logo

མཐོ་སྒང་རྐང་གྲུག་འགྲན་བསྡུར་གྱིས་མགོ་ལོག་མཉམ་འདྲེས་འཕེལ་རྒྱས་སྐུལ།

རྩོམ་པ་པོ།:མགོ་ལོག་སྨྱན་སྦྱོར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2026-05-26 ཀློག་གྲངས།:
       ཟླ5བའི་ཚེས23ཉིན། སྐབས་གསུམ་པའི་རབ་མཛེས་མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་མཉམ་འགྲན་ལས་མགོ་ལོག་འགྲན་རའི་རྐང་གྲུག་འགྲན་བསྡུར་མགོ་ལོག་ཁུལ་གེ་སར་ལུས་རྩལ་ར་བ་ནས་ཚོགས་མགོ་བརྩམས་ལ། ཐེངས་འདིའི་འགྲན་ཞུགས་རྐང་གྲུག་རུ་ཁག་ནི་མགོ་ལོག་ཁུལ་གེ་སར་རུ་ཁག་དང་མཚོ་ནུབ་ཁུལ་ཚྭ་འདམ་རུ་ཁག་གཉིས་ཡིན། ཐེངས་འདིའི་འགྲན་བསྡུར་ཁྲོད་ཡུལ་མགོ་ལོག་གི་སྣ་མང་སྐྱེ་ཁམས་ཐོན་ཁུངས་དང་མི་རིགས་རིག་གནས་ཀྱི་ཉིང་ཁུ་སྲོག་ཤིང་བྱས་ཤིང་། རྐང་གྲུག་གི་འབྲེལ་ཟམ་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར། ཞིང་ཕྱུགས། ཚོང་དོན། ཁམས་གསོ་བཅས་ལས་རིགས་སྣ་མང་ཟུང་འབྲེལ་བྱས་ཏེ་ཁུལ་ཡོངས་ཀྱི་ཐོན་ལས་སྣ་དྲུག་གཏིབ་ཟབ་མཉམ་འདྲེས་དང་མཉམ་སྐུལ་འཕེལ་རྒྱས་བཏང་སྟེ་ས་གནས་སྤུས་མཐོ་འཕེལ་རྒྱས་ལ་ཕན་ནུས་གང་ལེགས་བསྐྲུན།
       མགོ་རྩོམ་མཛད་སྒོའི་ཡུལ་དངོས་སུ་དར་ཆ་སྣ་ཚོགས་རླུང་གིས་བསྐྱོད་ཅིང་བྲེལ་ཟིང་དང་སྤྲོ་སྣང་། རེ་ལྟོས་དང་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། མི་སེམས་ལ་གཡོ་སྐྱོམ་སྟེར་བའི་རོལ་དབྱངས་དང་འགྲོགས་ནས་རྒྱལ་དར་སྲུང་སྐྱེལ་རུ་དཔུང་དང་ཤན་འབྱེད་རུ་དཔུང་། འགྲན་ཞུགས་ལུས་རྩལ་པའི་རུ་དཔུང་། གེ་སར་རྟ་འཆམ་རུ་དཔུང་། ཤོམ་འགྲོས་འཁྲབ་སྟོན་རུ་དཔུང་བཅས་སྤོབས་པ་དང་ཡིད་ཆེས་ཀྱི་ངང་ནས་ཚོགས་རར་བསྐྱོད་པའི་རྣམ་པ་ལས། མགོ་ལོག་གི་རིགས་སོ་སོའི་མི་དམངས་རྣམས་བློ་སེམས་གཅིག་མཐུན་དང་ཧུར་བསྐྱེད་མདུན་བསྐྱོད་ཀྱི་སྙིང་སྟོབས་མཚོན་ལ། གངས་ལྗོངས་ཁ་བའི་ཡུལ་གྱི་མི་རིགས་རིག་གནས་ཀྱི་མཚར་སྡུག་དང་འགུག་ཤུགས་མངོན་ཡོད། 
       མགོ་རྩོམ་མཛད་སྒོ་མཇུག་བསྡུས་རྗེས། ཀུན་གྱིས་རེ་སྒུག་བྱེད་བཞིན་པའི་རྐང་གྲུག་འགྲན་བསྡུར་མགོ་བརྩམས། མགོ་ལོག་གེ་སར་རུ་ཁག་དང་མཚོ་ནུབ་ཚྭ་འདམ་རུ་ཁག་གི་རུ་མི་རྣམས་ཀྱིས་མཛའ་བརྩེ་དང་འགྲན་རྩོད་གཉིས་ལྡན་གྱི་ངང་ནས་སྙིང་སྟོབས་ཆེར་བསྐྱེད་དང་མཐུན་པའི་དཔུང་རྡང་སྦྲེལ་ཏེ་ཕར་རྒོལ་གོ་རིམ་ལྡན་ལ་ཚུར་རྒོལ་འགོག་སྲུང་ནན་པ། འགྲན་རྩལ་ཁྱད་དུ་འཕགས་པའི་འཇོན་རྩལ་གྱིས་དེར་འདུས་ལྟད་མོ་བ་ཀུན་གྱི་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་ཅིང་དགའ་འབོད་དང་ཀི་བསྭོ། རྒྱབ་དཔུང་དང་ངར་སྐུལ་གྱི་རྔ་སྒྲས་འགྲན་ར་ཡོངས་སུ་ཁེངས་པར་མ་ཟད། མཐོ་སྒང་གི་མང་ཚོགས་ལ་སྤུས་ཚད་མཐོ་བའི་རྐང་གྲུག་གི་དགྱེས་སྟོན་གྱ་ནོམ་པ་ཞིག་བཤམས། 
       མཇུག་མཐར་མགོ་ལོག་གེ་སར་རུ་ཁག་དང་མཚོ་ནུབ་ཚྭ་འདམ་རུ་ཁག་གིས་གཉིས་བསྡུར་གཉིས་ཀྱི་གྲུབ་འབྲས་བླངས་ཏེ་འདྲ་མཉམ་བྱུང་།
       ལུས་རྩལ་ར་བའི་ནང་དུ་འགྲན་རྩོད་ཀྱི་འདུ་ལོང་རྒོད་ལ། ལུས་རྩལ་ར་བའི་ཕྱི་རུ་ཚོང་འདུས་ཀྱི་མགྲོན་པོས་ཁེངས་ཡོད། ཐེངས་འདིའི་འགྲན་བསྡུར་བརྒྱུད་མགོ་ལོག་ཁུལ་གྱིས་ལུས་རྩལ་ལ་བརྟེན་ནས་སྟེགས་བུ་བསྐྲུན་ཅིང་རིག་གནས་ཡུལ་སྐོར་གྱིས་རམ་འདེགས་བྱེད་པ། ཐོན་ལས་ཀྱིས་གསོན་ཤུགས་སྩོལ་བའི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་བྱས་པས། མགོ་ལོག་ཁུལ་གྱི་ཐོན་ལས་ཆེན་པོ་སྣ་དྲུག་མཉམ་འདྲེས་འཕེལ་རྒྱས་ཀྱི་བཀོད་སྒྲིག་དང་མཐུན་ལ། ཁྱད་འཕགས་ཁེ་ལས་གང་མང་ཞིག་ཕྱོགས་གཅིག་ཏུ་འདུས་ནས་ལྷད་མེད་ཞིང་ཕྱུགས་ཐོན་རྫས་འགྲེམ་འཚོང་དང་དྲ་ལམ་ཐད་གཏོང་འོས་སྦྱོར། རིག་གནས་ཡུལ་སྐོར་ཐོན་ཁུངས་ཕྱིར་མངོན་བྱེད་པ་སོགས་ཕྲེང་བསྟར་བྱ་འགུལ་རབ་དང་རིམ་པ་སྤེལ་བས། མགོ་ལོག་གི་སྤུས་ལེགས་སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་དང་ཁྱད་ལྡན་གཟུགས་འདས་ཤུལ་བཞག་རིག་གནས། དམངས་སྲོལ་རིག་གནས་དང་ཡུལ་སྐོར་ཐོན་ཁུངས། སྣ་མང་ཚོང་རྫས་ཀྱི་རྣམ་པ་བཅས་ཡོངས་ཁྱབ་རང་བཞིན་དང་མཐོང་ཐོས་མྱོང་གསུམ་ཡོད་པའི་སྒོ་ནས་ཕྱིར་མངོན་གང་ལེགས་བྱས།
འབྲེལ་ཡོད་འོས་སྦྱོར།