༄༅།།མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་དམངས་ཡོངས་ལུས་སྦྱོང་སྐོར་བྲོ་འགྲན་བསྡུར་ཟི་ལིང་དུ་བསྡུས་པ།
རྩོམ་པ་པོ།:བསམ་འཕེལ་ནོར་བུ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2020-08-12
ཀློག་གྲངས།:
མདོ་འཛིན་པ།
སྤྱི་ཟླ8པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་དམངས་ཡོངས་ལུས་སྦྱོང་སྐོར་བྲོ་འགྲན་བསྡུར་གནའ་མཁར་ཟི་ལིང་དུ་གཟབ་རྒྱས་ངང་སྤེལ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་སྐལ་བཟང་ཚེ་རིང་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ལུས་རྩལ་མཛུབ་སྟོན་ལྟེ་གནས་ཀྱི་ཀྲུའུ་རིན་ཝང་ཧྥུའུ་ཧོང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པའམ་མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་ཀྲུའུ་ཞིའི་སྟེགས་བུར་བཞུགས་པ་དང་། མཚོ་སྔོན་ཞིང་ཆེན་ཞབས་བྲོ་བའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་བཙུན་ཐར་དང་། མཚོ་སྔོན་ཞིང་ཆེན་ཞབས་བྲོ་བའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་གི་ཞིབ་འཇུག་པ་གཞོན་པ་ཏོ་ཧོང་སོགས་ཞབས་བྲོ་སྒྱུ་རྩལ་གྱི་ཆེད་མཁས་སྐོར་ཞིག་གདན་ཞུ་ལྟར་ཐེངས་འདིའི་འགྲན་བསྡུར་གྱི་ཡུལ་དངོས་སུ་ཕེབས་ཏེ་དཔྱད་འདེམས་པའི་འགན་ཁུར་ཡོད།
སྐོར་བྲོ་འགྲན་བསྡུར་གྱི་ཡུལ་དངོས།
མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་སྐལ་བཟང་ཚེ་རིང་གིས་འགྲན་བསྡུར་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།ཐེངས་འདིའི་སྐོར་བྲོ་འགྲན་བསྡུར་ལ་གངས་རྒྱན་མེ་ཏོག་སྐོར་བྲོ་རུ་ཁག་དང་སྐལ་བཟང་མེ་ཏོག་སྐོར་བྲོ་རི་ཁག སྟོང་རུའི་བུ་མོ་རྩེད་རིག་སྒྱུ་རྩལ་ཚོགས་པ། གྲོ་ཚང་གངས་རི་སེང་སྨད་དམངས་ཁྲོད་སྒྱུ་རྩལ་ཚོགས་པ། སྐུ་འབུམ་ཙོང་ལ་རིང་མོ་རྒོད་ཕྲུག་ཚོགས་པ་སོགས་ཞབས་བྲོ་རི་ཁག15ཞུགས་ཡོད་ཅིང་། མེས་པོ་རྣམས་ཀྱི་ཤེས་རབ་དང་བློ་གྲོས་ཀྱི་འགྱུར་ཁུགས་མ་ཉམས་པའི་གནའ་བོའི་དབྱངས་རྟ་སྙན་མོ་རེ་རེ་དང་།དཔའ་མཛངས་དང་རྟུལ་ཕོད་ཀྱི་རྒོད་པོའི་སྟངས་སྟབས་མ་འགྱུར་བའི་ལུས་ཀྱི་མཉམ་འགྱུར་རེ་རེ་ཡིས་ཡུལ་དངོས་ཀྱི་ལྟད་མོ་བའི་ཡིད་སེམས་དབང་མེད་བཀུག་ཏེ། དགའ་བསུའི་ཐལ་མོ་ཡང་ཡང་རྡེབ།
སྐོར་བྲོ་འགྲན་བསྡུར་གྱི་ཡུལ་དངོས།
སྐོར་བྲོ་ནི་བོད་རིགས་མང་ཚོགས་ཀྱིས་ཆེས་དགའ་མོས་བྱེད་པའི་དམངས་ཁྲོད་ཀྱི་ཞབས་བྲོའི་རྣམ་པ་ཞིག་ཡིན་ལ། དེ་ལ“སྒོར་བྲོ”ཞེས་འབོད་སྲོལ་ཡང་ཡོད། སྐོར་བྲོའི་རིག་གནས་འདི་གནའ་ནས་ད་ལྟའི་བར་འཛིན་སྐྱོང་སྤེལ་གསུམ་བྱས་མཐར། ཡུལ་ལུང་གི་གོམས་འདྲིས་དང་དུས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྐོར་བྲོ་འདྲ་མིན་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་དེ། ཨ་མདོའི་ཡུལ་དུ་གནའ་བོའི་རྫོང་རུ་སྐོར་བྲོ་དང་། རྟ་ཐང་སྐོར་བྲོ། ཙན་དན་ཁྲོ་ལོ། སྒྲ་ལ་སེང་སྐད། ད་དགའ་ཏ་ལེ། ཨ་འགྲོ་སོ་ལོ་ལོ། ཁ་བ་གངས་ཀྱི་མེ་ཏོག་བཅས་དང་། སྟོད་ན་ནག་ཆུ་དང་ལྷ་སའི་སྐོར་བྲོ། བར་ན་ཆབ་མདོ་དང་ཁམས་ཡུལ་སྐོར་བྲོ། སྨད་ན་བླ་བྲང་དང་འཇང་གི་སྐོར་བྲོ་སོགས་གང་མང་ཡོད།ད་ལྟའི་དུས་འདིར་སྐོར་བྲོ་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཆེ་བར་མ་ཟད། ནང་ལོག་གི་གྲོང་ཁྱེར་ཆེ་གྲས་ཁག་ཏུ་ཡང་དར་རྒྱས་ཆེ་རུ་ཕྱིན་ཡོད་པས། ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། འདི་ལྟ་བུའི་དམངས་ཡོངས་ཀྱི་སྐོར་བྲོ་འགྲན་བསྡུར་སྤེལ་བ་ནི་སྲོལ་རྒྱུན་གྱི་བྲོ་གར་རིག་གནས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་བྱེད་ཐབས་ཤིག་ཡིན་པར་མ་ཟད། ཚན་རིག་དང་མཐུན་པའི་ལུས་སྦྱོང་བྱེད་སྟངས་ཤིག་ཀྱང་རེད།
ད་ལོའི་སྐོར་བྲོ་འགྲན་བསྡུར་དེ་སྐབས་སྔོན་མ་དག་དང་བསྡུར་ན་འགྲན་ཞུགས་རུ་ཁག་གི་དཔུང་སྡེ་དང་། དཔྱད་འདེམས་པའི་དཔུང་ཁག གཙོ་སྒྲུབ་ལས་ཁུངས་ཀྱི་རྩ་འཛུགས་སོགས་ཕྱོགས་གང་ཅིའི་ཐད་ནས་འཐུས་སྒོ་ཚང་ལ་ཚད་ལྡན་ཡིན་པའི་དགེ་མཚན་ལྡན་ཡོད།
འབྲེལ་ཡོད་འོས་སྦྱོར།