logo

༄༅། །མཚོ་ལྷོ་ཁུལ་གྱིས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པའི་བྱ་བར་གོ་རིམ་ལྡན་པའི་ངང་གྲ་སྒྲིག་བྱེད་བཞིན་ཡོད།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར། དུས་ཚོད།:2022-06-29 ཀློག་གྲངས།:
        ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་བཞི་བ་ལེགས་པར་སྒྲུབ་པ་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྱང་ཚད་མཐོན་པོའི་སྒོ་ནས་མཐོང་ཆེན་བྱས་ཏེ། འགྲན་ཚོགས་ཀྱི་བྱ་བའི་བརྒྱུད་རིམ་མཐའ་དག་ལ་སྔ་མོ་ནས་ལས་བགོས་གསལ་བོ་བྱེད་པ་དང་འགན་འཁྲི་ནན་གྱིས་སྐུལ་བ། ལག་ལེན་ཞིབ་ཚགས་བཅས་ཡོང་བ་ལ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
        ཤེས་གསལ་ལྟར་ན། ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པའི་བརྗོད་བྱ་གཙོ་བོ་ནི། “སྣོད་བཅུད་དཔལ་གྱིས་འབར་བའི་མཚོ་སྔོན་གྱིས། །ཞིང་ཆེན་ལུས་ཚོགས་ཟོལ་མེད་འཛུམ་གྱིས་བསུ། །མ་འོངས་བདེ་ཐང་ཕྱོགས་སུ་སྨོན་པ་འདེགས། །”ཞེས་པ་དེ་ཡིན་པ་དང་། ཚོགས་ར་གཙོ་བོ་ནི་ཁྲི་ཀ་རྫོང་དུ་བཙུགས་ཡོད་པ་དང་ཡན་ལག་ཚོགས་ར་དེ་གུང་ཧོ་དང་ཀོས་ནན། ཐུན་ཏེ། ཞིན་ཧེ་རྫོང་བཅས་སུ་ཡོ་བཙུགས་ཡོད་ལ། རང་ཁུལ་གྱིས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེ་བ16དང་རྣམ་གྲངས་ཆུང་བ39གཏན་འཁེལ་བྱས་ཤིང་། ད་དུང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་གྱི་འགྲན་བསྡུར་ཁག17བཅས་ཡོད་པ་རེད། ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོ་དེ་ཟླ8ཚེས6ཉིན་ཁྲི་ཀ་རྫོང་དམངས་ཡོངས་ལུས་སྦྱོང་ལྟེ་གནས་སུ་མགོ་བརྩམས་ཏེ། ཚེས15ཉིན་ཁྲི་ཀ་རྫོང་དམངས་ཡོངས་ལུས་སྦྱོང་ལྟེ་གནས་ཀྱི་ལག་རྩལ་སྤོ་ལོ་ཚོམས་ཁང་དུ་མཇུག་སྒྲིལ་བའི་མཛད་སྒོ་སྤེལ་རྒྱུ་རེད།
        2022ལོ་ནི་མཚོ་ལྷོ་ཁུལ་གྱིས་གཏན་འཁེལ་བྱས་པའི“དམངས་ཡོངས་ཀྱི་ལུས་རྩལ་རྩལ་སྦྱོང་གི་ལོ”ཞིག་ཡིན་པ་དང་། ལོ་ཧྲིལ་བོར་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་གཞི་ཁྱོན་ཅུང་ཆེ་བའི་ལུས་རྩལ་འགྲན་བསྡུར་དང་ཁུལ་ཡོངས་ཀྱི་ལུས་རྩལ་འགྲན་བསྡུར་ཆེ་ཆུང་ཁྱོན་སྡོམ་པས60ལྷག་ཙམ་སྤེལ་ཡོད་ཅིང་། ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་སྐབས་བཞི་བ་ནི་རང་ཁུལ་གྱི“དམངས་ཡོངས་ཀྱི་ལུས་རྩལ་རྩལ་སྦྱོང་གི་ལོ”ཡི་དུས་སྐབས་གལ་ཆེན་ཞིག་ཡིན་པ་མ་ཟད། 2022ལོའི་ལུས་རྩལ་འགྲན་བསྡུར་རྣམ་གྲངས་ཁྲོད་ཀྱི་གལ་འགངས་ཆེ་བ་ཞིག་ཀྱང་ཡིན་པས་ཁུལ་ཡོངས་ཀྱི་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་པ་རེད།
        ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་སྒོ་ནས་སྐབས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་ལེགས་པར་སྤེལ་ཆེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཐོག་ཏུ་ཁུལ་དང་རྫོང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཞིབ་ཕྲར་ངང་སྐུལ་འདེད་བྱེད་པའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་གྲ་སྒྲིག་ཨུ་ལྷན་ཡོན་ལྷན་ཁང་བཙུགས་ནས། གྲ་སྒྲིག་ལས་དོན་གྱི་ཇུས་གཞི་བཟོས་ཏེ་ངོ་འཕྲད་ཚོགས་འདུ་དང་མཉམ་འབྲེལ་ཚོགས་འདུ། མཐུན་སྦྱོར་ཚོགས་འདུ་བཅས་ཐེངས་མང་འཚོགས་ནས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱིས་འགན་ལེན་བྱས་པ་རེད། ཁུལ་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་ལས་ཁུངས་ཁག་དང་མཉམ་འབྲེལ་བྱས་ནས་ཞིང་ཆེན་ལུས་རྩལ་ཅུའུ་དང་། དེ་བཞིན་ཞིང་ཆེན་རིམ་པའི་རྣམ་གྲངས་རྐྱང་པའི་ལུས་རྩལ་མཐུན་ཚོགས་ཁག་གི་འགན་འཁུར་བ་རང་ཁུལ་ཏུ་ཡོང་སྟེ་འགྲན་བསྡུར་འགན་ལེན་དང་འགྲན་ར་སྲུང་སྐྱོང་། བཟའ་སྡོད་སྣེ་ལེན་བཅས་ཀྱི་ནུས་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་ཐེངས་མང་བྱས་པ་དང་། དེ་མིན་ཡུལ་དངོས་སུ་གནད་དོན་ལྡོག་འདྲེན་བྱེད་པ་དང་འཕྲལ་དུ་དག་ཐེར་དོན་འཁྱོལ་བྱས་པ། རྣམ་གྲངས་རྐྱང་པའི་འགྲན་བསྡུར་ཡུལ་དངོས་དང་འགྲན་རའི་རྩ་བའི་ཆ་རྐྱེན། གྲ་སྒྲིག་ལས་དོན་ཁག་བཅས་ལ་སྐུད་འདེད་གནང་བ་རེད།
        སྤུས་ཚད་དང་བདེ་འཇགས་འགན་ལེན་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་རང་ཁུལ་གྱིས་ལས་ཡུན་དང་མྱུར་ཚད་དམ་འཛིན་གྱིས་འགྲན་ར་ཚད་ལེན་ཚོད་ལྟ་དང་། དེ་བཞིན་འབྲེལ་ཡོད་གྲ་སྒྲིག་ལས་དོན་གྱི་གནོན་ཤུགས་ཚོད་ལྟའི་ལས་དོན་ཏན་ཏིག་ངང་སྤེལ་ནས། གནད་དོན་ཤེས་རྟོགས་བྱུང་རྗེས་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད་ལ། རིམས་ནད་ཀྱི་ཤུགས་རྐྱེན་སེལ་ཐབས་ཞིབ་ཚགས་ཀྱིས་སྒྲུབ་ནས་རྣམ་གྲངས་རྐྱང་བའི་འགྲན་བསྡུར་ཁང་གི་ཉམས་གསོའི་སྒྱུར་བཀོད་ལས་གྲྭའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ། ཁྲི་ཀ་རྫོང་དམངས་ཡོངས་ལུས་སྦྱོང་ལྟེ་གནས་ཀྱི་ལུས་རྩལ་ཐང་གི་འཛུགས་སྐྲུན་དང་ཧུའེ་ཡོན་ལམ་གྱི་ལས་གཞི་འཛུགས་སྐྲུན། གུང་ཧོ་རྫོང་གི་དམངས་ཡོངས་ལུས་སྦྱོང་ལྟེ་གནས་དང་རྐང་རྩེད་སྤོ་ལོ་ར་བ། བདེ་སྐྱིད་ཐང་གི་མདའ་འཕེན་ར་བ་སོགས་ཀྱི་ཉམས་གསོ་ལས་དོན་འགྲུབ་ལ་ཡོད་པ་དང་། རྣམ་གྲངས་རྐྱང་བའི་འགྲན་བསྡུར་མ་བྱས་གོང་དུ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ་དུས་ལྟར་བེད་སྤྱོད་ཐུབ་པར་འགན་ལེན་བྱས་པ་རེད། མིག་སྔར་རང་ཁུལ་གྱིས་འགན་སྒྲུབ་གནང་བའི་འགྲན་བསྡུར་བྱ་ཡུལ་གྱི་གནད་དོན་ཚང་མ་ཐག་གཅོད་བྱས་པ་དང་གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།