མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་རྒྱལ་ཁའི་ངང་མཇུག་སྒྲིལ་བ།
རྩོམ་པ་པོ།:ཚེ་རིང་ལྷ་མོ།
ཡོང་ཁུངས།:རྨ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2025-08-28
ཀློག་གྲངས།:
ཟླ8པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་རྒྱལ་ཁའི་ངང་མཇུག་སྒྲིལ། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནམ་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ལུས་རྩལ་འགྲན་ཚོགས་མཇུག་བསྒྲིལ་པ་ཁྱབ་སྒྲོག་བྱས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲུན་ཅེ་ཝའེ་ཚོགས་འདུར་ཞུགས།

ཕྱི་དྲོའི་ཆུ་ཚོད15དུས་སུ། ཐུན་རིན་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ཁང་དུ་གླུ་གར་འཁྲབ་སྟོན་གྱི་སྤྲོ་དགས་ཁེངས་ཡོད། རང་ཞིང་གི་ས་གནས་སོ་སོ་ནས་ཡོང་བའི་མི་རིགས་ལུས་རྩལ་པ་དང་རྩལ་ཁྲིད་པ། སྐུ་མགྲོན་རྣམས་ལྷན་གཅིག་ཏུ་འཛོམས་ཡོད། མཇུག་སྒྲིལ་མཛད་སྒོའི་ཐོག«མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུས་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པར་ཞུགས་པའི་འཐུས་ཚབ་ཚོགས་པའི་ལུས་རྩལ་ཀུན་སྤྱོད་དར་སྲོལ་དཔང་རྟགས་ཐོབ་པའི་མིང་ཐོ»སྒྲོག་འདོན་བྱས་པར་མ་ཟད་གཟེངས་རྟགས་ཀྱང་བསྩལ།

ས་གནས་ཁག་གིས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་དང་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་ཕྱོགས་བསྡུས་དཔྱད་དཔོག་བྱས་པ། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོངས་ཀྱིས་གྲོས་ཞིབ་ལ་གྲོས་འཆམ་བྱུང་བ་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་བགོས་མགོ་ཁྲིད་ལ་ཡར་ཞུ་བྱས་ཤིང་མོས་མཐུན་བྱུང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ2029ལོར་ཟི་ལིང་གྲོང་ཁྱེར་དུ་འཚོག་རྒྱུར་ཐག་བཅད། མཇུག་སྒྲིལ་མཛད་སྒོའི་སྟེང་། ཧྲིན་ཀྲང་གཞོན་པ་ཁྲུན་ཅེ་ཝའེ་ཡིས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དགུ་པའི་འགན་སྒྲུབ་ས་ཁུལ་ཏེ་ཟི་ལིང་གྲོང་ཁྱེར་གྱི་འཐུས་ཚབ་པར་ཚོགས་དར་སྤྲད།

ལུས་རྩལ་འགྲན་ཚོགས་ཀྱི་སྐབས་སུ། འཐུས་ཚབ་ཚོགས་པ་སོ་སོ་དང་མི་རིགས་ཁག་གི་ལུས་རྩལ་པ་རྣམས་རྨ་ལྷོ་རུ་མཉམ་གཅིག་ཏུ་འཛོམས་ཏེ། གར་གྱི་ཉམས་འགྱུར་དང་དཔའ་རྩལ་ངོམས་ཞིང་། ཕན་ཚུན་འབྲེལ་འདྲིས་ཁྲོད་ནས་མཛའ་བརྩེ་བསྐྱེད་པ་དང་སློབ་སྦྱོང་མིག་ལྟོས་བྱེད་པ། རང་ཉིད་ལ་འགྲན་སློང་བྱེད་པ། རིགས་སོ་སོའི་མི་དམངས་ཀྱི་རིག་གནས་ཕུན་སུམ་ཚོགས་པ་དང་མི་རིགས་ལུས་རྩལ་གྱི་འགུགས་ཤུགས་ཕྱིར་མངོན་པ། རིགས་སོ་སོའི་ལུས་རྩལ་པ་རྣམས་ཀྱི་མཐུན་སྒྲིལ་འབད་འབུངས་ཀྱི་སྟོབས་ཤུགས་ཕྱིར་མངོན་པ། རིགས་སོ་སོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་བློ་སེམས་རྩེ་གཅིག་གིས་ཀྲུང་གོའི་ཕུགས་འདུན་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་ཆོད་སེམས་བརྟན་པོ་མཚོན།

མཇུག་སྒྲིལ་མཛད་སྒོ་དེ་ཉམས་འགྱུར་སྟངས་སྟབས་ཕུན་སུམ་ཚོགས་པ་དང་སྙན་མོ་གླུ་སྒྲའི་ཁྲོད་བདེ་བླག་ངང་མཇུག་སྒྲིལ།
འབྲེལ་ཡོད་འོས་སྦྱོར།