པདྨ་ཆོས་སྒྲོན་གྱིས་རྒྱལ་ཡོངས་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས།
2018ལོའི་རྒྱལ་ཡོངས་ཀྱི་འདུར་རྒྱུག་འགྲན་བསྡུར་དང་སྐབས་གསུམ་པའི་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་འགྲན་བསྡུར་ཟླ4ཚེས14ནས་ཚེས15ཉིན་ཅང་ཤིའི་ཞིང་ཆེན་ཧྲང་རའོ་གྲོང་ཁྱེར་དུ་སྤེལ་བ་རེད། ཐེངས་འདིའི་འགྲན་བསྡུར་ཁྲོད་བོད་ལྗོངས་ཀྱིས་བསྡོམས་པའི་ལུས་རྩལ་པ14མངགས་ཡོད་པ་རེད།
སྤྱི་ཚེས14ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་འདུར་རྒྱུག་ལུས་རྩལ་པ་སྐལ་བཟང་ལ་དར་མའི་ཚོགས་ཆུང་གི་སྤྱི་ལེ20ཡི་འགྲན་བསྡུར་ཁྲོད་ཆུ་ཚོད1དང་སྐར་མ28དང་སྐར་ཆ11གི་གྲུབ་འབྲས་ཐོབ་ནས་ཨང་བཞི་པ་བླངས་ཡོད་པ་དང་། ལུས་རྩལ་པ་ཡེ་ཤེས་ཚེ་དབང་ལ་ཆུ་ཚོད1དང་སྐར་མ33དང་སྐར་ཆ11གི་གྲུབ་འབྲས་ཐོབ་ནས་ཨང་བརྒྱད་པ་བླངས་ཡོད་པ་རེད།
ཉིན་དེའི་ཕྱི་དྲོ། བོད་ལྗོངས་ཀྱི་འདུར་རྒྱུག་ལུས་རྩལ་པ་པདྨ་ཆོས་སྒྲོན་ལ་བུད་མེད་ཀྱི་དར་མའི་སྤྱི་ལེ10ཡི་མཇུག་མཐའི་འགྲན་བསྡུར་ཁྲོད་སྐར་མ46དང་སྐར་ཆ40ཡི་གྲུབ་འབྲས་ཐོབ་ནས་ཨང་དང་པོ་བླངས་ཡོད་པ་རེད།