logo

༄༅།།དེབ་གསར«སྲིད་ཀྱི་ཆུ་མིག་དཀར་པོའི»སྔོན་འགྲོའི་གཏམ། དཔལ་མོ།

རྩོམ་པ་པོ།:དཔལ་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-04-10 ཀློག་གྲངས།:
སྔོན་འགྲོའི་གཏམ།
 
       དེ་ཡང་སྤྱི་ལོ1998པའི་སྟོན་ཁར། དགེ་བའི་བཤེས་གཉེན་རིན་པོ་ཆེ་མཁས་དབང་དོར་ཞི་མཆོག་གི་སྐུ་མདུན་ལ་ཕྱིན་ཏེ་བཀའ་འདྲི་ཞུ་ཐེངས་ཤིག་ལ། ཁོང་གིས་ཐང་རྒྱལ་རབས་ཀྱི་ཡིག་རྙིང་སོགས་ན་སུམ་པའི་རྒྱལ་རབས་དང་འབྲེལ་བའི་བུད་མེད་ཀྱི་རྒྱལ་ཁབ་ཅེས་པའི་ལོ་རྒྱུས་ཡོད་ཚུལ་རགས་ཙམ་ཞིག་གསུངས་པར་མ་ཟད། དེའི་སྐོར་གྱི་རྒྱུ་ཆ་ཞིག་ཀྱང་བདག་ལ་གནང་། འོན་ཀྱང་། གུས་པ་རང་ཉིད་ནི་ཤེས་རྒྱ་ཆུང་ཞིང་ལེ་ལོ་ཆེ་བའི་ཁར་རྣམ་གཡེང་གི་དབང་དུ་ཚུད་དེ། ཉིད་ཀྱི་ཞལ་གསུང་དེའི་དགོངས་དོན་གང་ཡིན་མ་ངེས་ལ་མནོ་བསམ་ཡང་མ་བཏང་བར་ཡུན་རིང་ལུས་སོང་།
       སྤྱི་ལོ2004པའི་སྤྱི་ཟླ་དང་པོའི་ཚེས་བཞིའི་ཉིན་སློབ་བུ་སྐོར་ཞིག་གི་རོགས་འདེགས་ལ་བརྟེན་ནས“གངས་ཅན་སྐྱེས་མའི་ཚགས་པར”ཞེས་པའི་ཚགས་དེབ་ཅིག་གསར་དུ་བསྐྲུན་ཏེ་སློབ་གྲྭ་དུ་མའི་ནང་དངོས་སུ་བཀྲམས་པ་དང་། སྤྱི་ལོ2014པའི་ས་ག་ཟླ་བའི་ནང་ལ་དགེ་བའི་བཤེས་གཉེན་ཆེན་མོ་དཔའ་རིས་སངས་རྒྱས་མཆོག་གི་སྐུ་དྲུང་དུ་ཕྱིན་ཏེ་སྐྱེས་མའི་ཚགས་པར་དེ་རྒྱུན་བསྐྱངས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་གྱི་ཚུལ་དུ་ཕྱག་བྲིས་ཤིག་གནང་རྒྱུའི་རེ་བ་ཞུས་པ་ན། ཁོང་གིས་གཟའ་འཁོར་གཅིག་གི་རྗེས་ནས་ཕྱག་བྲིས་ལེན་གི་ཤོག་གསུངས་བྱུང་། འོན་ཀྱང་ཉིན་གསུམ་ཙམ་ལས་མ་འགོར་བར་ཁོང་གི་སྲས་མོ་དབང་འཛིན་གྱིས་འདི་ཕ་ལགས་ཀྱིས་ཁྱོད་ལ་དངོས་སུ་སྤྲོད་དགོས་ཟེར་ཞེས་ཡིག་ཤུབས་ཅིག་བདག་ལ་སྤྲད་བྱུང་། ཁོང་གིས་ཕྱག་བྲིས་ཀྱི་ཁ་བྱང་ལ“སྐྱེས་མ་གནམ་ཕྱེད་ཐེགས་པའི་ཀ་བ།”ཞེས་པའི་ཕྱག་རྩོམ་ཞིག་གནང་བའི་ནང་དུ། བོད་མིའི་ཁ་དཔེར། སྨན་སྐྲ་རིང་མ་དང་བློ་ཐུང་མ་ཞེས་བུད་མེད་ཀྱི་ཐོབ་ཐང་དམན་པར་འཛིན་པའི་ལུགས་སྲོལ་དེའི་དགག་ལན་དུ། “སྐྲ་མ་བྲེགས་ན་ལོས་རིང་། །བློ་མ་སྦྱངས་ན་ལོས་ཐུང་། །”ཞེས་མཁས་པའི་གཏམ་རྨད་དུ་བྱུང་བ་དེ་གསུངས། དེ་ལྟར་དགེ་བཤེས་ཁོང་གིས་གུས་པ་བདག་གིས་ལོ་ངོ་བཅུ་གཉིས་རིང་ལ་བསྒྲུབས་པའི“གངས་ཅན་སྐྱེས་མའི་ཚགས་པར”ལ་རྒྱུན་དུ་ཐུགས་ཁུར་བླ་ལྷག་གནང་ཞིང་། ཉིད་ཀྱི་དྲུང་དུ་འགྲོ་ཐེངས་རེ་རེ་དང་ཁོང་ལ་མཇལ་ཐེངས་རེ་རེར་ཚགས་པར་དེའི་རྒྱུན་འཁྱོངས་ཡོད་མེད་འདྲི་ངེས་རེད། ཡང་དགེ་བཤེས་ཁོང་གི་དྲུང་དུ་ཕྱིན་ཏེ་སུམ་ཅུ་པའི་ནང་གི་གནད་དོན་ཞིག་བཀའ་འདྲི་ཞུ་ཐེངས་ཤིག་ལ། ཁོང་གིས་ཐང་རྒྱལ་རབས་ཀྱི་དུས་སྐབས་དང་། དེ་ནས་དུས་རབས་བཅུ་གཅིག་པའི་ནང་ལ་བོད་ཀྱི་ལོ་རྒྱུས་ཐོག་སྐྱེས་མ་འཇོན་ཐང་ཅན་གང་མང་བྱུང་ཡོད་ཚུལ་དཔེ་དུ་མ་བཞག་ནས་གསུང་གླེང་མཛད། དེ་ནས་བཟུང་དགེ་བཤེས་ཁོང་རྣམ་པའི་གསུང་གི་བདུད་རྩི་དེ་བདག་གི་སེམས་ལ་ཡང་ཡང་འཁོར་ཞིང་། རིམ་གྱིས་དེའི་སྐོར་ནས་རྒྱུ་ཆ་གང་ཡོད་ལག་སོན་འབྱུང་བར་མཉམ་འཇོག་དང་བསྡུ་རུབ་བྱས་པ་ཡིན། སྤྱི་ལོ2014པའི་སྟོན་ཁར་སི་ཁྲོན་སློབ་ཆེན་དུ་ཟབ་སྦྱོང་བྱེད་ཡུན་ལ་རྒྱལ་ཁབ་རིམ་པའི་ལས་གཞིའི་སྙན་ཞུ་འདིའི་སྐོར་ནས་རྒྱལ་ཁབ་རིམ་པའི་ལས་གཞི་སྙན་ཞུ་ཕུལ་བ་དང་། དེའི་ཕྱི་ལོར་ཆོག་མཆན་ཐོབ།
       སྤྱི་ལོ2019པའི་དགུན་ཁར། དགེ་བཤེས་དཔའ་རིས་སངས་རྒྱས་མཆོག་གི་སྐུ་མདུན་དུ་ཕྱིན་ཐེངས་དེར་ ཁོང་གིས་ཞལ་བརྡ་ཡུན་རིང་ལ་གནང་ཞིང་། བོད་ལ་སྐྱེས་མའི་ལོ་རྒྱུས་ཀྱི་བསྟན་བཅོས་འཐུས་ཚང་ཞིག་མེད་ཚུལ་གསུངས་པའི་རྗེས་སུ། གློ་བུར་དུ། ངས་ཁྱོད་ལ་བོད་མོའི་ལོ་རྒྱུས་སམ་གནས་ཚུལ་ཞིག་ཕྲིས་ཟེར་བསམ་ཡོད་མོད། ཁྱོད་ཡོང་དུས་བརྗེད་འགྲོ་གི་གསུངས། ཕྲན་གྱིས་དེའི་སྐོར་གྱི་ལས་ཀ་ཞིག་སྒྲུབ་བཞིན་པའི་སྒང་ཡིན་ཚུལ་ཞུས་པ་ན། ཁོང་ཐུགས་རབ་ཏུ་དགྱེས་ཏེ། དེ་ཡག་གི །དེའི་འགོ་བརྗོད་ངས་བྲི་ཆོག་ཅེས་གསུངས་བྱུང་།
       དེ་ལྟར་བཀའ་དྲིན་ཤིན་ཏུ་ཆེ་བའི་དགེ་བའི་བཤེས་གཉེན་ཁོང་རྣམ་པའི་ཐུགས་ཁུར་དང་སྐུལ་ལྕག་ལ་བརྟེན་ནས་ལོ་ངོ་བཅུ་ལྷག་རིང་དཔེ་ཁྲིད་ཀྱི་ཞར་ལ་བོད་ཀྱི་སྐྱེས་མའི་ལོ་རྒྱུས་གནས་ཚུལ་སྐོར་ལ་རང་གི་ནུས་ཚད་ཀྱིས་ཐོག་མར་ལོ་རྒྱུས་ལ་རྩད་གཅོད་དང་རྒྱུ་ཆ་འཚོལ་བསྡུ། དེ་ནས་ལག་སོན་བྱུང་བའི་ཡིག་ཆ་གཏག་སྒྲིག་དང་མི་སྣ་འདེམ་སྒྲུག་བཅས་བྱས་ཏེ་ལས་འདི་ཕྲག་ཏུ་བླངས་པ་ཡིན་ལ། ལྷག་ཏུ་ཉེ་བའི་ལོ་ལྔའི་རིང་ལ་སློབ་ཁྲིད་སོགས་བྱ་བའི་བྲེལ་ཟིང་གི་ཁོང་གསེང་དང་དབྱར་དགུན་གྱི་གུང་གསེང་བེད་སྤྱད་ནས་དེབ་འདི་བྲིས་ཤིང་དཔེ་སྐྲུན་བྱེད་པའི་འཆར་བཀོད་འཐེན་པ་ཡིན་མོད། རྒྱུ་རྐྱེན་དང་དཀའ་ཚེགས་དུ་མ་ཞིག་ལ་འཕྲད་པས་ད་བར་དུ་ལུས་སོང་།
       དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་བཙན་པོ་རིམ་བྱོན་གྱིས་ཁབ་ཏུ་བཞེས་པའི་བཙུན་མོ་ཤིན་ཏུ་མང་པོ་འདུག་པ་བཀའ་ཐང་སྡེ་ལྔ་ལས“གཉའ་ཁྲི་བཙན་པོ་མན་ཆད་ནས༔ སྨད་ཀྱི་སྡེ་གསུམ་ཡན་ཆད་ལ༔ བཙུན་མོ་བདུན་ཅུ་དོན་ལྔ་ཡོད༔ གདུང་རབས་བཞི་བཅུ་ཐམ་པ་ཐལ་ལོ་གསུངས༔”ཞེས་བོད་བཙན་པོའི་དུས་སྐབས་ལ་རྒྱལ་པོ་རིམ་བྱོན་གྱིས་ཁབ་ཏུ་བཙུན་མོ་ཁྱོན་བསྡོམས་པས་བདུན་ཅུ་ལྷག་བསུས་པ་གསལ། འོན་ཀྱང་བོད་ཀྱི་ལོ་རྒྱུས་ཡིག་ཆ་གང་ལ་མཇལ་ནའང་གདུང་རབས་བཞི་བཅུ་ཐམ་པ་གསལ་བོར་འཁོད་ནའང་། བཙུན་མོ་བདུན་ཅུ་ལྟ་ཞོག །མཛད་རྣམ་གསལ་བའི་བཙུན་མོ་བདུན་ཡང་མི་འདུག་པ་ཀུན་གྱིས་མཁྱེན་པ་ཡིན། དེ་བཞིན་དུས་རབས་སོ་སོའི་ནང་སྐྱེས་མ་འཇོན་ཐང་ཅན་ཤིན་ཏུ་མང་པོ་བྱུང་བའི་ཤུལ་རྗེས་ཙམ་འདུག་ནའང་། བཙན་པོའི་གདུང་རབས་རིམ་བྱོན་གྱི་ལོ་རྒྱུས་ནས་ས་ཕག་རིན་གཙང་གི་ལོ་རྒྱུས་བར་བྱུང་བའི་སྐྱེས་མ་དེ་དག་གི་ལོ་རྒྱུས་ཞིབ་ཕྲ་ཅན་ལྟ་ཞོག །ཐ་ན་དཔྱད་གཞི་ཕན་ཐོགས་ཅན་ཞིག་ཀྱང་ཧ་ལམ་ཉིན་མོར་སྐར་མ་བཞིན་རྙེད་དཀའ་བ་དང་། འཁོད་པ་དག་ཀྱང་སྐྱེས་མ་དེ་དག་གི་མིང་ཙམ་ལས་འཁྲུངས་འདས་སོགས་མི་གསལ་བ་དཔེར་ན་གནའ་རབས་ལོ་རྒྱུས་ཀྱི་མི་སྣ་གྲགས་ཅན་བཙན་མོ་སད་མ་ཀར་དང་མོང་བཟའ་ཁྲི་མོ་ལྕམ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་སྤྱན་རས་གཟིགས་སོགས་ལྟ་བུ་དང་། དེ་མིན་ད་དུང་ལྷ་རིན་ཆེན་མཚོ་དང་མྱང་ཚ་དཀར་རྒྱན། སྣང་ས་འོད་འབུམ་སོགས་ལའང་ལོ་རྒྱུས་གནས་ཚུལ་གསལ་བོ་མི་འདུག་པ་ལྟ་བུའོ། །དེ་ནི་ཕ་རྒྱུད་སྤྱི་ཚོགས་ཀྱི་དུས་སྐབས་སུ་ཆོས་ལུགས་གྲུབ་མཐའ་སྤེལ་བ་དང་། སྲིད་དང་འབྱོར་བ་སྒྲུབ་པ། ཐོས་པ་དོན་གཉེར་བྱེད་པ་སོགས་མདོར་ན་སྲིད་འབྱོར་རིག་གསུམ་གྱི་ཁྱབ་ཁོངས་གང་དུའང་སྐྱེས་པ་ལས་སྐྱེས་མ་རྣམས་ཐེ་གཏོགས་བྱེད་པའི་ཁེ་དབང་མེད་པས། སྤྱི་ཚོགས་ལ་དབང་བསྒྱུར་བྱེད་མཁན་སྐྱེས་པ་ཡིན་ལ། ལོ་རྒྱུས་དེབ་ཐེར་མཛད་མཁན་ཡང་སྐྱེས་པ་ཤ་སྟག་ལས་སྐྱེས་མ་གཅིག་ཀྱང་མེད་པའི་རྐྱེན་གྱིས་ཡིན་སྙམ། སྤྱིར་སྐྱེས་མ་ལོ་རྒྱུས་དང་མཛད་རྣམ་ཞིབ་ཏུ་བྲིས་པ་ཧ་ལམ་མེད་ནའང་། ལོ་རྒྱུས་འབྲི་མཁན་རྣམས་གྲུབ་མཐའི་ཕྱོགས་ཞེན་དང་ཕོ་མོའི་ཁྱད་པར་གྱི་དབང་དུ་གྱུར་ཏེ། ཐུགས་ལ་མ་རན་པའི་མི་སྣའི་ལོ་རྒྱུས་གནས་ཚུལ་འཁྱོག་ཏུ་བརྗོད་པ་དཔེར་ན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཙུན་མོ་ཆེན་མ་ཚེ་སྤོང་བཟའ་དམར་རྒྱལ་ལྡོང་སྐར་གྱིས་སློབ་དཔོན་བེེ་རོ་ཙཱ་ན་ལ་ཆགས་ཉམས་བསྟན་ཏེ་འཐམ་འཁྱུད་བྱས་པ་ནས་ལྟོ་ལོང་བཏབ་པས་སློབ་དཔོན་གྱི་མཐུ་དང་སྔགས་ཀྱིས་བཟློག་ནས་དམ་ལ་བཏགས་ཚུལ་དེ་ཉིད་ཞིབ་ཏུ་བྲིས་ཡོད་པ་ལྟ་བུ་རེད།
       དེ་མིན་སྣང་ཚུལ་གཞན་ཞིག་མཐོང་ཐུབ་པ་ནི། དཔེར་ན་བོད་སིལ་བུའི་རྗེས་ཀྱི་དཔལ་ས་སྐྱ་པ་ནས་ཕག་གྲུ་པའི་རིང་ལ་གདུང་རྒྱུད་དཔོན་རབས་ལུ་གུ་རྒྱུད་དུ་བྱོན་པ་ལས། སྐྱེས་ཆེན་དམ་པ་ཉི་ཟླ་ལྟ་བུ་འཁྲུངས་ཤིང་བོད་གངས་ཅན་གྱི་སྲིད་དང་འབྱོར་བ། ཆོས་དང་རིག་གནས་ལ་མཛད་རྗེས་བླ་ན་མེད་པ་འཇོག་གནང་མཛད་ཡོད་པ་མིག་མཐོང་ལག་ཟིན་ཡིན་ལ། སྐྱེས་ཆེན་དེ་དག་སྐུ་འཁྲུངས་པ་ནས་ལེགས་པར་བསྐྱངས་པའི་ཚུལ་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ལྡན་པ་ནི། དགུང་ལོ་བཞི་ལྔ་ཙམ་ནས་བཟུང་ཐོག་མར་བཤེས་གཉེན་གང་མང་བསྟེན་ནས་འབྲི་ཀློག་བསླབས་པ། དེ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་སློབ་གཉེར་མཛད་པ། ཟབ་མོ་ཆོས་ལ་གསན་སྦྱོང་དང་ཉམས་ལེན་མཛད་པ་མཐར་ཕྱིན་ཏེ་མ་འོངས་པར་ལུགས་གཉིས་ཀྱིས་སྡེ་སྲིད་བསྐྱང་རྒྱུའི་རྨང་གཞི་བརྟན་པོ་བཙུགས་རྗེས། བླ་རབས་ཀྱི་གདན་སར་བཀོད་དེ་དམ་པའི་ཆོས་ཀྱི་གོ་འཕང་ལ་མངའ་བརྙེས་པ་མིན་ན། གདུང་རྒྱུད་ཀྱི་སྲིད་ཁྲིར་བཀོད་དེ་རྒྱལ་ཁམས་ལ་དབང་བསྒྱུར་བ། ཡང་ན་ཆོས་སྲིད་ཟུང་གི་སྟེགས་བུར་སེངྒེའི་འགྱིང་སྟབས་སུ་བཞུགས་པ་ཤ་སྟག་ཏུ་གནས། འོན་ཀྱང་། དཔོན་རབས་གདུང་རྒྱུད་དག་གི་རིགས་སུ་འཁྲུངས་པའི་སྲས་མོ་རྣམས་ནི་ལེགས་པར་བསྐྱངས་ཏེ་ཆོས་དང་སྲིད་ཀྱི་གོ་གནས་ཟིན་པའི་སྐལ་ལྡན་མ་གང་ཞིག་བྱུང་བའི་ལོ་རྒྱུས་མཐོང་རེ་སྐན། དེ་ལས་ལྡོག་སྟེ་རིགས་ཀྱི་མྱུ་གུར་འཁྲུངས་པའི་སྲས་མོ་རྣམས་གཉོམ་ལག་མ་རྒྱས་པའི་དུས་ནས་བཟུང་སྟེ་ཆབ་སྲིད་ཀྱི་དོན་དུ་གནས་ལ་བྱིན་ཏེ་དཔོན་མོ་དང་རྒྱལ་མོའི་མིང་ཅན་ཤིན་ཏུ་མང་པོ་འདུག་པ་དང་། གནས་ཡུལ་དུ་སྲིད་དོན་ལ་ནུས་པ་ཆེན་པོ་ཐོན་ཡོད་ནའང་། ལོ་རྒྱུས་དེབ་ཐེར་ཁག་ཏུ་མོ་རང་ཚོའི་མཚན་ཙམ་ཡང་མེད་པ་མང་ཤོས་རེད། དཔེ་བཞག་ན་ཕག་གྲུའི་དཔོན་རབས་བདུན་པ་ཝང་ཀུན་དགའ་ལེགས་པས་རིན་སྤུངས་པའི་ལྕམ་མོ་ཞིག་ཁབ་ཏུ་བཞེས་ཏེ་རིགས་སྲས་འཁྲུངས་པ་དང་། དེའི་རྗེས་ཡབ་ཡུམ་མ་མཐུན་པར་ཕྱོགས་ཁག་གཉིས་སུ་ཆད་ནས་སྡེ་གཟར་ཐེངས་མང་ལངས་པ་ལས་རིན་སྤུངས་པས་ལྕམ་སྲིང་གང་དེ་ལ་བརྟེན་ནས་ཕག་མོ་གྲུ་པའི་སྲིད་དབང་འཕྲོག་ལེན་བྱེད་པར་དམིགས་པ་དང་། ཕག་གྲུའི་སྡེ་སྲིད་ཀྱིས་ཡུམ་ཕྱོགས་འགོག་རྒོལ་བྱེད་པ་སོགས་ཀྱི་ལོ་རྒྱུས་དོན་རྐྱེན་བྱུང་ནའང་། ལྷ་ལྕམ་དེ་དག་གི་མཚན་ཙམ་ཡང་བཀོད་མེད་པ་ལྟ་བུ་རེད། ཡང་དཔེར་ན་ཆོས་རྗེ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་གི་སྐུ་སྲིང་བཟོད་པ་རིང་མོ་ཞུ་བ་ལྟ་བུའི་ཕྲ་ཞིང་ཞིབ་པའི་ལོ་རྒྱུས་གནས་ཚུལ་ལྟ་ཞོག །ཐ་ན་ཉེ་རབས་ལོ་རྒྱུས་སུ་མི་སྣ་དེ་འདྲ་ཞིག་བྱུང་ཡོད་པ་ལའང་ཐེ་ཚོམ་ཟ་ཞིང་ཁས་མི་ལེན་པ་ཡོད་པ་རེད། དེའི་སྟབས་ཀྱིས་རག་ར་སྤྲུལ་སྐུ་ཐུབ་བསྟན་ཆོས་དར་མཆོག་གི་གསུང་དུ།
ས་གསུམ་ཡིད་ཅན་རྨོངས་པའི་མཚོ་ཆེན་ལས།།
སྒྲོལ་ཕྱིར་རིག་པའི་སྐྱ་བ་འདེགས་མཁས་ཤིང་།།
ཀུན་དགའ་སྙན་པའི་རྒྱལ་མཚན་ཕྱོགས་ཀུན་ཏུ།།
སྒྲོལ་མཛད་གངས་ཅན་དེད་དཔོན་མཆོག་དེས་སྐྱོངས།།
ཁྱོད་ཀྱིས་ཕས་རྒོལ་འཕྲོག་བྱེད་དགའ་བོ་དང་།།
རིགས་པའི་གཡུལ་ངོ་སྦྲན་ཚེ་སྐུའི་སྲིང་མོ།།
ཚངས་པའི་སྲས་མོ་ལ་འགྲན་རྩོད་གྲོགས་མ།།
བཟོད་པ་རིང་མོ་ཞེས་བྱ་རྒྱལ་གྱུར་ཅིག།
སྦྱངས་པའི་སྟོབས་ཀྱིས་ཞུམ་པ་དང་བྲལ་ཞིང་།།
གོམས་པས་ཡང་དག་སྨྲ་ལ་གདེངས་ཐོབ་པའི།།
སྨྲ་བའི་དབང་མོས་ཕྱི་རྒོལ་འཇོམས་པའི་གྲོགས།།
མཛད་པའི་གཏམ་ལ་གཟུར་གནས་ཅིའི་ཕྱིར་སྐྱེངས།།
གངས་ཅན་གངས་ཀྱི་རི་བོའི་ཁོར་ཡུག་ཏུ།།
མཁས་དང་གྲུབ་པ་མི་མོའི་གཟུགས་ཅན་མའི།།
སྤྱོད་ཚུལ་རྣམ་པར་བཀྲ་བ་ཆེས་དཀོན་ཡང་།།
རྩྭ་རྩེའི་ཟིལ་བ་ཙམ་ཞིག་འདི་ན་རྙེད།།
       ཅེས་བོད་གངས་ཅན་གྱི་ཡུལ་འདིར་གནའ་དེང་གང་ལའང་སྐྱེས་པ་རྣམས་གཙུག་ཏུ་བཀུར་ཅིང་སྐྱེས་མ་རྣམས་དམའ་སར་འཛིན་པའི་ལུགས་སྲོལ་ལ་ཐུགས་མ་དགྱེས་པ་དང་། དཔལ་ལྡན་ས་སྐྱའི་གདུང་རབས་སོགས་ཉེ་རབས་ལོ་རྒྱུས་གང་དུའང་ཆོས་རྗེ་ས་སྐྱ་པཎ་ཆེན་མཆོག་ལ་དེ་འདྲའི་སྐུ་སྲིང་ངོ་མཚར་ཅན་ཞིག་ཡོད་ཚུལ་ཡེ་ནས་མི་འདུག་པར་ཐུགས་ཤིན་ཏུ་ཕངས་པའི་རྣམ་འགྱུར་མངོན་ཡོད་པ་རེད། དེ་བཞིན་ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་ཀྱང་། བོད་སྔ་མའི་ལོ་རྒྱུས་སྨྲ་བའི་མཁན་པོ་དང་། དེང་རབས་ཅན་གྱི་དུས་འདིར་ལོ་རྒྱུས་སྨྲ་བའི་མཁས་དབང་ཚོའི་ངག་སྒོ་ལས་ཉེ་བར་གྲོལ་བའི་སྐྱེས་མའི་ལོ་རྒྱུས་ཕྱོགས་བསྡུས་ལྟ་ཅི། སྐྱེས་མའི་སྐོར་དང་འབྲེལ་ཡོད་ཀྱི་ཞིབ་འཇུག་དཔྱད་རྩོམ་ཡང་དུས་དེབ་དང་ཚགས་པར་སོགས་ཀྱི་སྟེང་དུ་མཐོང་དཀོན་པའི་ཚུལ་ནི་ཉིན་གྱི་སྐར་མའི་རྗེས་སུ་རྐང་པ་མ་འཇོག་ཙམ་དུ་ཟད་པ་མངོན་སུམ་དུ་གྲུབ་ཅིང་ཞེས་གསུངས་པ་དང་། མ་གྲོང་མི་འགྱུར་རྡོ་རྗེ་ལགས་ཀྱིས། བོད་བཙན་པོ་རིམ་བྱོན་གྱི་རིགས་མཐུན་བཙུན་མོ་རྣམས་ལ་ཆ་མཚོན་ན། དེ་ཚོའི་ཁྲོད་ནས་བཙུན་མོ་མང་པོ་ཞིག་གིས་གངས་ལྗོངས་བཙན་པོའི་ཆབ་སྲིད་ཀྱི་དབུ་རྨོག་བླ་མཐོར་འདེགས་པ་དང་། བོད་མི་རིགས་ཀྱི་རིག་གནས་གསར་གཏོད་དར་ཞིང་རྒྱས་པར་ཐབས་ལམ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས། རང་རང་གི་ལེགས་སྐྱེས་ཕུལ་ཡོད། ཅེས་བརྗོད་པ་ནང་བཞིན་བཙན་པོ་རིམ་བྱོན་གྱིས་ཁབ་ཏུ་བཞེས་པའི་བཙུན་མོ་ཤིན་ཏུ་མང་པོ་འདུག་པ་དེ་དག་གིས་དངོས་ཤུགས་གང་རུང་ནས་སྐབས་ཐོག་དེའི་སྤྱི་ཚོགས་ལོ་རྒྱུས་དང་རིག་གནས་ཐད་གང་ལ་གང་འཚམ་གྱི་མཛད་རྗེས་བཞག་ཡོད་ནའང་། ལོ་རྒྱུས་ཡིག་ཆ་དང་ཆོས་འབྱུང་དེབ་ཐེར་ཁག་ཏུ་བཙུན་མོ་སོ་སོའི་མཚན་ཙམ་ལས་འཁྲུངས་འདས་དང་སྐྱེ་ཁུངས་སོགས་ཅུང་འཐུས་ཚང་ཞིག་འཁོད་ཡོད་པ་ཧ་ལམ་གཅིག་ཀྱང་མི་འདུག  དེར་བརྟེན། བོད་ཀྱི་སྐྱེས་མའི་རིག་གནས་ལོ་རྒྱུས་དང་སྤྱི་ཚོགས་གནས་བབ་ནི་ད་སྔ་སུས་ཀྱང་ཞིབ་ཏུ་མ་སློག་པར་ལུས་པའི་ས་རྒོད་ཅིག་དང་ཅིའི་མི་མཚུངས་སྙམ་ལ། ལོ་རྒྱུས་འཕེལ་རྒྱས་ཀྱི་ངོས་ནས་དང་སྤྱི་ཚོགས་འཕོ་འགྱུར་གྱི་འགྲོས་ལ་བརྟགས་ནས་བཤད་ན། ས་རྒོད་འདི་ནི་སློག་རིན་ལྡན་པ་དང་ཅིས་ཀྱང་སློག་དགོས་པ། སློག་པའི་དུས་ལ་བབས་པར་མ་ཟད། ཕྱི་རབས་པ་རྣམས་ལ་སློག་པའི་འགན་འཁྲི་ཡང་ཡོད་སྙམ། འཛམ་གླིང་གི་སྐྱེས་མ་སྤྱིའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་རང་རེའི་སྐྱེས་མའི་གནས་སྟངས་ལའང་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པ་ནི་རང་རེའི་བོད་ཀྱི་སྤྱི་ཚོགས་ཀྱི་གོ་རྟོགས་སད་པའི་མཚོན་རྟགས་ཡིན་པར་མ་ཟད། སྒོས་སུ་སྐྱེས་མ་རང་ངོས་ནས་སྐྱེས་མའི་འདུ་ཤེས་གྲུབ་སྟངས་ལ་ཤུགས་སྣོན་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་མིའི་རིགས་འཕེལ་རྒྱས་སུ་འགྲོ་བའི་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་ཀྱང་ཡིན་ན། དུས་སྐབས་འདི་དང་བསྟུན་ནས་བོད་ཀྱི་སྐྱེས་མའི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་གནས་བབ། ཆབ་སྲིད་ཀྱི་གོ་གནས། དཔལ་འབྱོར་གྱི་དབང་ཆ། མི་ཡི་ཐོབ་ཐང་སོགས་ལ་རྒྱུས་ལོན་དང་ཉམས་ཞིབ་བྱེད་པ་དང་། སྐྱེས་མའི་རང་རྟོགས་ཀྱི་འདུ་ཤེས་དང་ཁེ་དབང་གི་འདུ་ཤེས་གོང་དུ་འཕེལ་བར་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་དར་རྒྱས་ལ་ཞབས་འདེགས་བསྒྲུབ་པ་དང་མིའི་རིགས་ཀྱི་དཔལ་ཡོན་ལ་སྟོབས་ཤུགས་འདོན་ཐུབ་པ་ཡིན། དེར་བརྟེན། དུས་རབས་གསར་པའི་བབ་དང་བསྟུན་ནས་སྐྱེས་མའི་ཁེ་དབང་དང་བདེ་སྲུང་། སྐྱེས་མའི་རྩ་ཁྲིམས་དང་སློབ་གསོ། སྐྱེས་མའི་འཇོན་ནུས་དང་མདུན་ལམ། སྐྱེས་མའི་ལས་དབང་དང་འཚོ་གནས་གཙིགས་སུ་འཛིན་པ་དེ་སྐྱེས་མ་ཁོ་ནའི་ཆེད་དུ་མ་ཡིན་པར་མི་རིགས་ཤིག་དང་སྤྱི་ཚོགས་ཤིག་གི་འཕེལ་རྒྱས་སྤྱི་ལ་དམིགས་པ་ཡིན་ལ། སྐྱེས་མའི་འཕེལ་རྒྱས་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཡིན་པའང་རྟོགས་ཐུབ་པ་ཡིན།
       སྤྱིར་འཛམ་གླིང་གི་གནས་ཚུལ་ལ་བལྟས་ན། དུས་རབས་བཅུ་དགུ་པའི་སྨད་དང་ཉི་ཤུ་པའི་སྟོད་ནས་བཟུང་སྟེ་ཕྱི་ནང་གི་བསམ་བློ་བ་དང་སློབ་གསོ་བ། སྤྱི་ཚོགས་རིག་པའི་ཐད་ཀྱི་མཁས་དབང་མང་པོས་སྐྱེས་མའི་སྤྱི་ཚོགས་གནས་སྟངས་དང་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་རབ་དང་རིམ་པ་གནང་ཞིང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ནའང་། རང་རེའི་སྤྱི་ཚོགས་སུ་དུས་རབས་ཉེར་གཅིག་པ་ནས་ད་གཟོད་བོད་ཀྱི་སྐྱེས་མའི་གནས་བབ་སྐོར་ལ་དོ་སྣང་བྱེད་མཁན་བྱུང་མགོ་ཚུགས་པ་ཡིན་པས། ད་སྔ་ད་དུང་སྐྱེས་མའི་ཞིབ་འཇུག་གི་གྲུབ་འབྲས་བསྟན་བཅོས་སུ་མཛད་ཡོད་པ་ཤིན་ཏུ་དཀོན་ཏེ། ར་སེ་དཀོན་མཆོག་རྒྱ་མཚོ་མཆོག་གིས་སྤྱི་ལོ2003པར་བརྩམས་གནང་མཛད་པའི«གངས་ལྗོངས་སྐྱེས་མའི་ལོ་རྒྱུས་སྤྱི་བཤད»ཅེས་པ་དང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་བརྟན་བཀྲ་ཤིས་ལགས་ཀྱི«བོད་ཀྱི་ལོ་རྒྱུས་སུ་གྲགས་པའི་མཛངས་མ་བཅུ»(རྒྱ་ཡིག)ཞེས་པ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བདེ་སྐྱིད་སྒྲོལ་མའི«གནས་མཆོག་པདྨ་སྟེ་སྒྲོལ་མ་ལ་མོས་དད་སྐོར་གྱི་དཔྱད་གླེང»(དེབ་གསུམ་པོ་རྒྱ་ཡིག་ཡིན)ཞེས་པ། དེ་མིན་ད་དུང་མཚམས་གཅོད་སྒྲོལ་མས་རྒྱ་ཡིག་གིས་བརྩམས་ཤིང་ཟླ་ཆུང་སོགས་ཀྱིས་བོད་ཡིག་ལ་བསྒྱུར་བའི«བོད་ལྗོངས་བུད་མེད་ཀྱི་སྤྱི་ཚོགས་གནས་བབ་འཕོ་འགྱུར་ཞིབ་འཇུག»ཅེས་པ་སྟེ། ཞིབ་རྩིས་བྱས་ན་ཁྱོན་བསྡོམས་པས་བསྟན་བཅོས་བཅུ་གྲངས་མི་ཟིན་པ་དེ་དག་ལས་གཞན། བླ་རུང་ཨརྱ་ཏཱ་རེའི་དཔེ་ཚོགས་སུ«མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ»དང«མ་གཅིག་ལབ་ཀྱི་སྒྲོན་མ»སོགས་སྐྱེས་ཆེན་མ་དུ་མའི་མཛད་རྣམ་ཁག་ཅིག་ཡོད། འོན་ཀྱང་དེ་དག་ནི་གཙོ་བོ་ཆོས་ལུགས་ཀྱི་མི་སྣ་གྲགས་ཅན་རེ་འགའ་ཞིག་གི་མཛད་རྣམ་རྐྱང་རྐྱང་ཕྱོགས་བསྡུས་མཛད་པ་ཡིན་པ་ལས། བོད་ཀྱི་ལོ་རྒྱུས་སུ་བྱུང་བའི་སྐྱེས་མ་སྤྱི་ཡི་ལས་རིགས་མི་འདྲ་བ་སོ་སོ་དང་འབྲེལ་བའི་རིག་གཞུང་དཔྱད་འབྲས་སུ་མ་གྲུབ་ལ། དུས་ཀྱི་ཆ་ནས་གནའ་ཉེ་དེང་གསུམ་ལ་བྱུང་བ་དང་། ཡུལ་གྱི་ཆ་ནས་མདོ་དབུས་ཁམས་གསུམ་དུ་བྱུང་བའི་སྐྱེས་མའི་ལོ་རྒྱུས་གནས་ཚུལ་སྤྱི་ལ་མ་ཁྱབ་པ། ནང་དོན་གྱི་ཆ་ནས་ཆོས་ལུགས་ཀྱི་མི་སྣ་གཙོ་ཤོས་ཡིན་པ་ལས་རིག་གནས་ལོ་རྒྱུས་དང་། རྩོམ་རིག་སྒྱུ་རྩལ།  འཇིག་རྟེན་ཁྱིམ་སྐྱོང་། བྱམས་བརྩེའི་སློབ་གསོ། ཁེ་ལས་དོན་གཉེར་སོགས་སྤྱི་ཚོགས་ཀྱི་ལས་གནས་ཡོངས་ལ་མ་ཁྱབ་པ། ཡིག་རིགས་ལའང་རང་གི་ཕ་སྐད་ཁོ་ནས་མཛད་པ་ཤིན་ཏུ་དཀོན་པ་སོགས་མདོར་ན་སྲིད་འབྱོར་རིག་གསུམ་དང་ཡུལ་དུས་དོན་གསུམ་ཁེབས་ཤིང་ཅུང་འཐུས་ཚང་བ་དང་ཅུང་ཞིབ་རྒྱས་ཅན་ད་སྔ་ཧ་ལམ་མེད་པ་ནི་སྟོང་ཆ་ཞིག་ཏུ་ཆགས་ཡོད་པར་འདོད།
       བདག་གིས་ལས་ཀ་འདི་སྒྲུབ་པའི་གོ་རིམ་ནང་འཕྲད་པའི་དཀའ་ཁག་ཆེས་ཆེ་ཤོས་གཞན་ཞིག་ནི། གནའ་རབས་དང་ཉེ་རབས་སུ་བྱོན་པའི་སྐྱེས་མ་མཛད་རྣམ་ཅན་གྱི་ལོ་རྒྱུས་ཡིག་ཆ་ཞིབ་ཕྲ་དཀོན་པས་དཔྱད་གཞིའི་རྒྱུ་ཆ་ལག་སོན་འབྱུང་དཀའ་བའི་སྟེང་ལ། དུས་སྐབས་གསར་པའི་ནང་ལ་སྐད་གྲགས་ཆེ་བའི་སྐྱེས་མ་རྣམས་ལས་སྐོར་ཞིག་གྲོངས་ཟིན་པ་དང་། ད་ལྟ་ད་དུང་འཚོ་བཞུགས་ཡོད་པ་ལས་ཁ་ཅིག་གིས་ཁེངས་སྐྱུངས་དང་ཐུགས་ཆུང་བའི་བཀག་རྒྱར་ཚུད་པ་དང་། ཁ་ཅིག་བསམ་བློ་དང་འདུ་ཤེས་རྙིང་པས་བསྡམས་ཏེ་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་བྱ་བའི་གྲུབ་འབྲས་ཕྱིར་སྒྲོག་མི་འདོད་པས་དངོས་བརྒྱུད་གང་རུང་གི་ཐབས་བཀོད་དེ་བཀའ་འདྲི་དང་རེ་བ་ཡང་ཡང་ཞུས་ཀྱང་དང་ལེན་མ་བྱས་པ། དེ་ལས་གཞན་ད་དུང་དབུས་དང་གཙང་ཁུལ་ས་རྒྱ་ཆེ་ཞིང་ལམ་ཐག་རིང་བ། ས་དང་མི་གང་གི་ཕྱོགས་ལའང་ཆ་རྒྱུས་ཞན་པ། སློབ་གྲྭའི་དབྱར་དགུན་གྱི་གུང་གསེང་བེད་སྤྱོད་པ་ཙམ་ལས་དུས་ཚོད་དཀོན་པ་སོགས་རྒྱུ་རྐྱེན་གང་མང་གི་དབང་གིས་གནའ་རབས་ལོ་རྒྱུས་སུ་བྱུང་བ་དཔེར་ན་བོད་ཀྱི་ས་དཔྱད་ལ་མཁས་པ་མི་བཞིའི་ཡ་གྱལ་མ་གཅིག་དཔལ་གྱི་རྡོ་རྗེ་ཞེས་བྱ་བ་ལྟ་བུ་དང་། དེ་མིན་ད་ལྟའི་ལས་རིགས་སོ་སོ་ན་ཁྱད་དུ་འཕགས་པའི་སྐྱེས་མ་འཇོན་ཐང་ཅན་ཤིན་ཏུ་མང་པོ་ཡོད་ཀྱང་། དེབ་འདིའི་ནང་མ་ཚུད་པར་ཆད་ལུས་བྱུང་བ་མང་པོ་ཡོད་པར་གདོན་མི་ཟ་ལ། དེ་ནི་གུས་པ་རང་ཉིད་ལ་མཚོན་ན་ཤིན་ཏུ་ཕངས་པའི་དོན་དུ་གྱུར་འདུག་གོ །
 
ཞེས་རྩོམ་པ་པོས་སྤྱི་ལོ༢༠༢༣པའི་ས་ག་ཟླ་བའི་སྟོད་ལ་བྲིས་པ་དགེའོ། །
འབྲེལ་ཡོད་འོས་སྦྱོར།