མང་རྫོང་གིས་བཙིར་འགྱིག་སློབ་རྭར་སྤེལ་བ།
རྩོམ་པ་པོ།:
ཡོང་ཁུངས།:ཀོས་ནན་རྫོང་རིག་རྩལ་རྒྱང་སྒྲོག་ཅུའུ།
དུས་ཚོད།:2022-04-24
ཀློག་གྲངས།:
སྤྱིར་འགྱིག་ནི་མི་དམངས་མང་ཚོགས་ཀྱིས་གནའ་སྔ་མོའི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་བསམ་མནོའི་ནུས་རྩལ་ལ་བརྟེན་ནས་གསར་སྐྲུན་བྱས་པ་ཡིན་ལ། ལྷག་པར་དུ་དུས་ཡུན་རིང་བོའི་དམག་འཁྲུག་གི་རྒྱལ་ཕམ་དང་། སྤྱི་ཚོགས་འཕེལ་འགྱུར་གྱི་གོ་རིམ་སོགས་བརྒྱུད་ནས་འཐུས་ཚང་དུ་གྱུར་པ་ཞིག་ཡིན་པས་འགྱིག་ལ་རྣམ་གྲངས་ཧ་ཅང་མང་། དེ་བཞིན་བོད་འགྱིག་ལ་མཚོན་ནའང་རྒྱལ་འགྱིག་དང་། བཙིར་འགྱིག དགུ་འགྱིག བདུན་འགྱིག དྲུག་འགྱིག འགྱིག་བོའུ་རྒྱག འགྱིག་ཏ་ལེན། འབངས་གྱེན་ལོག་གི་འགྱིག་སོགས་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འགྱིག་སྣ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རེད།
ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་དངོས་པོ་མ་ཡིན་པའི་ཤུལ་གཞག་རིག་གནས་ལས་ཞིང་ཆེན་རིམ་པའི་བོད་འགྱིག་བརྒྱུད་འཛིན་པའམ་མང་རྫོང་མི་རིགས་འགྱིག་པ་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཟླ་བ་ཐར་གྱིས་མང་རྫོང་མི་རིགས་སློབ་འབྲིང་དུ་བོད་འགྱིག་ཟབ་སྦྱོང་འཛིན་གྲྭ་ཐེངས་འགར་བསྡུས་པ་རེད།
འགྱིག་པ་ཟླ་བ་ཐར་ནི་མཚོ་ལྷོའི་མང་རྫོང་དུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་འགྱིག་ལ་དགའ་ཞིང་སྔ་རྗེས་སུ་ཞིང་ཆེན་རིམ་པའི་འགྲན་སྡུར་སྣ་ཚོགས་སུ་ཞུགས་ནས་བྱ་དགའ་མང་པོ་བླངས་པ་དང་། ཁུལ་དང་རྫོང་རིམ་པའི་བོད་འགྱིག་གསོ་སྦྱོང་འཛིན་གྲྭ་མང་པོའི་མཛུབ་སྟོན་དགེ་རྒན་གྱི་འགན་བཞེས་མྱོང་བ་མ་ཟད། མང་རྫོང་མི་རིགས་འགྱིག་པ་མཐུན་ཚོགས་བཙུགས་ཏེ་མཚན་འཛིན་ཚོགས་གཙོའི་འགན་ཁུར་བ་དང་། ཚོགས་གཙོའི་འགན་ཁུར་བའི་རིང་ལ་མང་རྫོང་དུ་ཞིང་ཆེན་རིམ་པའི་འགྲན་སྡུར་མང་དུ་བསྡུས་ཏེ། བཙིར་འགྱིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་བྱས་རྗེས་མི་དམན་པ་བཞག་ཡོད།
ཁོང་གིས་མང་རྫོང་མི་རིགས་སློབ་འབྲིང་གི་ཞིང་སྡེ་གཞོན་ནུ་ཕོ་བྲང་གི་བོད་འགྱིག་དགའ་ཕྱོགས་འཛིན་གྲྭའི་སློབ་མ་རྣམས་ལ། བོད་འགྱིག་སྤྱིའི་བྱུང་བ་དང་དེའི་ཁྱད་ཆོས། བྱེད་བྲག་ཏུ་བཙིར་འགྱིག་གི་རྣམ་གྲངས་དང་དེ་དག་གི་འདེད་སྟངས་ལ་སོགས་པ་ངོ་སྤྲོད་བྱས་པར་མ་ཟད། བཙིར་འགྱིག་ལས་མཚོ་ལྷོའི་མང་རྫོང་གི་རོང་འབྲོག་ས་ཁུལ་ཏུ་དར་ཁྱབ་ཆེ་བའི་ལྔ་འགྱིག་གི་འགྱིག་རིས་གྲུབ་སྟངས་དང་འདེད་སྟངས་ངོ་སྤྲོད་བྱས་པ་རེད།
བཙིར་འགྱིག་ལ་དགུ་འགྱིག་གི་བཙིར་འགྱིག་དང༌། བདུན་འགྱིག་གི་བཙིར་འགྱིག ལྔ་འགྱིག་གི་བཙིར་འགྱིག་གསུམ་དུ་དབྱེ། དེང་སྐབས་དམངས་ཁྲོད་དུ་ཁྱབ་རྒྱ་ཆེ་བ་ནི་ལྔ་འགྱིག་གི་བཙིར་འགྱིག་ཡིན་ཞིང་དགུ་འགྱིག་གི་བཙིར་འགྱིག་དང་། བདུན་འགྱིག་གི་བཙིར་འགྱིག་ནི་ཆེས་ཉུང་ཤོས་ཡིན། རྒྱུ་མཚན་ནི་དེ་གསུམ་གྱི་འདེད་སྟངས་འདྲའང་། དགུ་འགྱིག་དང་བདུན་འགྱིག་གི་བཙིར་འགྱིག་ལ་མཚོན་ན་འགྱིག་རྡེའུ་འཇོག་སའི་གནས་མང་བ་དང་། དེད་ན་འདེད་ཡུན་རིང་བས་དུས་ཡུན་ཐུང་ཐུང་གི་ནང་དུ་འགྱིག་བ་ཕན་ཚུན་བར་རྒྱལ་ཕམ་གྱི་དབྱེ་བ་འབྱེད་དཀའ། དེ་ལྟར་དུས་ཚོད་སོགས་འགོར་འགྱངས་བཟོས་ན་རང་གིས་སྒྲུབ་དགོས་པའི་བྱ་བར་བར་ཆད་འབྱུང་བར་དོགས་ནས། དགུ་འགྱིག་གི་བཙིར་འགྱིག་ནི་ས་ཆ་མང་ཆེ་བ་ནས་འདེད་རྒྱུན་ཉམས་རྒུད་དུ་འགྱུར་བཞིན་ཡོད། །ལྔ་འགྱིག་གི་བཙིར་འགྱིག་ནི་དེ་ལས་ལྡོག་སྟེ་འགྱིག་རྡེའུ་འཇོག་སའི་གནས་ཉུང་ཞིང་། འདེད་པའི་དུས་ཡུན་ཐུང་ལ། རྒྱལ་ཕམ་གྱི་དབྱེ་བ་འབྱེད་སླ་བས་འགྱིག་བ་རྣམས་ཀྱིས་ཁོམ་སྐབས་ཙམ་ཡོད་ན་འགྱིག་དེ་འདེད་པར་བྱེད། ཁ་དཔེར། འགྱིག་འདེད་ན་གཉིས་དང་གསུམ་འདེད། གཉིས་ཕམ་ན་གཞན་ལ་རྡེའུ་སྤྲོད། ཟེར་བའི་དཔེ་བཞིན་འདེད་པའི་སྲོལ་ད་བར་དུ་རྒྱུན་འཇགས་སུ་གནས་ཡོད་དོ། །
འབྲེལ་ཡོད་འོས་སྦྱོར།