ཐེམ་ཆེན་རྫོང་སེང་གེ་ཞང་གིས་ལུས་རྩལ་འགྲན་སྡུར་སྐབས་གཉིས་པ་སྤེལ།
དེ་ཡང་མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་དོན་འཁྱོལ་བྱེད་ཆེད། ཉེ་ལམ་ཐེམ་ཆེན་རྫོང་སེང་གེ་ཞང་གིས་མི་རིགས་མཐུན་སྒྲིལ་བརྗོད་དོན་ཡིན་པའི་ལུས་རྩལ་འགྲན་སྡུར་སྐབས་གཉིས་པ་སྤེལ།
ཐེངས་འདིའི་ལུས་རྩལ་མགོ་རྩོམ་པའི་མཛད་སྒོའི་སྟེང་དུ། མཚོ་ནུབ་ཁུལ་དང་ཐེམ་ཆེན་རྫོང་གི་འགོ་ཁྲིད་ཁག་ཅིག་ཞུགས་ཏེ་གཏམ་བཤད་དང་ཤིས་ཚིག་ཕུལ་བ་དང་། ཐེམ་ཆེན་རྫོང་ལྷ་མཚོའི་འབྱུང་ཡུལ་གླུ་གར་ཚོགས་པས་གླུ་དང་རྡུང་ལེན། ཁ་ཤགས། ཞབས་བྲོ་སོགས་ཕུན་སུམ་ཚོགས་པའི་རིག་རྩལ་སྣ་ཚོགས་འཁྲབ་སྟོན་བྱས།
ཐེངས་འདིའི་ལུས་རྩལ་བྱ་འགུལ་ལ་སེང་གེ་ཞང་གི་རུ་ཁག་བཞི་ནས་ཡོང་བའི་འབྲོག་དམངས་ཆིག་སྟོང་ལྷག་ཞུགས་ཡོད་ལ། ལུས་རྩལ་གྱི་རྣམ་གྲངས་ལ་རྟ་རྒྱུགས་དང་། ཐག་འཐེན། རྐང་རྒྱུགས། ལ་གཞས་འགྲན་སྡུར་སོགས་སྲོལ་རྒྱུན་གྱི་ལུས་རྩལ་བྱ་འགུལ་མང་པོ་ཞིག་ཡོད་པ་དང་། འབྲོག་དམངས་རྣམས་ཀྱིས་བྱ་འགུལ་འདི་བརྒྱུད་ནས་དགའ་བའི་ཉམས་དང་སྐྱིད་པའི་འཛུམ་གྱིས་བདེ་སྐྱིད་ཀྱི་འཚོ་བ་དེ་མཚོན་པར་བྱས།
ཐེངས་འདིའི་བྱ་འགུལ་གྱིས་མི་རིགས་མཐུན་སྒྲིལ་སྔོན་ཐོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་འབྲོག་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ་ཞིག་ཏུ་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏང་།