རིམས་འགོག་ལ་ཕུལ་བའི་སྨྱུག་རྩལ་གྱི་འོད་སྣང་།

རྩོམ་པ་པོ།:རྫོང་སྔོན་བློ་བཟང་འཇིགས་མེད། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2022-12-01 10:28:32 ཀློག་གྲངས།:
0/10

རྫོང་སྔོན་བློ་བཟང་འཇིགས་མེད། སྨྱུག་མིང་ལ་གངས་རྩེ་སྨྱུག་ཏུ་འབོད། 1984ལོར་རེབ་གོང་རྩེ་ཁོག་གཡུ་རྔོག་སྡེ་བར་སྐྱེས། རྫོང་སྔོན་བཀྲ་ཤིས་ཆོས་རྫོང་གླིང་གི་ཚོགས་གྲལ་དུ་ཞུགས། སུམ་རྟགས་དག་གསུམ་དང་། སྙན་ངག་ཡིག་གཟུགས་སྣ་ཚོགས་ལ་སྦྱངས་པ་བྱས། 2006ལོར«ལང་ཚོའི་ཟུངས་ཁྲག»ཅེས་པའི་སྙན་དེབ་པར་དུ་བསྐྲུན། སྙན་ངག་སྐོར་ཞིག«གངས་རྒྱན་མེ་ཏོག་སྤེལ་ནས་ལོ་འཁོར25ལོན་པའི་དཔེ་ཚོགས»དང་། «བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ཚོགས»སུ་བདམས། «སྦྲང་ཆར»དུས་དེབ་ཀྱི“དམིགས་བསལ་འོས་སྦྱོར”ལེ་ཚན་དུ་སྙན་ངག་ཆེད་བཀོད་བྱས། 2007ལོར་རྒྱལ་ཡོངས་སྐབས་དང་པོའི་གངས་རྒྱན་མེ་ཏོག་རྟགས་མའི་རྩོམ་རིག་བྱ་དགའ་ཐོབ། རེབ་གོང་ཐུན་རིན་ས་ཁུལ་གྱི་ཡིག་གཟུགས་འགྲན་སྡུར་སྟེང་ཨང་དང་པོའི་བྱ་དགའ་ཐོབ། 2021ལོའི་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི“ཐོན་མིའི་ཡིག་རྒྱུན”རྒྱལ་ཡོངས་སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་ཁྲོད་ཨང་གཉིས་པའི་བྱ་དགའ་ཐོབ། རྨ་ལྷོ་ཁུལ་ནང་བསྟན་གླེང་སྟེགས་ཀྱི་སྐབས་བཞི་པའི་ཡིག་གཟུགས་འགྲན་སྡུར་སྟེང་ཨང་གཉིས་པའི་བྱ་དགའ་ཐོབ། ཝང་གཉིས་རྒྱལ་ཡོངས་སྐབས་བཞི་པའི་ཀྲུང་གོའི་ཡིག་རིས་འགྲན་སྡུར་སྟེང་ཨང་གསུམ་པའི་བྱ་དགའ་ཐོབ། རྨ་ལྷོ་ཁུལ་ནང་བསྟན་གླེང་སྟེགས་ཀྱི“མི་རིགས་མཐུན་སྒྲིལ་རྟགས་མའི”ཡིག་གཟུགས་འགྲན་སྡུར་སྐབས་གསུམ་པའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ། རྩེ་ཁོག་རྫོང་རིག་གནས་ཁང་གིས་སྤེལ་བའི་ཡིག་རིས་དང་པར་ལེན་རྡོ་བརྐོས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྟེང་ཡིག་གཟུགས་བྱ་དགའ་ཐོབ། གཞན་ཡང་དགོན་གཞུང་དང་སྡེ་གཞུང་ནས་ཀྱང་ཡིག་གཟུགས་ཐད་བླངས་པའི་གྲུབ་འབྲས་སོགས་ལ་སྐུལ་ལྕག་གི་ཚུལ་དུ་གཟེངས་བསྟོད་དཔང་ཡིག་ཐོབ། «མཚོ་སྔོན་རེབ་གོང» «རེབ་གོང་སྒྱུ་རྩལ་ཞིབ་འཇུག» «ཝང་གཉིས་རྒྱལ་ཡོངས་སྐབས་བཞི་པའི་ཡིག་རིས་བྱ་དགའ་ཐོབ་པའི་བརྩམས་ཆོས་འདེམ་བསྒྲིགས»བཅས་དཔེ་དེབ་གསུམ་གྱི་སྟེང་ཡིག་གཟུགས་བརྩམས་ཆོས་བཀོད། གཞན་ཡིག་གཟུགས་བརྩམས་ཆོས་བདམས་བཀོད་ཁག་དང་པོ་དང་གཉིས་པ་གསུམ་པ་བཅས་སོ་སོར། «ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ» «མཚོ་ལྷོའི་བོད་ཡིག་ཡིག་གཟུགས་འཕྲིན་སྟེགས» «ཁྱུང་ཨ་མྲྀ་ཏའི་ཡིག་གཟུགས་འཕྲིན་སྟེགས》སྟེང་བཀོད། གཞན་ཡང་བརྩམས་ཆོས་ཁག་ཅིག་ལ་ཉར་ཚགས་འཛིན་ཡིག་ཐོབ། རྨ་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་སྲ་སྨྱུག་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། ད་ལྟ་རྫོང་སྔོན་དགོན་པར་ཡིག་གཟུགས་དགེ་རྒན་གྱི་འགན་ཁུར་ནས་མུ་མཐུད་དུ་ཡིག་གཟུགས་སྒྱུ་རྩལ་ལ་ཧུར་བརྩོན་བྱེད་བཞིན་ཡོད། །

འབྲེལ་ཡོད་འོས་སྦྱོར།