མཚོ་ལྷོ་ཁུལ་གྱི་ཤུལ་བཞག་རིག་གནས་ཀྱི་གསོལ་སྟོན་ཆེན་མོ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-02-12
ཀློག་གྲངས།:
ཚོན་ལྡན་རླངས་འཁོར་འགྲེམས་སྟོན།

མཚོ་ལྷོ་ཁུལ་གྱིས་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་འོག་རིགས་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་ཡོང་བར་བྱ་རྒྱུ་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ཡོད་ལ། ནུས་ཤུགས་ཡོད་རྒུས་རིགས་སོ་སོའི་འགྲོ་འོང་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད། ཚོན་ལྡན་རླངས་འཁོར་ལ་བརྒྱུད་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་བོད་ཤིང་མོ་སྦྲུལ་ལོའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས།
སྐྱ་མི་རུ་ཁག

སྐྱ་མི་རྣམས་ཀྱི་ལུས་ལ་མཛེས་ཤིང་ཡིད་དུ་འོང་བའི་བོད་ལྭ་གྱོན་པ་དང་བཀྲ་ཤིས་པའི་རྟ་མཆོག་གི་འཚེར་སྐད་དེས་དགའ་སྟོན་གྱི་དུས་ཆེན་ལ་སྙན་འཇེབས་ཀྱི་དབྱངས་རྟ་བསྣན་ཞིང་། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་རྒྱས་ཡོད། ང་ཚོས་རྟ་མཆོག་གི་རྨིག་སྒྲའི་ཀློང་ནས་སྤྲོ་སེམས་འཁོལ་བའི་ངང་གནས་མཆོག་མཚོ་ལྷོའི་མཛེས་སྡུག་གི་འཚོ་བ་དང་མ་འོངས་པའི་བདེ་སྐྱིད་ལ་བསྟོད་གླུ་འབུལ་བཞིན། གནམ་ལོ་གསར་བའི་ལོ་གསར་ལ་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད།
གེ་སར་འཁྲབ་སྟོན་རུ་ཁག

སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁྲོད། གེ་སར་འཁྲབ་སྟོན་རུ་ཁག་ལ་དགའ་འབོད་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་ཆེད། བརྗིད་ཉམས་ལྡན་པའི་དབྱངས་རྟ་དང་དུས་རབས་གསར་པའི་གེ་སར་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་གྱིས་བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་མཚོན་ཡོད་ལ། ལོ་གསར་དུས་ཆེན་གྱི་སྤྲོ་སྣང་དང་སྤོབས་པས་ཁེངས་ཡོད།
མདའ་འཕེན་རུ་ཁག

ཁོ་ཚོས་ལུས་ལ་གྱོན་པའི་རྒྱན་གོས་དེ་ཉི་འོད་འོག་ཏུ་ཚོན་མདངས་རབ་ཏུ་འཚེར་ཤིང་། ལག་ཏུ་ཐོགས་པའི་མདའ་གཞུ་ལ་སྲོལ་རྒྱུན་གྱི་རི་དྭགས་རྔོན་པའི་ཉམས་འགྱུར་ལྡན་པ་དང་། ཁོ་ཚོས་གོམ་སྟབས་རེ་རེ་ལས་ས་མཐོའི་བུ་ལོའི་དཔའ་ཉམས་དང་ཡིད་ཆེས་མངོན་ཡོད་པར་མ་ཟད། བོད་རིགས་མི་དམངས་ཀྱི་བློ་གྲོས་དང་སྙིང་སྟོབས་མཚོན་ཡོད།
བོད་ཀྱི་རྒྱན་གོས་རུ་ཁག

ཨ་མདོའི་རྒྱན་གོས་ནི2013ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་ཡོད་ལ། མཚར་སྡུག་ཡིད་དུ་འོང་བའི་བོད་ཀྱི་རྒྱན་གོས་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རིག་གནས་ཀྱི་རྫོང་མཐུག་པས། ཁོད་ཡངས་པའི་རྩྭ་ཐང་དང་དཔངས་མཐོ་བའི་གངས་རིར་གཟི་བྱིན་བསྩལ་ཡོད། གོས་ཆེན་འབྲུག་མའི་ཤོམ་དང་གཡུ་བྱུར་གཉིས་ཀའི་རྒྱན་སྤྲས་ཏེ། རབ་མཛེས་མཚོ་སྔོན་གནས་མཆོག་མཚོ་ལྷོའི་འཆམ་མཐུན་འབྱོར་ཕྱུག་གི་འཚོ་བ་མངོན་པར་བྱས།
སྒྲ་སྙན་རྡུང་ལེན་རུ་ཁག

སྒྲ་སྙན་རྡུང་ལེན་འདི་ནི་རྒྱལ་ཁབ་རིམ་པའི་བོད་ཀྱི་གནའ་བོའི་རོལ་ཆས་ཞིག་ཡིན་ལ། བོད་ཀྱི་རིག་གནས་ཀྱི་གསོན་ཉམས་ལྡན་པའི་མཚོན་རྟགས་ཤིག་ཀྱང་ཡིན། མཚོ་ལྷོའི་མི་དམངས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་སྒྱུ་རྩལ་གྱི་ནོར་བུ་ཞིག་ཡིན་ལ། ཁོ་ཚོའི་ལག་གི་འོད་མདངས་འཕྲོ་བའི་པི་ཝང་རེ་རེ་ཡིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་སྨོན་འདུན་དེ་མཚོན་ཡོད། ལོ་རྙིང་བསྐྱལ་དེ་ལོ་གསར་བ་བསུ་བའི་རྗོགས་ལྡན་གྱི་སྐབས་འདིར། སྒྲ་སྙན་རྡུང་ལེན་རུ་ཁག་གིས་དབྱངས་རྟ་སྙན་མོའི་ཁྲོད་ནས་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་མཚོན་ཡོད།
རྒྱ་འཆམ་ཤིང་རྐང་རུ་ཁག

ཁྲི་ཀའི་ཤུལ་བཞག་རིག་གནས་ལས་གཡུ་འབྲུག་གི་སེང་འཆམ་གྱིས་ཀྲུང་ཧྭའི་སྲོལ་རྒྱུན་གྱི་དམངས་སྲོལ་རིག་གནས་མཚོན་ཡོད་ལ། འཁྲབ་སྟོན་པ50ཡིས་གྲུབ་པའི་དཔུང་སྡེ་ཡིས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས། ཐེངས་མང་པོར་ཞིང་ཆེན་ནང་ཁུལ་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་ལ་ཞུགས་པ་དང་། ཁོ་ཚོའི་ངོ་མཚར་བའི་འཁྲབ་སྟོན་ལ་ལྟད་མོ་བ་ཀུན་གྱིས་བསྔགས་བརྗོད་དང་དགའ་བསུ་ཚད་མེད་ཐོབ་ཡོད།
དབྱིན་གར་འཁྲབ་སྟོན་རུ་ཁག

མཚོ་ལྷོ་ཁུལ་གྱི་ཡུལ་མི་སྤུན་ཟླ་རྣམས་ཀྱིས་ཀོང་ཏུང་ཁྲའོ་ཧྲན་དབྱིན་གར་གྱི་ཡིད་དབང་འཕྲོག་པའི་སྲོལ་རྒྱུན་སྒྱུ་རྩལ་དེ་ཉམས་སུ་མྱོང་ཆེད། ཁྲི་ཀ་རྫོང་གི་རིག་གནས་ཁང་གི་འཁྲབ་སྟོན་པ་རྣམས་ཀོང་ཏུང་ཞིང་ཆེན་གྱི་ཕུའུ་ཉིན་གྲོང་ཁྱེར་དུ་སོང་ནས། རྒྱང་ཐག་རིང་བའི་ལྷོ་ཕྱོགས་ནས་ཕ་ཡུལ་དུ་ཁྱེར་ཡོང་བ་དང་། འཁྲབ་སྟོན་པ་རྣམས་ཀྱིས་ལུས་ལ་མཛེས་རྒྱན་སྤྲས་ཤིང་། དཔའ་ངར་ལྡན་པའི་རྔ་སྒྲ་དང་བསྟུན་ནས་ཁྲོ་ཧྲན་དབྱིན་གར་འཁྲབ་སྟོན་གྱི་ངོ་མཚར་བསྐྱར་དུ་མངོན་ཡོད།
མཚོ་ལྷོའི་རྒྱ་འཆམ་རུ་ཁག

ཁོ་ཚོའི་འགྲོས་མཉམ་པའི་གོམ་སྟོབས་དང་གདངས་མཉམ་པའི་རྔ་སྒྲ་ཡིས།མཚོ་ལྷོའི་རིགས་སོ་སོའི་མི་དམངས་ལ་ལོ་ཕྱུགས་རྟག་ཏུ་འཕེལ་ཞིང་། ཆར་ཆུ་དུས་སུ་འབབ་པའི་ལོ་སར་གྱི་སྨོན་ཚིག་དང་ཁ་གཡང་སྒྲོག་བཞིན། སྐྱིད་དགའ་སྤྲོ་གསུམ་གྱི་དུས་ཆེན་འདིར་ཁ་དོག་དང་གསོན་ཤུགས་གཞན་ཞིག་བསྣན་ཡོད། ང་ཚོས་དམངས་སྲོལ་ཁྲོད་ནས་ལོ་སར་རོལ། ང་ཚོས་རེ་བའི་ཁྲོད་ནས་འཚོ་བར་སྙེག ང་ཚོས་རྒྱ་འཆམ་ཀློང་ནས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།
མཚོ་ལྷོའི་མཁར་རྔ་རུ་ཁག

མཁར་རྔ་ནི་མིའི་རིགས་ཀྱི་ཆེས་སྔ་བའི་རོལ་ཆས་རིགས་ཤིག་ཡིན་ལ། ལོ་རྒྱུས་རྒྱུན་རིང་ལ་རིག་གནས་ཀྱི་རྨང་མཐུག ནུབ་རྒྱུད་ས་ཁུལ་གྱི་མཁར་རྔ་ནི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རོལ་ཆས་འགངས་ཆེན་ཞིག་ཡིན། ཁོ་ཚོས་རྡུང་བའི་ནམ་མཁའ་བཀང་ཞིང་ས་གཞི་སྐྱོམ་པའི་རྔ་སྒྲ་རེ་རེ་ཡིས་མཚོ་ལྷོའི་མཆོང་བསྐྱོད་ལ་ངར་ཤུགས་དང་དཔའ་གདེང་བསྩལ་སོང་ལ། མཚོ་ལྷོའི་འཕོ་འགྱུར་ལ་ཁ་གཡང་དང་སྨོན་འདུན་ཕུལ་ཡོད།
ཤུལ་བཞག་རིག་གནས་འགྲེམ་སྟོན་རུ་ཁག

མཚོ་ལྷོའི་ཁོད་ཡངས་པའི་ས་གཞིའི་སྟེང་དུ་མཚར་སྡུག་ཡིད་དུ་འོང་བའི་རིག་གནས་སྣ་མང་སྐར་ཚོགས་བཞིན་བཀྲ་ལ། ཡུལ་གྲུ་འདིའི་རྒྱན་དང་སྲོག་ཏུ་གྱུར་ཡོད། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་གི་མིང་ཐོའི་གྲས་སུ་རྣམ་གྲངས8ཚུད་ཡོད་ལ། རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ7བདམས་ཐོན་བྱུང་། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་གྲས་སུ་རྣམ་གྲངས21ཚུད་ཡོད་ལ། ཞིང་ཆེན་རིམ་པའི་རྒྱུད་འཛིན་པ11བདམས་ཐོན་བྱུང་ལ། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་རྣམ་གྲངས49ཚུད་ལ། འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ232ཡོད། རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས229ཡོད་ལ། འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ285ཡོད། གོང་གི་གཞི་གྲངས་འདི་དག་གིས་རིག་གནས་རྒྱུན་འཛིན་དར་སྤེལ་གྱི་སྙིང་སྟོབས་དང་གསོན་ཤུགས་མཚོན་ཡོད།
ཨ་མདོའི་རྩེད་རིག་རུ་ཁག

རྩེད་རིག་ནི་ཡུལ་མདོ་སྨད་ཀྱི་རོང་ཕྱོགས་ན་དར་ཁྱབ་ཧ་ཅང་ཆེ་བའི་གླུ་གར་གྱི་རྣམ་པའི་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་ཡིན་ལ། དེ་ནི་ངལ་རྩོལ་གྱི་ཁོམ་སྐབས་དང་དུས་ཆེན་སོགས་སུ་རྒན་གཞོན་ཕོ་མོ་མེད་པར་འཁྲབ་སྟོན་བྱེད་ལ། མཚོ་ལྷོའི་རྨ་ཡུལ་ཁྲི་ཀའི་སྲང་གཞུག་རྩེད་རིག་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་ཚུད་ཡོད་ལ། འདི་ནི་ང་ཚོའི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཕ་ནོར་རྩ་ཆེན་ཞིག་ཡིན་པས། ལོ་ཟླའི་ཉམས་སད་ཐེག་ཡོད་ལ། དུས་ཀྱི་འཕེལ་འགྱུར་གང་གིས་ཀྱང་མ་ཉམས་པར་ད་ལྟའི་བར་རྒྱུན་འཛིན་དང་སྲུང་སྐྱོང་ཐོབ་ཡོད། འདི་ནི་མེས་པོའི་དབྱངས་རྟ་དང་མར་རྩམ་གྱི་དབྱངས་རྟ་ཡིན་ལ། ཨ་རྩེད་ཡི་འགྱུར་ཁུག་རེ་རེ་ཁྲོད་འཚོ་བའི་སྐྱིད་སྡུག་དང་ངལ་རྩོལ་གྱི་ཉམས་སྣང་འདུས་ཡོད། ཨ་རྩེད་ཡི་གར་སྟབས་རེ་རེ་དབུས་སུ་གནའ་རབས་ཀྱི་བརྗེད་ཐོ་དང་དེང་རབས་ཀྱི་ཉིན་ཐོ་འདུས་ཡོད། འདི་ནི་གནའ་རབས་ཀྱི་རྟོགས་བརྗོད་གསོན་པོ་ཞིག འདི་ནི་དེང་རབས་ཀྱི་གྲུབ་འབྲས་གསར་པ་ཞིག འདི་ནི་ཨ་མདོ་མཚོ་ལྷོའི་རྩེད་རིག་གི་རུ་དཔུང་ཡིན།
འབྲེལ་ཡོད་འོས་སྦྱོར།