logo

༄༅།།མཚོ་སྔོན་པོ་ཞང་གི་རོང་འབྲོག་མི་དམངས་ཀྱི་ལུས་རྩལ་འགྲན་ཚོགས་དང་མདའ་འཕེན་གདན་ཞུའི་འགྲན་སྡུར་སྐབས་དང་པོ་སྤེལ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2020-09-18 ཀློག་གྲངས།:
མགོ་རྩོམ་མཛད་སྒོའི་ཡུལ་དངོས།
སྐོར་བྲོ་འཁྲབ་བཞིན་པ།
གདན་ཞུས་མདའ་རྩེད་པ།
འབེན་དང་མདའི་མཐོ་དམའ་འཇལ་བ།
ཐག་འཐེན།
ས་སྒྱེ་འགྱོག་པ།
ཉེ་ལམ། མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་པོ་ཞང་དང་མདའ་བཞི་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་འགན་སྒྲུབ་གནང་བ་དང་། མཐོན་པོ་སྡེ་བ་དང་མདའ་བཞི་བུ་རྒོད་སྡེ། མདའ་བཞི་རི་ཕྱུག་སྡེ་བ། མདའ་བཞི་བདེ་སྐྱིད་སྡེ་བ། ཐོ་ལུ་སྡེ་བ་བཅས་ཀྱིས་རོགས་སྒྲུབ་གནང་བའི་མདའ་བཞི་རྫོང་གི་རྩྭ་ཐང་དགྱེས་འཛོམས་ཆེན་མོའི་རིམ་སྤེལ་བྱ་འགུལ་ལས་མཚོ་སྔོན་པོ་ཞང་གི་རོང་འབྲོག་མི་དམངས་ཀྱི་ལུས་རྩལ་འགྲན་ཚོགས་དང་མདའ་འཕེན་གདན་ཞུའི་འགྲན་སྡུར་སྐབས་དང་བོ་དེ་མཛེས་སྡུག་ལྡན་པའི་གསེར་དངུལ་རྩྭ་ཐང་དུ་མགོ་བརྩམས་ལ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ་བཅས་དང་དེ་བཞིན་མཚོ་བྱང་ཁུལ་ནས་ཡོང་བའི་མདའ་འཕེན་རུ་ཁག14གདན་ཞུས་ལྟར་དུ་ཐེངས་འདིའི་འགྲན་སྡུར་ནང་ཞུགས་པ་རེད།
ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་རྣམས་གསེར་དངུལ་རྩྭ་ཐང་གི་མདའ་རྩེད་ར་བར་འཛོམས་ནས། ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཤིང་། རོང་འབྲོག་པའི་འཚོ་བ་གསར་བའི་བདེ་སྐྱིད་དང་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་ཡོད།
ཁྱིམ་མི་ཚང་མས་ཆེ་རྒན་པ་དང་ཆུང་བྱིས་པ་ཐམས་ཅད་ཁྲིད་ནས་དགའ་དགའ་སྤྲོ་སྤྲོའི་ངང་མཛེས་སྡུག་ལྡན་པའི་གསེར་དངུལ་རྩྭ་ཐང་དུ་བསྐྱོད་ལ། དགའ་སྤྲོའི་ཡོ་ལང་རྣམ་པར་རྒྱས་པའི་སྐད་ཅིག་དེ་ཉིད་ལ་གསེར་དངུལ་རྩྭ་ཐང་ནི་གླུ་གར་གྱི་རྒྱ་མཚོ་ཞིག་ཏུ་གྱུར།
མཚོ་སྔོན་པོ་ཞང་གི་འབྲོག་པ་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས“རོང་འབྲོག་མི་དམངས་ཀྱི་ལུས་རྩལ་འགྲན་ཚོགས་ཐོག་གི་རྟ་རྒྱུག་དང་མདའ་འཕེན་སོགས་ནི་ང་ཚོས་ཧ་ཅང་དགའ་བོ་བྱེད་པའི་རྣམ་གྲངས་ཤིག་ཡིན་ལ། བྱ་འགུལ་དེའི་རིགས་སྤེལ་ན་དུས་ཆེན་གྱི་སྤྲོ་སེམས་ཆེས་ཆེར་འཕེལ་ནས་མི་དེ་བས་མང་བོ་ཞིག་བྱ་འགུལ་ནང་དུ་ཞུགས་པ་རེད་ཅེས་བཤད།
མདའ་འཕེན་ར་བར་མཚོ་སྔོན་ཞིང་ཆེན་ལས་བྱེད་རྒན་པའི་མདའ་འཕེན་རུ་ཁག་དང་། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་མི་རིགས་དམངས་ཁྲོད་མདའ་འཕེན་རུ་ཁག མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་རྨ་ཙོང་མདའ་འཕེན་རུ་ཁག འཇུ་ལག་རྫོང་མདའ་འཕེན་རུ་ཁག མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཏུང་ཞང་ཁ་མདའ་འཕེན་རུ་ཁག མཚོ་ཤར་གྲོང་ཁྱེར་མདའ་འཕེན་རུ་ཁག གཞོང་ཐང་ཆུས་ལས་བྱེད་རྒན་པའི་མདའ་འཕེན་རུ་ཁག དམར་གཙང་པཱ་ཀྲིག་ལུན་ཁའོ་མདའ་འཕེན་རུ་ཁག ཧོར་གྲོང་རྫོང་མདའ་འཕེན་རུ་ཁག དཔའ་ལུང་རྫོང་རྒན་པའི་མདའ་འཕེན་རུ་ཁག མཚོ་ཤར་གྲོང་ཁྱེར་བྱ་རྒོད་མདའ་འཕེན་རུ་ཁག མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཆུས་ཕའེ་ལིག་ཀུག་མདའ་འཕེན་རུ་ཁག དཔའ་ལུང་རྫོང་ནང་སྟོད་མདའ་འཕེན་རུ་ཁག མདའ་བཞི་རྫོང་མདའ་འཕེན་རུ་ཁག་བཅས་རུ་ཁག14ཡིས་ཛ་དྲག་གི་འགྲན་སྡུར་བྱས་མཐར་མཚོ་ཤར་དམར་གཙང་པཱ་ཀྲིག་ལུན་ཁའོ་མདའ་འཕེན་རུ་ཁག་དང་ཞིང་ཆེན་ལས་བྱེད་རྒན་པའི་མདའ་འཕེན་རུ་ཁག ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་མི་རིགས་དམངས་ཁྲོད་མདའ་འཕེན་རུ་ཁག་བཅས་ལ་ཐུན་མོང་གི་ཚོགས་པའི་ཨང་དང་བོ་དང་གཉིས་པ། གསུམ་པ་བཅས་ཐོབ་པ་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་རྣམ་གྲངས་ལ་མི་རིགས་རྣམ་པའི་སྦེ་ག་འགྲན་སྡུར་དང་གླང་ཆེན་ས་གཤགས། ས་སྒྱེ་འགྱོག་པ། སྦྲ་གུར་ཕུབ་པ། ཐག་འཐེན། ལྒང་རྩེད་འགྲན་སྡུར་སོགས་རྣམ་གྲངས་ཆེ་བ་དགུ་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།