logo

འབའ་ཡུལ་རྫོང་རུ་རྟགས་མའི་བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པའི“ཁ་བ་ཅན་གྱི་མེ་ཏོག་ལྔའི”འགྲན་སྡུར་སྤེལ་བ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2024-07-18 ཀློག་གྲངས།:
       མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་། ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གུང་ཐུན་ཏེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་འབའ་ཡུལ་རྫོང་རུ་རྟགས་མའི་བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པའི་བསྐྱར་འགྲན་རིམ་པ་མཇུག་རྫོགས་རྗེས། སྐབས་འདིའི་དམིགས་བསལ་གྱི་འགྲན་སྟངས་ཤིག་གམ་སྐབས་སྔ་མ་དག་དང་མི་འདྲ་བའི་བྱ་དགའ་རྣམ་གྲངས་ཤིག་ཁ་སྣོན་བྱས་ཡོད་དེ། དེ་ནི་ཁ་བ་ཅན་གྱི་མེ་ཏོག་ལྔ་ཞེས་པ་དེ་རེད། ཁ་བ་ཅན་གྱི་མེ་ཏོག་ལྔ་ནི་སྐབས་འདིའི་བསྐྱར་འགྲན་དུ་ཚུད་པའི་གླུ་མ་འགྲན་ཞུགས་པ་དག་ལས་གླུ་མ15ཡིས་འགྲན་སྡུར་བྱས་པ་བརྒྱུད། རྣམ་པར་རྒྱལ་བའི་གླུ་མ5ལ་མེ་ཏོག་སྣ་ལྔའི་མིང་བསྩལ་ཏེ་མིང་བྱང་སྤྲད་པ་རེད། ཆེད་བསྐོས་ཀྱི་ཁ་བ་ཅན་གྱི་མེ་ཏོག་ལྔ་ནི། འགྲན་སྡུར་ཐོབ་སྐར་གྱི་ཨང་རིམ་བཞིན། དང་པོ་སེར་པོ་གསེར་གྱི་མེ་ཏོག གཉིས་པ་དཀར་པོ་དངུལ་གྱི་མེ་ཏོག གསུམ་པ་ཁྲ་བོ་གཟི་ཡི་མེ་ཏོག བཞི་པ་དམར་པོ་བྱུ་རུའི་མེ་ཏོག ལྔ་པ་སྔོན་མོ་གཡུ་ཡི་མེ་ཏོག་བཅས་ལྔ་ཡིན།
       ཁ་བ་ཅན་གྱི་མེ་ཏོག་ལྔའི་འགྲན་རིམ་ནང་དུ། གླུ་མ་སོ་སོས་སྒྲ་སྙན་རྡུང་ལེན་སྒྱུ་རྩལ་ལག་སོར་མོས་རྩལ་གྱིས་སྤྲུགས་ཤིང་། ངག་མགྲིན་པས་ལྷང་ལྷང་དབྱངས་ལ་དྲངས་པར་མ་ཟད། རང་གི་འཇོན་ཐང་གཞན་དག་ཀྱང་གོ་སྐབས་དང་བསྟུན་ནས་ངོམ་པས་ན། འགྲན་ཞུགས་པ་སོ་སོས་རང་རང་ས་ཆའི་དམངས་གཞས་དང་བྲོ་གར། སྒྲུང་གླུ། སྙན་ངག་གྱེར་འདོན། རང་ཉིད་ཀྱིས་གསར་རྩོམ་བྱས་པའི་གླུ་གཞས་སོགས་རང་གི་འཇོན་ཐང་ཡོད་ཚད་རྫོགས་པར་བསྟན་པས། དཔྱད་འདེམ་པ་དང་ལྟད་མོ་བ་དག་གིས་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་། བསྔགས་པའི་ཀི་སྒྲས་བར་སྣང་བཀང་བར་བྱས་ཏེ། སྐྱིད་པའི་དབྱར་ཟླ་འདིར་སྒྲ་སྙན་སྒྱུ་རྩལ་ལ་དགའ་ཞིང་དུང་བའི་མང་ཚོགས་ཀུན་ལ་རྨ་བྱར་འབྲུག་སྒྲ་དགོད་པ་དང་། སྦྲང་ཆར་བསིལ་མའི་ཚུལ་དུ་བབས་པ་ནི། ངེད་སྨྱན་བྱད་ལས་ཁུངས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་དངོས་འབེབས་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་ལས་འགན་ལེགས་སྒྲུབ་མཐར་ཕྱིན་བྱས་པའི་མངོན་རྟགས་ཀྱང་རེད།
སྙན་མོ་གླུ་ཡི་མཆོད་པ།
ལྡེམ་མྱུར་གར་གྱི་སྟངས་སྟབས།
       འབའ་ཡུལ་རྫོང་རུ་རྟགས་མའི་བོད་ཀྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བརྒྱད་པའི་སྟེང་ཁ་བ་ཅན་གྱི་མེ་ཏོག་ལྔ་ལས། སེར་པོ་གསེར་གྱི་མེ་ཏོག་མིང་བྱང་ཐོབ་མཁན་ཕུར་བུ་སྒྲོལ་མ་དང་། དཀར་པོ་དངུལ་གྱི་མེ་ཏོག་གི་མིང་བྱང་ཐོབ་མཁན་བུ་ཁྲིད། ཁྲ་བོ་གཟི་ཡི་མེ་ཏོག་གི་མིང་བྱང་ཐོབ་མཁན་ཕག་མོ་སྐྱིད། དམར་པོ་བྱུ་རུའི་མེ་ཏོག་གི་མིང་བྱང་ཐོབ་མཁན་གདུགས་མོ་སྐྱིད། སྔོན་མོ་གཡུ་ཡི་མེ་ཏོག་གི་མིང་བྱང་ཐོབ་མཁན་འབྲུག་མོ་སྐྱིད་བཅས་རེད།
ཁ་བ་ཅན་གྱི་མེ་ཏོག་ལྔའི་མཉམ་པར།
སེར་པོ་གསེར་གྱི་མེ་ཏོག ཕུར་བུ་སྒྲོལ་མ།
དཀར་པོ་དངུལ་གྱི་མེ་ཏོག བུ་ཁྲིད།
ཁྲ་བོ་གཟི་ཡི་མེ་ཏོག ཕག་མོ་སྐྱིད།
དམར་པོ་བྱུ་རུའི་མེ་ཏོག གདུགས་མོ་སྐྱིད།
སྔོན་མོ་གཡུ་ཡི་མེ་ཏོག འབྲུག་མོ་སྐྱིད།
འབྲེལ་ཡོད་འོས་སྦྱོར།