logo

ད་ལོའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ཟླ7ཚེས6ཉིན་ནས་འགོ་རྩོམ་རྒྱུ་རེད།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2024-06-07 ཀློག་གྲངས།:
       ཟླ6པའི་ཚེས6ཉིན་འཚོགས་པའི་སྐབས་ཉེར་གསུམ་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་ཉེར་གསུམ་པའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ2024ལོའི་ཟླ7པའི་ཚེས6ཉིན་མཚོ་སྔོན་ཟི་ལིང་གྲོང་ཁྱེར་དུ་འགོ་རྩོམ་རྒྱུ་དང་། ཚེས7ཉིན་ནས་ཚེས14ཉིན་བར་འགྲན་བསྡུར་བྱ་རྒྱུ། ཚེས14ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་རྫོང་དུ་མཇུག་བསྡུ་རྒྱུ་འཆར་རེད།
       ཐེངས་འདིའི་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་ཞིག་རེད། ཐེངས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་དེ་ཁྱོན་ཉིན8ལ་སྤེལ་རྒྱུ་དང་། འགྲན་བསྡུར་ལམ་དུམ8བཙུགས་ཡོད། འགྲན་བསྡུར་དེ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བཅས་བརྒྱུད་ཡོད་པ་དང་། འགྲན་བསྡུར་གྱི་སྤྱིའི་ལམ་ཐག་སྤྱི་ལེ1214དང་། འགྲན་བསྡུར་གྱི་བར་ཐག་སྤྱི་ལེ1152 གཟི་བརྗིད་འགྲན་བསྡུར་གྱི་བར་ཐག་སྤྱི་ལེ12དང་། འགྲན་ཡུལ་བརྗེ་བའི་བར་ཐག་སྤྱི་ལེ50བཅས་ཡིན་པ་རེད། སྐབས་དེར་འཛམ་གླིང་གི་གླིང་ཆེན་བཞིའི་རྒྱལ་ཁབ13ནས་ཡོང་བའི་རུ་ཁག22དང་། ལུས་རྩལ་པ154འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དེའི་ནང་འཛམ་གླིང་རུ་ཁག2དང་། ལས་རིགས་རུ་ཁག5། གླིང་ཆེན་བར་གྱི་རུ་ཁག15བཅས་ཡོད་པ་རེད།
       འགྲན་བསྡུར་ལམ་ཐིག་དེ་ཟི་ལིང་ཧའེ་ཧུའུ་འདམ་རའི་སྤྱི་གླིང་དང་ཧུའུ་ཀྲུའུ་བྱང་རིའི་ནགས་ཚལ་སྤྱི་གླིང་། ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ། “མདེལ་གཉིས་སྐར་གཅིག”གི་གསར་བརྗེའི་སློབ་གསོའི་རྟེན་གཞི། ཨ་མྱེས་སྟོང་སོའི་མཛེས་ལྗོངས་ཁུལ་སོགས་བརྒྱུད་ནས་རང་བྱུང་ཡུལ་ལྗོངས་དང་མི་ཆོས་རིག་གནས་མངོན་པ་བརྒྱུད་མཚོ་སྔོན་གྱིས་རྒྱལ་སྤྱིའི་འབྱུང་ཁམས་ཡུལ་སྐོར་བྱ་ཡུལ་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་པའི་དམིགས་བསལ་ཁྱད་ཆོས་གང་ལེགས་མངོན་རྒྱུ་རེད།
       ཐེངས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱིས“སྤུས་རྟགས་འགྲན་བསྡུར་གྱིས་ཆེད་དོན་བྱ་སྤྱོད་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་པར”བརྟེན་ནས་འགྲན་བསྡུར་དེ“མཛེས་ལྗོངས་ཁུལ་དང་ཁྲོམ་གཞུང་ཁུལ། ཚོང་ར་ཁུལ”བཅས་སུ་སྐྱོད་པར་སྐུལ་འདེད་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱི“འགྲན་བསྡུར་དང་མཉམ་དུ་ཡུལ་སྐོར་བྱེད་པའི”སྤྲོ་སེམས་འཕེལ་བར་བྱེད་པ་དང་། ལུས་རྩལ་འགྲན་བསྡུར་དང་འབྱུང་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས། རིག་གནས་ཡུལ་སྐོར། ཉོ་ཚོང་འཁོར་རྒྱུག་སོགས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གསར་པ་ཧུར་ཐག་གིས་བསྐྲུན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།