བོད་ཀྱི་སྤོ་ལོའི་རུ་ཁག་འདིས་ཨང་དང་པོ་བླངས་མྱོང་འདུག
རྩོམ་པ་པོ།:གངས་ཕྲུག་བློ་རྒྱ།
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2026-06-24
ཀློག་གྲངས།:
བོད་ཀྱི་རྐང་རྩེད་སྤོ་ལོའི་འདས་དོན་ལ་ཕྱིར་མིག་ཅེར་བ།
དེང་གི་དུས་འདིར་འཛམ་གླིང་ཡོངས་སུ་རྐང་རྩེད་སྤོ་ལོའི་ལུས་རྩལ་དར་ཁྱབ་ཤིན་ཏུ་ཆེ། རྐང་རྩེད་སྤོ་ལོའི་ལུས་རྩལ་ལ“འཛམ་གླིང་གི་ལུས་རྩལ་ཨང་དང་པོ”ཞེས་པའི་སྙན་པའི་མིང་ནས་འབོད་བཞིན་ཡོད། འཛམ་གླིང་ཡང་རྩེར་གནས་ཤིང་མཚོ་འཕགས་མཐོ་བའི་རང་རེའི་བོད་ལྗོངས་མཐོ་སྒང་ལའང་ཧ་ཅང་སྔ་མོ་ཞིག་ནས་ལུས་རྩལ་རྣམ་གྲངས་དེ་དར་ཞིང་། བོད་རིགས་སྐྱ་སེར་ཕོ་མོ་རྒན་གཞོན་ཚང་མས་རྐང་རྩེད་སྤོ་ལོར་དོ་སྣང་དང་དགའ་ཞེན་བྱེད་ཚད་ནི་ཧ་ལམ་འཛམ་གླིང་སྤྱི་དང་མཉམ་མཚུངས་ཡིན་ལ། བོད་ཀྱི་ཡུལ་གྲུ་གང་སར་རྐང་རྩེད་སྤོ་ལོ་ནི་དུས་དང་རྣམ་པ་ཀུན་དུ་དགའ་བསུ་ཆེ་ཤོས་ཐོབ་པའི་ལུས་རྩལ་རྣམ་གྲངས་ཤིག་ཏུ་གྱུར་ཡོད། དེས་ན། སྤྱི་ལོ2026ལོའི“ཨ་ཁ་མོ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར”གྱི་འཁྲུག་ཆ་དོད་པའི་དུས་སྐབས་བཟང་པོ་འདིར། འོ་སྐོལ་མཉམ་དུ་ཁ་ནང་དུ་ཕྱོགས་ནས་རང་རེའི་བོད་ཀྱི་རྐང་རྩེད་སྤོ་ལོའི་འདས་དོན་ལ་ཕྱིར་མིག་ཅིག་ལྟ་བར་བྱ།

དབྱིན་ཇི་དང་བོད་ཀྱི་རུ་ཁག་དབར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།
དེ་ཡང་། ཐོག་མར་སྤྱི་ལོ1904ལོར་དབྱིན་ཇིས་ཀྲུང་གོའི་བོད་ལྗོངས་ལ་བཙན་འཛུལ་བྱས་རྗེས། དབྱིན་ཇི་བ་ཚོས་རྒྱལ་རྩེའི་སྐྱིད་ནག་ཅེས་པའི་ཐང་སྡེར་དེར་རྒྱུན་དུ་རྐང་རྩེད་སྤོ་ལོ་རྩེ་གི་ཡོད། ཁོ་པ་ཚོས་ལས་ཀ་བྱེད་མཁན་གྱི་བོད་པའི་གཡོག་པོ་ཚོའི་ཁྲོད་ནས་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་སྒྲིག་འཛུགས་བྱས་ཏེ་ཁོ་རང་ཚོར་རྐང་རྩེད་སྤོ་ལོ་རྒྱག་རོགས་བྱེད་དུ་འཇུག་གི་ཡོད། ལོ་ཟླ་རིམ་བཞིན་འདས་རྗེས་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་སྤོ་རྩལ་ཇེ་ཡག་དང་རུ་མི་ཇེ་མང་དུ་གྱུར་ནས་དུས་རྒྱུན་སྐྱིད་ནག་ཅེས་པའི་ས་ཆ་དེར་བོད་པ་དང་དབྱིན་ཇི་བའི་བར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཡང་ཡང་བྱེད་ཀྱི་ཡོད། བོད་ཀྱི་རུ་ཁག་གིས་རང་རིགས་སྤུན་ཟླ་གསོད་མཁན་བཙན་འཛུལ་པར་གདོང་གཏུག་བྱེད་སྐབས་རང་མི་རིགས་ཀྱི་ལ་རྒྱ་ཤུགས་ཆེར་མངོན་པ་མ་ཟད། སུས་ཀྱང་འགོག་ཐབས་བྲལ་བའི་ངར་ཤུགས་འཕེལ་གྱི་ཡོད་ཅིང་། དབྱིན་ཇི་བས་སྤོ་ལོ་ཁྲིད་ནས་སྒོའི་འགྲམ་དུ་བཅར་སྐབས་བོད་ཀྱི་རུ་མི་ཚོས་སྐད་ཤུགས་ཆེན་པོས“ཁོའི་རྐང་པ་ཧྲུག་བཅག་གཏོང”ཟེར་འབོད་པ་དང་། ནུས་ཤུགས་ཡོད་རྒུས་འཛིངས་པས་རྐང་རྩེད་སྤོ་ལོར་མཁས་པའི་དབྱིན་ཇི་བ་རྣམས་དཀའ་ལས་ཁག་པའི་གནས་སུ་བསྐྱལ་ཞིང་། སྐབས་རེ་བོད་ཀྱི་རུ་ཁག་གིས་བྱ་དགའི་བུམ་པ་ཡང་ལེན་གྱི་ཡོད།

རྐང་རྩེད་སྤོ་ལོ་འགྲན་བསྡུར་བྱེད་བཞིན་པའི་བོད་ཀྱི་རུ་ཁག
1913ལོར། བོད་ཀྱི་ལོ་རྒྱུས་ཐོག་གི་དངོས་གཞིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་དང་པོ་དེ་རྒྱལ་རྩེར་གཉེར་བ་རེད། དེ་ཡང་ལོ་དེར་དབྱིན་ཇིའི་འཚམས་འདྲི་ཚོགས་པ་ཞིག་ལྷ་སར་སླེབས། «བོད་ལྗོངས་རྗེས་སྙེག»ཅེས་པའི་དེབ་ནང་འཁོད་པ་ལྟར་ན། སྐབས་དེ་དུས་ཁོ་ཚོས་རྐང་རྩེད་སྤོ་ལོའི་ཚོགས་པ་ཞིག་སྒྲིག་འཛུགས་བྱས་ནས“ལྷ་སའི་མཉམ་འབྲེལ་རུ་ཁག”ཅེས་འབོད་པའི་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་དང་འགྲན་བསྡུར་བྱས། ལྷ་སའི་མཉམ་འབྲེལ་རུ་ཁག་གི་རུ་མིར་ལ་དྭགས་ཀྱི་མི་གསུམ་དང་། འབྲས་ལྗོངས་ཀྱི་མི་གཅིག ནེ་པ་ལའི་དམག་མི་གཅིག དེ་བཞིན་སྐུ་དྲག་གི་གཞོན་ནུ་ལྔ་བཅས་ལས་གྲུབ་པ་དང་། དབྱིན་ཇིའི་རུ་ཁག་གི་རུ་མི་ནི་མི་དྲག་བཞི་དང་ཁོ་ཚོའི་གཡོག་པོ་ལས་གྲུབ་པ་ཞིག་རེད། མཇུག་མཐར། ལྷ་སའི་མཉམ་འབྲེལ་རུ་ཁག་སྤོ་ལོ་གཅིག་གི་ཐོག་ནས་རྒྱལ་ཁ་ཕམ།

ལྷ་སའི་མཉམ་འབྲེལ་རུ་ཁག་གི་རྐང་རྩེད་སྤོ་ལོའི་རུ་མི།
1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་རྐང་རྩེད་སྤོ་ལོའི་ལུས་རྩལ་ལ་སླར་ཡང་ཚེ་སྲོག་གསར་པ་ཞིག་རྙེད་པ་དང་། ལྷག་པར་དུ1956ལོར་བོད་ཀྱི་རྒྱལ་གཅེས་གཞོན་ནུའི་མཛའ་མཐུན་ཚོགས་པས་བོད་ཀྱི་ལུས་རྩལ་ལྟ་སྦྱོང་རུ་ཁག་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི་ས་ཆ་ཁག་ཏུ་སྐོར་སྐྱོད་ཀྱིས་འགྲན་བསྡུར་ལྟ་སྦྱོང་བྱས་ཤིང་། ཚོགས་པ་དེའི་ནང་ནས་རྐང་རྩེད་སྤོ་ལོའི་རུ་ཁག་དེ་བལྟ་སྦྱོང་ཚར་རྗེས་པེ་ཅིང་ལུས་རྩལ་སློབ་གླིང་དུ་ཟབ་སྦྱོང་བྱས་ཏེ་བསྡད་པ་དང་། དེ་སྔའི་སུའུ་ལེན་གྱི་རོགས་སྐྱོར་ལུས་རྩལ་དགེ་རྒན་སུའུ་སི་ཁེ་ཧྥུས་སློབ་ཁྲིད་གནང་། རུ་ཁག་དེ་བོད་དུ་ལོག་རྗེས་སླར་ཡང་རྐང་རྩེད་སྤོ་ལོར་དད་པའི་མི་གང་མང་ཞིག་སྐུལ་ཁྲིད་བྱས་པ་དང་། དེ་རྗེས་བོད་ཀྱི་གཞོན་ནུ་མཉམ་འབྲེལ་རུ་ཁག་དང་པོ་དང་གཉིས་པ་སྒྲིག་འཛུགས་བྱས་ཤིང་། མང་ཚོགས་ཚོས་རུ་ཁག་དེ་གཉིས་ལ་ཧ་ཅང་གིས་དགའ་པོ་བྱེད་ཀྱི་ཡོད་ལ་ཁོ་ཚོར་རུ་ཁག་དམར་པོ་དང་དཀར་པོ་ཞེས་པའམ་ཡང་ན་པོ་ཏ་ལའི་རུ་ཁག་ཅེས་ཀྱང་འབོད་ཀྱི་ཡོད། ལོ་རབས60པའི་ནང་བོད་ལྗོངས་སུ་སོ་སོའི་ཆེད་ལས་རྐང་རྩེད་སྤོ་ལོའི་རུ་ཁག་དངོས་སུ་བྱུང་ཞིང་། རུ་ཁག་འདི་རྣམ་ཀུན་ནས་མེས་རྒྱལ་ནང་ཁུལ་གྱི་ས་ཆ་ཁག་ཏུ་འགྲན་བསྡུར་ལ་ཞུགས་པའམ་སྦྱོང་བརྡར་བྱེད་པར་བཀོད་སྒྲིག་བྱེད་ཀྱི་ཡོད། ཛ་དྲག་ཆེ་བའི་འགྲན་ར་ནས་ཁོ་ཚོར་ཤེས་བྱ་གསར་པ་མང་པོ་བློ་ངོར་ཆུད་པ་དང་། མིག་རྒྱང་ཡངས་པོར་ཕྱེ་ཞིང་། ཁོ་ཚོ་ནང་ས་ནས་ལོག་ཡོང་སྟེ་རྒྱུན་དུ་ལྷ་སའི་ལས་ཞོར་གྱི་སྤོ་ལོའི་རུ་ཁག་ཚོ་དང་འགྲན་བསྡུར་བྱེད་སྐབས་ཁོ་ཚོའི་མཆོག་འགྱུར་གྱི་སྤོ་ལོའི་རྒྱག་རྩལ་གྱིས་ལྷ་ས་དང་ས་ཁུལ་གཞན་དག་གི་ལས་ཞོར་སྤོ་ལོའི་རུ་ཁག་ལའང་སྣེ་ཁྲིད་བྱུང་ཡོད། སྐབས་དེ་དུས་ལྷ་སར་སྤོ་ལོའི་རུ་ཁག་ཧ་ཅང་མང་པོ་ཡོད་ལ་ཆུ་ཚད་ཀྱང་མཐོ་པོར་སླེབས་ཤིང་། དེའི་ནང་ནས་བོད་ལྗོངས་རྐང་རྩེད་སྤོ་ལོའི་རུ་ཁག་ལ་འགྲན་ཐུབ་མཁན་ནི་ལྷ་ས་སློབ་འབྲིང་གི་སྤོ་ལོའི་རུ་ཁག་ཁོ་ན་ཡིན། རུ་ཁག་དེ་གཉིས་དབར་གྱི་འགྲན་བསྡུར་གྱིས་ཧ་ལམ་ལྷ་ས་བ་ཕལ་མོ་ཆེ་མི་དམངས་ལུས་རྩལ་ཐང་ཆེན་དུ་འགུག་གི་ཡོད། ལྷ་ས་སློབ་འབྲིང་གི་སྤོ་ལོའི་རུ་མི་མཁས་པ་དེ་ཚོར་མང་ཚོགས་ཀྱིས་གསེར་ཀྱི་རྐང་པ་ག་གེ་མོ་ཞེས་པའི་མིང་བཏགས་ཤིང་། བོད་ལྗོངས་རུ་ཁག་ལས་ཀྱང་མཚན་སྙན་ཆེ་བ་ཡོད་ལ། དེ་ནི་ཕལ་ཆེར་ལས་ཞོར་རུ་ཁག་ལ་ཕྱོགས་ཞེན་བྱས་པ་ཡིན་ཤས་ཆེ། 1965ལོར་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་རྒྱལ་ཡོངས་ཀྱི་རིམ་པ་ཁ་པའི་མཉམ་འབྲེལ་འགྲན་བསྡུར་ལ་ཞུགས་ནས་ཨང་ལྔ་པའི་གྲུབ་འབྲས་བཟང་པོ་བླངས། ལོ་རབས70པའི་དུས་འགོར་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནི་དེ་བས་ཀྱང་མཚན་སྙན་ཆེ་བ་ཡོད། ཁོ་ཚོས་བོད་ཀྱི་ས་ཁུལ་ཁག་ལ་སྐོར་སྐྱོད་གཟིགས་འབུལ་དང་འགྲན་བསྡུར་བྱས་ཤིང་། ཁུལ་སོ་སོའི་ལོ་ཆུང་སྤོ་ལོའི་རུ་མི་ཚོར་སྦྱོང་བརྡར་སྤྲོས་རོགས་བྱས་པས་ལོ་ཆུང་གཞོན་ནུ་མི་ཉུང་བ་ཞིག་རྐང་རྩེད་སྤོ་ལོའི་ལམ་བུའི་ཐོག་ཏུ་ཁྲིད་སྟོན་བྱས་ནས་རྐང་རྩེད་སྤོ་ལོར་ཤ་ཞེན་ཟབ་མོ་སྐྱེས།

བོད་ལྗོངས་ཀྱི་ཁག་དང་པོའི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ།
ལོ་རབས80པ་ནི་བོད་ཀྱི་རྐང་རྩེད་སྤོ་ལོའི་འཕེལ་རྒྱས་ཀྱི་རྩེར་སོན་དུས་སྐབས་ཤིག་ཡིན་པ་དང་། དུས་སྐབས་དེའི་རིང་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་མི་སེམས་དགའ་བའི་གྲུབ་འབྲས་བཟང་པོ་ཐོབ། དེ་ཡང་། 1982ལོའི་ཟླ་བ2པར། ཀོང་ཞིའི་ནན་ཉིང་དུ་གཉེར་བའི་དཔྱིད་དུས་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ལ་། བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ཨང་གཉིས་པ་བླངས་པ་དང་། ལོ་དེའི་ཟླ་བ4པར། བོད་ལྗོངས་རྐང་རྩེད་སྤོ་ལོའི་རུ་ཁག་གིས་རྐང་རྩེད་སྤོ་ལོའི་ཕ་ས་ཀོང་ཏུང་མའེ་རྫོང་ལ་གཉེར་བའི་རྐང་རྩེད་སྤོ་ལོའི་གདན་ཞུའི་འགྲན་བསྡུར་ལ་ཨང་དང་པོ་བླངས། 1983ལོ་དང་། 1984ལོ། 1985ལོ་བཅས་ལ་གཉེར་བའི་མི་རིགས་མཐུན་སྒྲིལ་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་ཁག་སོ་སོར་ཨང་གཉིས་པ་དང་ཨང་དང་པོ་གཉིས་བླངས། 1985ལོའི་ཟླ་བ4པར། ཀྲུང་གོའི་བོད་ལྗོངས་རྐང་རྩེད་སྤོ་ལོའི་རུ་ཁག་ནེ་པ་ལའི་ཀ་ཏ་མན་རྡུ་ལ་གཉེར་བའི་སྐབས་དྲུག་པའི་ཨན་ཧྥ་བུམ་པའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་ཞུགས་ནས་ཨང་གཉིས་པ་བླངས་པ་སོགས་རེད། ལོ་རབས90པའི་ནང་སྟེ། 1995ལོར། བོད་ལྗོངས་རྐང་རྩེད་སྤོ་ལོའི་རུ་ཁག་ཁ་འཐོར་བ་རེད།

བོད་ལྗོངས་ཀྱི་ཁག་གཉིས་པའི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ།
མདོར་ན། བོད་ཀྱི་རྐང་རྩེད་སྤོ་ལོའི་འདས་དོན་ལ་ཕྱིར་མིག་ལྟ་སྐབས། དགའ་འོས་པའི་རྣམ་པ་བཟང་པོས་མི་སེམས་ལ་དྲོ་སྐྱིད་འཕེལ་བར་བྱེད་པ་དང་། དུས་ད་ཆའི་བར་དུ་ཡང་རྐང་རྩེད་སྤོ་ལོ་ནི་བོད་ཡུལ་ས་ཕྱོགས་གང་སར་དར་ཁྱབ་ཤིན་ཏུ་ཆེ་བའི་ལུས་རྩལ་རྣམ་གྲངས་ཤིག་ཡིན། བོད་ཀྱི་ཞིང་ཁུལ་གྱི་གཡུལ་ཁ་གྲུ་བཞི་འམ། འབྲོག་ཁུལ་གྱི་རྩྭ་ཐང་། གངས་འདབས་ཀྱི་ས་ཐང་ཡངས་པོའི་སྟེང་། ཡང་ན་གྲོང་ཁྱེར་གྱི་སྤོ་ལོའི་ཐང་ཆེན་གང་རུང་དུ། སློབ་གྲྭ་བ་དང་། དགོན་སྡེའི་གྲྭ་པ། གཞུང་གི་ལས་བྱེད་པ་སོགས་རྐང་རྩེད་སྤོ་ལོར་དད་པའི་སྐྱེ་བོ་མང་པོས་རྐང་རྩེད་སྤོ་ལོར་རོལ་ནས་ལས་ཞོར་གྱི་འཚོ་བའི་སྤྲོ་སྣང་མྱོང་བཞིན་ཡོད། ལྷག་པར་དུ་དེང་སང་ལྷ་ས་གཙོས་པའི་བོད་ཀྱི་གྲོང་ཁྱེར་དང་། ས་ཁུལ། རྫོང་ཁག་བཅས་ཀྱིས་དུས་ཚོད་ངེས་གཏན་ནང་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་རྒྱ་ཆེན་གཉེར་གྱི་ཡོད་པའི་ཁྲོད་རྐང་རྩེད་སྤོ་ལོའི་ལུས་རྩལ་འགྲན་བསྡུར་དེ་ལུས་རྩལ་རྣམ་གྲངས་གལ་ཆེན་ཞིག་ལ་བརྩི་གི་ཡོད་ལ་ལུས་རྩལ་མཉམ་འབྲེལ་རུ་ཁག་ཀྱང་ཁག་མང་པོ་ཞུགས་ཀྱི་ཡོད། མཇུག་ཏུ་ད་ལོའི་ཨ་ཁ་མོ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐུགས་གྲ་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། བོད་ཀྱི་རྐང་རྩེད་སྤོ་ལོའི་འབྱུང་འགྱུར་ལམ་བུ་འོད་ཟེར་སྟོང་ལྡན་གྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ※ གོང་གསལ་འཕྲིན་རྩོམ་ནི་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་བརྩམས་པའི«བོད་ཡུལ་གྱི་གནའ་གཏམ»དུ་འཁོད་པའི“བོད་ཀྱི་རྐང་རྩེད་སྤོ་ལོའི་འདས་དོན”ཞེས་པའི་རྩོམ་ཡིག་དང་། བོད་ཀྱི་རྐང་རྩེད་སྤོ་ལོའི་སྐོར་གྱི་དྲ་ཐོག་གི་དཔྱད་གཞི་གཞན་དག་གཞི་རྒྱུར་བཅོལ་ནས་བྲིས་ཏེ་གཟིགས་འབུལ་ཞུ་ཁུལ་བྱས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
