རང་གྲོལ་མི་ཚེ་བསྐྱར་བརྟགས»ཞེས་པའི་དཔེ་དེབ་འདི་བཀླགས་པ་བརྒྱུད་ང་ཚོས་རྟོགས་ཐུབ་པ་ནི་ན་གཞོན་མཁས་པ་ཞིག་གི་མི་ཚེའི་བཞུད་ལམ་ལས་ལོ་རབས་བརྒྱད་ཅུའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་རིག་གནས་ལོ་རྒྱུས་ཀྱི་གནས་སྟངས། ཤེས་ཡོན་པའི་སེམས་ཁམས་སོགས་ཆུ་གཏིང་གི་རྡེའུ་ཧྲུག་བཞིན་ཁད་ཀྱིས་ཇེ་གསལ་ནས་ཇེ་གསལ་དུ་མངོན་ཡོང་ལ། མེ་ལོང་ལ་ཧ་བཏབ་པ་ལྟ་བུའི་དུས་སྐབས་དེ་དང་སྤྱི་ཚོགས་དེའི་དཀའ་ཉོག་ཡོད་ཚད་ལ་བྱི་དོར་ཐེངས་ཤིག་གིས་གསལ་བར་མཛད་པའི་སྒེའུ་ཁུང་ཞིག་ཏུ་ཡང་ཁོ་བོས་འདོད།
དཔེ་དེབ་འདི་ལས་རང་གྲོལ་ལགས་ཀྱི“མཚར་སྡུག་འོད་སྟོང་འབར་བའི་ཁ་སང་གིས་ད་ལྟའི་ཚབ་བྱེད་མི་ཐུབ་ལ། བ་ཚྭའི་དྲི་དང་འགྲོགས་པའི་སྔོན་ཆད་ཀྱིས་དེ་རིང་གི་སྐོམ་པ་ག་ལ་སོད”ཅེས་པའི་ངག་བྱིན་རླབས་ཅན་དེའི་དྲོད་ཁོལ་ཚོར་ཐུབ་ལ། “ཕ་མས་སྤྲད་པའི་མགོ་བོ་མཐོན་པོ་དེ་གཞན་གྱི་རྐང་འོག་ཏུ་འམི་འཇོག་པའི”དཔའ་བོའི་གད་རྒྱངས་ཏེ་འབྲོང་རྒན་རྫ་ལ་གཤར་ཤུལ་དང་སྟག་མོ་ནགས་ལ་གཤེགས་ཤུལ་གྱི་རྗེས་ཤུལ་རྙེད་ཐུབ། ད་དུང“ལང་ཚོའི་རྦབ་ཆུ”རྨི་ལམ་གྱི་ཕུགས་སུ་བསྲིངས་ཏེ་བོད་གངས་ཅན་གྱི་ན་གཞོན་ཚོའི་ཕུགས་རེ་ཡི་སྒོ་གླེགས་དལ་གྱིས་བརྡུངས་པ་ད་དུང་ཡང་ཐོས་འཛིན་གྱི་དཔྱིད་དུ་འགྱུར།
«རང་གྲོལ་མི་ཚེ་བསྐྱར་བརྟགས»ཀྱི་བཀླགས་ཟིན་འདི་མཇུག་བསྡུ་ལ་ཉེ་དུས། ཁོ་བོས་རང་གྲོལ་ཞིབ་འཇུག་པ་རྡོ་སྦིས་ཆོས་སྐྱོང་ལགས་ཀྱི་ཚིག་དུམ་ཞིག་ཡང་ཡང་དྲན་ཞིང་། དེ་ནི་ལོ་མང་པོའི་སྔོན་གྱི་སྐད་ཆ་ཞིག་སྟེ། “རང་གྲོལ་ལགས་ཀྱི་མི་གཞི་དང་སྒལ་ཚིགས་ལ་སཱ་མུ་ར་ཡེའི་སྙིང་སྟོབས་ལྡན”ཞེས་པ་དེའོ། །
རང་གྲོལ་ལགས་ང་ཚོ་དང་ཞལ་གྱེས་ནས་ལོ་ངོ་བཞི་བཅུ་འགོར་ལ་ཉེ། ཕམ་ཡང་མགོ་བོ་མི་སྒུར་ཞིང་འཆི་བར་ཅི་མི་སྙམ་པའི་ལ་རྒྱ་དང་རིག་པའི་རང་ཚུགས་དེ་ཡང་བསྐྱར་སེམས་ཀྱི་ག་ཤེད་ཅིག་ནས་ཚོར་བྱུང་ངོ་། །
«སྙན་ངག་གི་རྣམ་གཞག་གཡུང་དྲུང་ལག་འཁྱུད»
རྩོམ་པ་པོ། བྱ་གཞུང་དབྱངས་བྷ།
རྩོམ་པ་པོ། བྱ་གཞུང་དབྱངས་བྷ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

བཀླགས་མྱོང་མདོར་བསྡུས།
འབྲོང་ཕྲུག་གིས་བརྩམས།
བྱ་གཞུང་དབྱངས་བྷ་ནི་རྩོམ་པ་པོ་རང་གཤིས་ཅན་ཞིག་ཡིན་ཚུལ་གོ་མྱོང་། བྱ་གཞུང་དབྱངས་བྷའི་ཁྱད་གཤིས་ཅན་གྱི་རྩོམ་ཡིག་ཀྱང་མང་དུ་བཀླགས་མྱོང་།
བྱ་གཞུང་དབྱངས་བྷས«སྙན་ངག་གི་རྣམ་གཞག་གཡུང་དྲུང་ལག་འཁྱུད»འདི་ཉིད་རྩོམ་པའི་དགོས་པ་གཙོ་བོ་ནི། “རང་རེའི་སྙན་ངག་གཞུང་ལུགས་མ་ལག་གི་ཁོག་དབུབ་པའི་བྱ་གཞག་གང་དེར་རྨང་གདིང་རྒྱུ་དང་། དགོས་པ་གཞན་ཞིག་ནི། བདག་གི་སློབ་བུ་སྙན་ངག་ལ་བློ་མོས་པ་རྣམས་ཀྱི་གསེར་ལས་དཀོན་པའི་དུས་ཚོད་རྣམས་མུན་ནག་ལག་སྙོབ་ཀྱི་ངང་ལ་འཕྲོ་བརླག་ཏུ་མི་འགྲོ་བའི་ཆེད་དུའོ”ཞེས་ཟེར་རོ། །
འདི་ནི་བྱ་གཞུང་དབྱངས་བྷ་སྟེ། དེང་གི་ན་གཞོན་དག་ནི་ནམ་ཡང་གནའ་བོའི་རྒྱ་གར་གྱི་སྙན་ངག«མེ་ལོང་མ»དང་དེའི་འགྲེལ་བ་ཡང་འགྲེལ་ཕོན་ཆེ་བ་རྣམས་ཀྱིས་མཁོ་མ་སོད་པར། ནུབ་ཕྱོགས་ཀྱི་སྙན་ངག་གི་གཞུང་ལུགས་དང་ལྟ་གྲུབ་མང་པོ་ཚད་མར་བཟུང་སྟེ་གསར་རྩོམ་གྱི་ལས་ལ་གཡམ་རྒྱུག་བྱེད་ཀྱིན་པ་ནི་མིག་མཐོང་ལག་ཟིན་དུ་འདུག་ལ། དེས་ནི་ཤ་གཟུག་ཟ་རྐྱང་དང་མུན་ནག་ལག་སྙོབ་ཀྱིས་མི་ཤེས་ཤེས་མདོག་དང་ཤེས་པ་ཕྱོགས་ལྷུང་། ནོར་བ་རྒྱུན་འབྱམས་ཀྱི་གནས་སུ་ལྷག་ཡོད་ཙ་ན། བྱ་གཞུང་དབྱངས་བྷས“སྙན་ངག་རང་ངོས་ཀྱི་ངོ་བོའི་གནས་ལུགས་ལ་གཞི་བཅོལ་བ”དང་གཅིག “མེས་པོ་གོང་མའི་གསུང་སྒྲོས་དང་བརྡ་ཆད་རྣམས་རྨང་རྡོར་བྱས་པ”དང་གཉིས། “འཛམ་གླིང་གནའ་དེང་གི་སྙན་ངག་གཞུང་ལུགས་དང་སྒྱུ་རྩལ་མཚན་ཉིད་རིག་པའི་མདོ་དོན་རྣམས་དཔྱད་གཞིར་བླངས་པ”དང་གསུམ། རྩོམ་པ་པོ“རང་ཉིད་ལོ་མང་རིང་སྙན་ངག་རྩོམ་པ་ལ་ཞུགས་པའི་ཉམས་མྱོང་ལ་བློ་ཕུགས་གཏད་པ”དང་བཞི། “རང་གི་ཁྱད་གཤིས་ལྡན་པའི་སྙན་ངག་གཞུང་ལུགས་མ་ལག་གི་རྨང་གཞི་གཟུག་རྒྱུ་དམིགས་ཡུལ་དུ་བཅས་པ”དང་ལྔ་སྟེ། སྔོན་འགྲོའི་ཆ་རྐྱེན་འདི་དག་གི་འོག་ཏུ། ཐོག་མར་སྙན་ངག་གི་རིགས་ལ་ས་སྐྱེས་རྡོ་སྐྱེས་ཀྱི་སྙན་ངག་དང་རྒྱ་གར་ལུགས་ཀྱི་སྙན་ངག རང་མོས་སྙན་ངག་བཅས་མི་འདྲ་བ་གསུམ་དུ་རྐྱ་བཀར་བ་དང་། དེ་ལ་སྙན་ངག་གྲུབ་ཚུལ་དང་རྩོམ་ཚུལ། མྱོང་ཚུལ་བཅས་རབ་བྱེད་གསུམ་དུ་ཕྱེ་ནས་སྙན་གཞུང་འདི་བརྩམས་གྲུབ་བྱུང་བ་ཡིན་འདུག
རབ་བྱེད་དང་པོར་སྙན་ངག་ཟེར་བ་ཅི་རེད་ཅེས་པའི་ལན་དུ། སྙན་ངག་གི་ངོ་བོའི་རྣམ་གཞག་སྟེ། ཐོག་མར་སྙན་ངག་ངོས་བཟུང་བ་དང་། དེ་ནས་ལུས་རྒྱན་སྲོག་གསུམ་གྱི་རྣམ་གཞག་དེ་རྒྱ་བོད་མཁས་པ་རིམ་བྱོན་གྱི་ལྟ་དགོངས་རྨང་གཞི་བྱས་ཐོག འཛམ་གླིང་སྤྱིའི་སྙན་ངག་གཞུང་ལུགས་ཀྱི་ལེགས་ཆས་ཆད་པ་ཁ་བསྐངས་ནས་སྙན་ངག་གྲུབ་ཚུལ་བསྟན་ཡོད་པ་དང་། རབ་བྱེད་གཉིས་པར་སྙན་ངག་ཇི་ལྟར་བརྩམ་དགོས་སམ་ཞེས་པའི་ལན་དུ། སྙན་ངག་རྩོམ་པའི་རྣམ་གཞག་སྟེ་རྩོམ་པའི་ངོ་བོ་དང་སེམས་ཁམས། གོ་རིམ་སོགས་ཀྱིས་སྙན་ངག་གི་བརྩམས་ཆོས་སྔར་མེད་པ་གསར་དུ་རྩོམ་པའི་བྱ་རིམ་མམ་རྩོམ་ཚུལ་བསྟན་ཡོད། རབ་བྱེད་གསུམ་པར་སྙན་ངག་གིས་ཅི་ཕན་ཞེས་པའི་ལན་དུ། སྙན་ངག་རོལ་མྱོང་གི་རྣམ་གཞག་སྟེ་རྩོམ་ཆོས་གྲུབ་ཚུལ་ནས་རྩོམ་གཤིས་ཆགས་ཚུལ་དང་། ཀློག་པ་པོའི་མྱོང་རོལ་ནས་རིན་ཐང་དཔྱད་འཇོག་སོགས་མྱང་བྱ་རྩོམ་ཆོས་དང་མྱོང་མཁན་ཀློག་པ་པོ་ཟུང་འབྲེལ་གྱིས་རྩོམ་པ་པོའི་བརྗོད་འདོད་ཀྱི་དགོངས་པ་ངོ་མ་འགྲེལ་ཚུལ་བསྟན་ཡོད་དོ། །
སྤྱིར་ན་སྙན་ངག་ནི“འཇིག་རྟེན་ཆོས་ཉིད་ལྟར་རྒྱུ་རྐྱེན་མང་པོ་ཕན་ཚུན་བརྟེན་ཅིང་འབྲེལ་ནས་བྱུང་བ”ཞིག་ཡིན་པ་དང་། དེ་ནི“ཉིང་བསྡུས་ཀྱི་ཚིག་སྦྱོར་ལས་ཡིད་འགྱུར་གྱི་ངོ་བོ་སྣང་བརྙན་ཅན་དུ་མངོན་པར་བྱེད་པའི་ངག་གི་སྒྱུ་རྩལ་རོ་ཉམས་དང་ལྡན་པ་ཞིག་ལ་བྱའོ”ཞེས་སུ་བཤད་པ་ནང་བཞིན། སྐྱེས་བུ་རྣམ་དཔྱོད་ལྡན་པ་རེ་འགས་སྙན་ངག་པའི་རང་སོ་སོའི་མྱོང་རྟོག་དང་འབྲེལ་བའི་ཡིད་ཀྱི་འགྱུར་བ་སྣ་ཚོགས་པའི་ཐོལ་ཤེས་འཕྱུར་བའི་སྐད་ཅིག་མ་དེར་གཞུང་ལུགས་ཤིག་གི་རྒྱབ་རྟེན་གྱི་དགོས་པ་མེད་པར་སྙམ་ཡང་སྲིད་མོད། འུ་ཅག་ལ་སྙན་གཞུང་འདི་ལྟ་བུ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་སྒོའམ་མ་ལག་ཚང་བ་ཞིག་ཡོང་བ་ཅི་བས་ཀྱང་གཙོ་གལ་ཆེ་བས། བྱ་གཞུང་དབྱངས་བྷས“རང་སོ་སོའི་ཐུན་མིན་ཁྱད་གཤིས་ཇི་ལྟར་རྒྱུན་བསྲིང་རྒྱུ་དང་ཆད་སྟོང་རྣམས་ཇི་ལྟར་ཁ་བསྐང་རྒྱུ་ནི་ད་གཟོད་སྙན་ངག་གཞུང་ལུགས་འཕེལ་རྒྱས་ཀྱི་འགག་རྩའི་གནད་དོན་དེ་ཡིན་ནོ”ཞེས་བཤད་པ་རེད་ལ། ནམ་ཞིག་ང་ཚོའང་ཀློག་པ་པོ་རྐྱང་བ་ཞིག་ནས་རྩོམ་པ་པོ་རྣལ་མ་ཞིག་བྱ་རྒྱུ་དང་། བྱས་ནས་ཀྱང་སྙན་གཞུང་གསར་པ་འདི་ལྟ་བུ་སྟོང་བ་འཛུགས་པ་དང་ཆད་པ་བསྐང་བ། རགས་པ་རྒྱས་པར་ཅི་ནས་ཀྱང་འབད་པར་རིགས་སོ། །
«སྦས་ཡུལ»
རྩོམ་པ་པོ། གཡུ་རྔོག་ཚེ་བཀྲ།
མི་རིགས་དཔེ་སྐྲུན་ཁང་།
མི་རིགས་དཔེ་སྐྲུན་ཁང་།

(རྩོམ་པ་པོ། ཀླད་ཀོར།) རྩོམ་རིག་གི་གཞུང་ལུགས་ཆེ་ཤོས་ནི་གཞུང་ལུགས་མེད་པ་དེ་ཡིན། སྐད་ཆ་འདི་སྦས་ཡུལ་ལ་འཕྲོད་པ་འདྲ། དེའི་ནང་གི་བརྩམས་སྒྲུང་མང་པོ་ཞིག་ལ་གཏམ་རྒྱུད་ངེས་ཅན་མེད་པ་དང་། གཏམ་རྒྱུད་ཆ་ཚང་མེད་པ། ཡང་ན་གཏམ་རྒྱུད་ལ་མཇུག་མ་མེད་པ་དེ་འདྲ་ཡིན་ཡང་། གཏམ་རྒྱུད་ཀྱི་གླེང་སློང་བ་ཁོ་ནས་ཀྱང་གཏམ་རྒྱུད་ཆ་ཚང་དང་ཧྲིལ་པོ་ཞིག་གི་ཚབ་བྱེད་ཐུབ་པར་བྱས་འདུག«སྦས་ཡུལ»ནང་སྦས་ཡུལ་གྱི་རྣམ་པ་ཡང་གསལ་པོར་བྲིས་མེད། མང་ཤོས་སྦས་ཡུལ་ལ་ཆས་པའི་གྲ་སྒྲིག་གི་རྣམ་པའི་ཐོག་ནས་གཏམ་རྒྱུད་མཇུག་རྫོགས། སྦས་ཡུལ་གྱི་མཛེས་ལྗོངས་བཟོ་སྐྲུན་གྱི་ལས་ཀ་དེ་ཀློག་པ་པོ་རྣམས་ལ་སྟེར་འདུག(རྩོམ་རིག་གསར་རྩོམ་ནི་གཞུང་ལུགས་གང་ཞིག་ལག་ལེན་བྱ་རྒྱུ་དེ་མིན་པར། གཞུང་ལུགས་གསར་པ་ཞིག་གི་སྒོ་མོ་འབྱེད་རྒྱུ་དེ་ཡིན)
ང་རང་ནི་རྒྱན་མང་པོ་ཡོད་པའི་རྩོམ་ལ་དགའ་པོ་མེད་མོད། «སྦས་ཡུལ»བཀླགས་པ་བརྒྱུད། སྔར་གྱི་བསམ་ཚུལ་ལ་དེ་བས་འགྱུར་བ་ངེས་ཅན་བྱུང་སོང་། དཔེ་དང་དཔེ་ཅན། དོན་རྒྱན་དང་སྒྲ་རྒྱན་ཐམས་ཅད་བུ་རམ་བཞིན་ལྡད་དགོས་བྱུང་། རྩོམ་ལ་དཔེ་རྒྱན་ཡོད་མི་ཆོག མངོན་བརྗོད་ཡོད་མི་ཆོག ཡུལ་སྐད་ཡོད་མི་ཆོག་སོགས་མི་ཆོག་པའི་ཁྲིམས་མང་ན། མཐར་ཀེང་རུས་དཀར་པོ་ཞིག་ལས་གང་ཡང་ལྷག་མི་སྲིད། དེ་བས་རྩོམ་རིག་གི་ཁྲིམས་ལུགས་ཆེ་ཤོས་ནི་རྩོམ་ཁྲིམས་ཟེར་བ་ཞིག་མེད་པ་དེའོ། །
ནང་དོན་ཡོང་ཁུངས། མི་རྒོད་རྩོམ་རིག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།