logo

བོད་ཤོའི་སྐོར་འདི་དག་ཤེས་སམ།

རྩོམ་པ་པོ།: ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2025-03-03 ཀློག་གྲངས།:
       ཤོ་ནི་བོད་དུ་དར་སྲོལ་ཆེ་བའི་རྩེད་མོའི་རིགས་ཤིག་ཡིན་པ་དང་། གཙོ་བོ་དུས་ཆེན་དང་གུང་སེང་ངམ་ཡང་ན་གཉེན་ཉེ་འདུ་འཛོམས་སྐབས་རྒྱག་མཁན་མང་པོ་ཡོད། རྩེད་མོ་དེ་ངོ་མཚར་ཆེ་ཞིང་ཕན་ཚུན་རིག་པ་སྡུར་བའི་རྩེད་མོ་ཞིག་ཡིན་པ་དང་། རང་ལ་མཁོ་བའི་ཤོ་མིག་དང་མཐུན་པའི་ཤོ་བཤད་གཏོང་སྲོལ་ཡོད།
       ཤོ་རྒྱག་སྐབས་ཤོ་གཉིས་དང་། ཤོ་གདན། ལག་ཁྱི། ཤོ་ཕོར། འགྲོན་བུ་བཅས་དགོས་ཤིང་། དངོས་སུ་རྒྱག་སྐབས་མི་གཉིས་མཉམ་དུ་རྒྱག་པའི་ཉིས་ཤོ་དང་། མི་གསུམ་མཉམ་དུ་རྒྱག་པའི་གསུམ་ཤོ མི་བཞི་ཕྱོགས་གཉིས་སུ་བགོས་ཏེ་མཉམ་དུ་རྒྱག་པའི་བཞི་ཤོ་བཅས་རྩེད་ལུགས་ཁག་གསུམ་ཡོད། སྲོལ་རྒྱུན་ལྟར་ན་ཤོ་མ་བརྒྱབ་གོང་རྟེན་འབྲེལ་མཚོན་བྱེད་དུ་འཛུགས་ཆང་ཞེས་ཤོ་རྒྱག་མཁན་ཡོད་ཚད་ཀྱིས་ཆང་ཞབས་བཏགས་གང་ངམ་གསུམ་སྒྲོན་ཞབས་བཏགས་གང་རུང་རྒྱག་གི་ཡོད། དེ་ནས་སྔ་དྲོ་ཆེ་དང་དགོང་དྲོ་ཆུང་ཞེས་རྩེད་མོ་རྩེ་བའི་དུས་ཚོད་ཞོགས་པ་ཡིན་ཚེ། ལོ་ན་རྒན་པ་དང་ཕྱི་དྲོ་འཁེལ་ཚེ་ལོ་ན་གཞོན་པས་སྔོན་ལ་འགོ་འཛུགས་དགོས། དེ་མིན། ཤོ་མོ་ཤར་དང་བག་མ་ཀླུང་ཞེས་པ་ལྟར་ལག་ཁྱི་ཤར་ནས་ནུབ་བར་གཡས་སྐོར་བརྒྱབ་ནས་གཏོང་དགོས། ཤོ་རྒྱག་སྐབས་ཤོ་པའི་ཕྱོགས་སོ་སོས་གཞན་གྱི་ལག་ཁྱི་གསོད་པ་དང་རང་གི་ལག་ཁྱི་དགུ་པོ་ཅི་ནུས་ཀྱིས་ཟླ་སྒྲིལ་བཏང་སྟེ། འགྲོན་བུ་གཅིག་ཀྱང་མ་ལུས་པར་བགྲངས་ནས་འགྲོ་མགྱོགས་མིན་ལྟ་བའི་འགྲན་བསྡུར་ཞིག་ཡིན་ལ། འགྲོན་བུ་རེ་རེ་གཏོང་བར་ཡང་གཞན་ཕམ་རང་རྒྱལ་གྱི་བསམ་བློའི་ཐབས་ཇུས་འདིང་དགོས། ལག་ཁྱི་དང་པོ་བཙུགས་པ་ནས་མཇུག་བར་མཐར་ཕྱིན་བྱུང་བར་ཤོ་ཐོན་པ་ཞེས་ཤོ་རྒྱལ་བར་བརྩི་ཡི་ཡོད། ཤོ་རྒྱག་སྐབས་ད་དུང་ཤོ་ཕོར་སྐོར་བའི་ལག་པའི་སྟངས་སྟབས་དང་བསྟུན་ནས་ཤོ་མིག་སོ་སོའི་ཐ་སྙད་ཀྱི་སྒྲ་དང་ཡོངས་སུ་མཚུངས་པའམ་ཡང་ན་ཟུར་ཙམ་འདྲ་བའི་འཚོ་བ་དངོས་ཀྱི་བྱ་དངོས་སྣ་ཚོགས་ཟུང་དུ་འབྲེལ་ཏེ་གསར་རྩོམ་བྱས་པའི་ཚིག་དུམ་གོ་བདེ་ལ་དོན་ཟབ་པ། ཚིག་སྙན་ལ་བརྗོད་བྱ་བདེ་བ། ཟུར་ཟ་དང་དགོད་བྲོའི་རྣམ་པས་ཕྱུག་པའི་ཤོ་བཤད་གཏོང་བ་མ་ཟད། བོད་ཀྱི་ཡུལ་གྲུ་གང་དུ་ཕྱིན་ཡང་རྩེད་མོ་དེ་རྩེ་མཁན་ཕལ་ཆེ་བ་སྐྱེས་པ་རེད།
       ཤོ་བཤད་ལ་ཤོ་མིག་གི་སྒོ་ནས་དབྱེ་ན་ཤོ་མིག་རྐྱང་པ་དང་འདྲེས་མའི་ཤོ་བཤད་དང་། དམིགས་ཡུལ་མི་འདྲ་བའི་ངོས་ནས་དབྱེ་ན་ཤོ་ཕོར་ལག་ཏུ་ཁྱེར་ནས་ཁ་མ་ཕྱེ་གོང་སྐྱོར་བའི་རེ་སྨོན་མཚོན་ཆེད་དང་། ཤོ་ཕོར་ཁ་ཕྱེ་སྐབས་རང་ལ་དགོས་པའི་ཤོ་བབས་ཡོད་པ་ཤེས་འཕྲལ་བརྗོད་པའི་སྤྲོ་སེམས་མཚོན་ཆེད། ལ་མ་ཐོན་སྔོན་ནས་ཤོ་སྐོར་དེ་རང་རྒྱལ་སོང་སྙམ་ནས་ངག་ཏུ་འདྲེན་པའི་སྤོབས་སེམས་མཚོན་ཆེད་བཅས་ཁག་གསུམ་དུ་ཕྱེ་ཡོད། གལ་སྲིད་ཤོ་བཤད་ངེས་ཅན་ཞིག་བློར་མེད་ཚེ་མི་སུ་འདྲ་ཞིག་ཡིན་རུང་ཤོ་གྲལ་དུ་ཚུད་དཀའ་བ་མ་ཟད། ཚུད་ཀྱང་ལྐུགས་པས་ལྷ་མཐོང་བའི་དཔེ་བཞིན་མི་གཞན་གྱི་ཁ་ལ་བལྟས་ནས་སྡོད་རྒྱུ་ལས་རྩེད་འཇོའི་སྤྲོ་སྣང་ཡོང་ཐབས་བྲལ་ལོ། །
འབྲེལ་ཡོད་འོས་སྦྱོར།