མཚོ་ལྷོ་ཁུལ་ལུང་གཡང་རུ་ཁག་གིས་ཐོག་མའི་རྐང་གྲུག་འགྲན་བསྡུར་ལ་རྒྱལ་ཁ་བླངས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2026-05-19
ཀློག་གྲངས།:
ཟླ5པའི་ཚེས16ཉིན། རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་ཅེས་པའི་རྩེ་རིམ་འགྲན་བསྡུར་སྐབས་གསུམ་པ་ལས་མཚོ་ལྷོའི་རུ་ཁག་གི་འགྲན་བསྡུར་ཐོག་མ་སྤེལ་ཞིང་། མཚོ་ལྷོ་ཁུལ་ལུང་གཡང་རུ་ཁག་གིས་རྨ་ལྷོ་ཁུལ་གྱི་འགྲན་རར་རེབ་གོང་སྒྱུ་རྩལ་རུ་ཁག་ལ་འགྲན་བསྡུར་བྱས་པ་དང་། རུ་མི་ཚོའི་ཕན་ཚུན་བར་གྱི་གཞོགས་འདེགས་དང་འབད་བརྩོན་ལས་ལུང་གཡང་རུ་ཁག་གིས2བསྡུར1གྱི་སྐར་འབྲས་བཟང་བོ་བླངས།

ཐེངས་འདིའི་འགྲན་བསྡུར་དེ་རྨ་ལྷོ་ཁུལ་ལུས་རྩལ་ར་བར་སྤྲོ་སྐྱིད་ལྡན་པའི་སྒོ་ནས་སྤེལ་མགོ་བརྩམས་ཤིང་། འགྲན་བསྡུར་སྔོན་དུ་རྨ་ལྷོའི་ཡུལ་གྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་ཏེ་ཚོགས་ར་ཡོངས་ལ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་པར་བྱས། འགྲན་བསྡུར་མགོ་བརྩམས་རྗེས། ཕྱོགས་གཉིས་ཀྱི་རུ་མི་ཡོངས་ཀྱིས་ཛ་དྲག་གི་འགྲན་རིམ་ལས་ཕན་ཚུན་གྱི་བཀག་ཁུལ་ལ་རྒོལ་བར་བྱས་ཤིང་། འགྲན་སྟོད་དུ་རྨ་ལྷོ་ཁུལ་རེབ་གོང་སྒྱུ་རྩལ་རུ་ཁག་གིས་སྤོ་ལོ་གཅིག་བརྫངས་ནས་གནས་སྐབས་སུ་རྒྱལ་ཁ་བླངས།

འགྲན་སྨད་དུ་ལུང་གཡང་རུ་ཁག་གིས་བརྟན་སྲུང་རྒོལ་ལན་སྤྲད་པ་དང་། གཡས་གཡོན་དང་དཀྱིལ་ལམ་གྱི་རྒོལ་ལམ་ཟུང་འབྲེལ་བྱས་ཏེ། རྒྱལ་ཁ་ཐོབ་པའི་གོ་སྐབས་མང་པོ་བརྩོན་ལེན་བྱས། མཐར་རུ་མི་ཚོས་ཞུམ་མེད་ཀྱི་སྤོབས་པར་བརྟེན་ནས་མཚོ་ལྷོ་ཁུལ་ལུང་གཡང་རུ་ཁག་གི་རུ་མི་རྡོ་རྗེ་ཚེ་རིང་དང་པདྨ་ཚེ་བརྟན་གཉིས་ཀྱིས་སྔ་གཞུག་ཏུ་སྤོ་ལོ་རེ་རེ་བརྫངས་ཏེ། འགྲན་སྟོད་དུ་རེ་ཞིག་རྗེས་སུ་ལུས་པ་ནས་འགྲན་སྨད་དུ་སྔོན་ལ་བུད་དེ། ཐེངས་འདིའི་འགྲན་བསྡུར་ལས་ཐོག་མའི་རྒྱལ་ཁ་བླངས།

སྐབས་འདིའི་མཚོ་སྔོན་གྱི་རྩེ་རིམ་རྐང་གྲུག་འགྲན་བསྡུར་དེ་ཟླ5པ་ནས་མགོ་བརྩམས་ཏེ་ཟླ9པའི་ཟླ་དཀྱིལ་བར་མུ་མཐུད་དུ་སྤེལ་རྒྱུ་རེད།

འགྲན་བསྡུར་སྔོན་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དོན་གྲུབ་ཀྱིས་རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་འགྲོ་རོགས་འོག རྨ་ལྷོ་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་འགྲེམས་ཁུལ་དུ་གཟིགས་སྐོར་གནང་བར་མ་ཟད། ཕྱོགས་གཉིས་ཀྱི་རུ་མི་ཡོངས་ལ་འཚམས་འདྲི་ཡང་གནང་བ་རེད།
པར་གྱི་ཡོང་ཁུངས། རྨ་ལྷོ་སྨྱན་སྦྱོར།
འབྲེལ་ཡོད་འོས་སྦྱོར།
