logo

སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གཡག་ཟེ་དགོན་དུ་ཨ་ཁུ་ཁྲོ་ཐུང་གི་བེར་སྨུག་ཏུ་གྲགས་པ་ཞིག་ཉར་ཚགས་བྱས་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2026-02-25 ཀློག་གྲངས།:
       སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནི་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་དུ་གྲགས་ཤིང་། གླིང་རྗེ་གེ་སར་གྱིས་གཙོས་པའི་དཔའ་རྟུལ་ཕུ་ནུ་སུམ་ཅུ་སོགས་ཀྱི་ངག་རྒྱུན་དང་། དེ་དག་གི་མཛད་རྗེས་མཚོན་པའི་གནའ་ཤུལ་གནའ་རྫས་སོགས་མང་པོ་མཇལ་རྒྱུ་ཐོས་རྒྱུ་ཡོད་ཅིང་། གེ་སར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཡུལ་གྲུ་ཞིག་ཡིན།
       མི་རིང་བའི་གོང་སྨྱུག་འཛིན་པ་གེ་སར་རིག་གནས་སྐོར་གྱི་རྟོག་ཞིབ་བྱེད་སྒོ་ཞིག་ནང་ཞུགས་སྐབས། མ་ཎི་གད་འགོ་གྲོང་རྡལ་དུ་གནས་པའི་གཡག་ཟེ་དགོན་དུ་ཨ་ཁུ་ཁྲོ་ཐུང་གི་བེར་སྨུག་ཕོ་བྲང་གླིང་དགུ་ཞེས་པ་དང་། ཁྲོ་ཐུང་གི་རལ་གྲི། གེ་སར་ཕུ་ནུའི་ཞལ་ཐང་ཆེན་མོ་སོགས་གླིང་རྗེ་བློན་སྐོར་གྱི་རིག་དངོས་རྩ་ཆེན་མཇལ་རྒྱུ་བྱུང་།
       གཡག་ཟེ་དགོན་ནི་སྤྱི་ལོ1682ལོར་ཕྱག་བཏབ་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་སྔ་འགྱུར་རྙིང་མའི་དགོན་སྡེ་ཞིག་ཡིན་ཞིང་། སྡེ་དགེ་རྫོང་ཡིད་ལྷུང་ས་ཕྱོགས་མ་ཎི་གད་འགོ་གྲོང་རྡལ་ཤུག་གུར་གྲོང་ཚོར་ཆགས་པ་དང་། སྡེ་དགེ་རྫོང་ནས་བར་ཐག་ལེ་དབར92ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3770ཡོད་པ་རེད།
       ཨ་ཁུ་ཁྲོ་ཐུང་ནི་གླིང་སྒྲུང་དུ་གསལ་བའི་གླིང་རྗེ་གེ་སར་རྒྱལ་པོའི་ཁུ་བོ་ཡིན་ཞིང་། འདི་ཉིད་ཀྱི་ཕ་ཡབ་དང་མ་ཡུམ་གྱི་ཐད་ན་བཤད་ཚུལ་མི་འདྲ་བ་མཆིས་ཀྱང་། ཡོངས་གྲགས་སུ་སྤྱི་དཔོན་དང་སེང་བློན་གཉིས་ཀྱི་གཅུང་ཡིན་པ་དང་། ཆུང་ངུའི་དུས་མའི་ནུ་མས་མ་སོས་ཏེ་འབྲི་རྒོད་མ་ཁྱི་གསུམ་གྱི་ནུ་མས་གསོས་པ་དང་། དཔའ་སྙིང་སྟོབས་རྩལ་འགྲན་ཟླ་བྲལ་བ་ཞིག་ཡིན་པར་མ་ཟད། མཐུ་དང་རྫུ་འཕྲུལ་ལ་རང་བྱན་ཆུད་པ། ཞང་ལྷ་རྟ་མགྲིན་དམར་པོའི་དངོས་གྲུབ་ཐོབ་པ་ཞིག་ཡོད་པས། སྐུ་ན་གཞོན་པའི་དུས་སྲིན་པོ་ཁེ་ཚེ་རལ་པ་ཆམ་ལ་ཕབ་པ་སོགས་དཔའ་རྟགས་མང་པོ་འཇོག་སྐབས། མ་ཡུམ་གྱིས་བདག་གི་བུ་འདི་རྒོད་ཆེ་བས་ཉིན་ཞིག་སྲོག་ཤོར་བའི་རྐྱེན་དུ་འགྱུར་སྙམ་ནས་དཔའ་ཅུང་ཟད་མར་ཕབ་ཆེད། ཤར་ཁྱུང་ལའི་ཕྱོགས་ཀྱི་བོན་སྔགས་ཤིག་ལ་རེ་བཅོལ་ཞུས་ཏེ་ཝ་སྙིང་དགུ་སྦྱོར་གྱིས་རྫས་བླུད་པའི་མནོལ་གྲིབ་ཀྱིས། དགའ་སྡུག་འགྱུར་བ་སྐྱེན་པ། བྱ་སྤྱོད་ཡ་མ་བརླ། དཔའ་སྙིང་སྡར་མ་ཞུམ། བོད་མིའི་ཁ་རྒྱུན་དུ་ཁྲོ་ཐུང་འདྲ་བ་ཞེས་དཔེ་འཇོག་ས་ཞིག་ལ་གྱུར་ཏེ་སྐབས་འགར་གླིང་དཀར་པོའི་ཕ་ཇུས་དགྲ་ལ་སྤྲོད་མཁན་དང་། མཚམས་རེར་མཐུ་རྫུ་འཕྲུལ་གྱིས་དཔའ་རྟགས་འགྲན་མེད་ངོམ་མཁན་ཞིག་སྟེ། མདོར་ན་ཨ་ཁུ་ཁྲོ་ཐུང་ཁྲོ་མ་ཐུང་ན། གེ་སར་རྒྱལ་པོ་གེ་མི་སར་ཞེས་པའི་ངག་རྒྱུན་ལྟར། གླིང་གེ་སར་གྱི་མཛད་པས་གར་ཁྱབ་ལ་སྟག་རོང་དཔོན་པོ་ཁྲོ་ཐུང་གི་ལོ་རྒྱུས་ཁྱབ་ཡོད་པའི་མི་སྣ་གཙོ་བོ་ཞིག་གོ །
       ཐེངས་འདིའི་གེ་སར་རིག་གནས་རྟོག་ཞིབ་བྱེད་སྒོ་ནི་སྡེ་དགེ་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་དང་། རྫོང་རིག་གནས་ཡུལ་སྐོར་ཅུས། རྫོང་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་སོགས་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བ་ཞིག་ཡིན་ཞིང་། ཉིན་འགའ་ཤས་ཀྱི་རྟོག་ཞིབ་བྱེད་རིང་། བརྟག་ཞིབ་ཚོ་ཆུང་སྡེ་དགེ་རྫོང་གི་མ་ཎི་གད་འགོ་གྲོང་རྡལ་དང་། ཁྲོ་བ་ཤང་། རྫོགས་ཆེན་གྲོང་རྡལ་སོགས་སུ་བསྐྱོད་ནས། གཡག་ཟེ་དགོན་དང་། བཀྲ་ཤིས་ཁྲི་གླིང་། རྫོགས་ཆེན་གཉན་པོ་གསང་བའི་རིག་མཛོད་ཁང་སོགས་ཀྱི་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་གནས་ཚུལ་ཤེས་རྟོགས་བྱས་པ་མ་ཟད། སྡེ་དགེའི་སྒྲུང་པ་གྲགས་ཅན་པདྨ་ཡེ་ཤེས་ལ་འཚམས་འདྲི་ཡང་ཞུས་ཡོད།
འབྲེལ་ཡོད་འོས་སྦྱོར།