ལོ41ལ་སླེབས་པའིCལུའོ་ཡིས་ཟིན་ཐོ་གསར་པ་བཏོད་བཞག
རྩོམ་པ་པོ།:
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2026-06-25
ཀློག་གྲངས།:
ཟླ6ཚེས23ཉིན་གྱི་ཨ་ཁ་མོ་འཛམ་གླིང་བུམ་པའི་ཚོགས་ཆུང་འགྲན་བསྡུར་ལ་ཕོར་ཐིའུ་ཀལ་རུ་ཁག་གིས5བསྡུར0གྱི་བསྡུར་གྲངས་ཐོག་ནས་ཨུ་ཟ་བྷེ་ཁི་སི་ཐན་རུ་ཁག་ལས་རྣམ་པར་རྒྱལ་ཏེ་འགྲན་བསྡུར་གྱི་རྒྱལ་ཁ་ཐོག་མ་བླངས་ཤིང་། ལོ41ལ་སླེབས་པའིCལུའོ་ཡིས་སྤོ་ལོ2བླུགས་ནས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་སྐབས་དྲུག་བསྟུད་མར་སྤོ་ལོ་བླུགས་པའི་ཟིན་ཐོ་གསར་པ་བཏོད་ཡོད།

རེས་སྐོར་དང་པོའི་འགྲན་བསྡུར་ལ་ཕོར་ཐིའུ་ཀལ་གྱི་ཁ་གཏད་རུ་ཁག་གི་ཆུ་ཚད་དམའ་ཙམ་ཡོད་ནའང་མཐར་རྒྱལ་ཁ་བླངས་ཐུབ་མེད་པསCལུའོ་ལ་ལབ་གླེང་བྱེད་མཁན་མང་པོ་བྱུང་ཡོད། མདང་ནུབ་ཀྱི་འགྲན་བསྡུར་ལ་ཕོར་ཐིའུ་ཀལ་རུ་ཁག་གིས་རིག་པ་གཅིག་ཏུ་བསྒྲིམས་ཡོད་པ་དང་འགྲན་བསྡུར་གྱི་སྐར་མ6ཙམ་ལCལུའོ་ཡིས་སྐབས་འདིའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་རང་ཉིད་ཀྱི་སྤོ་ལོ་དང་པོ་དེ་བླུགས་ནས། འགྲན་བསྡུར་སྐབས་དྲུག་བསྟུད་མར་སྤོ་ལོ་བླུགས་མཁན་ཨང་དང་པོར་གྱུར་པ་མ་ཟད། ལོ41དང་ཉིན138སླེབས་པའིCལུའོ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་སྤོ་ལོ་བླུགས་མཁན་ལོ་རྒན་ཤོས་གཉིས་པ་དེར་གྱུར་པ་རེད།

འགྲན་བསྡུར་གྱི་སྐར་མ39ལCལུའོ་ཡིས་སླར་ཡང་སྤོ་ལོ་གཅིག་བླུགས་ནས་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་ལོ་རྒྱུས་ལ་འགྲན་བསྡུར་གཅིག་ནང་སྤོ་ལོ་གཉིས་བླུགས་མཁན་ལོ་རྒན་ཤོས་ལ་གྱུར་ཡོད། འགྲན་སྟོད་མཇུག་འགྲིལ་སྐབས་ཕོར་ཐིའུ་ཀལ་རུ་ཁག་དང་ཨུ་ཟ་བྷེ་ཁི་སི་ཐན་རུ་ཁག་གི་བསྡུར་གྲངས3བསྡུར0ཡིན་པ་དང་། འགྲན་སྨད་ལ་ཨུ་ཟ་བྷེ་ཁི་སི་ཐན་གྱི་སྒོ་རགས་ཀྱིས་སྤོ་ལོ་བཀག་སྐབས་རྒྱག་ཉེས་ཕོག་ཉེས་བྱུང་ནས་རང་སོ་སོའི་སྒོའི་ནང་འཛུལ་བ་དང་དེ་རྗེས་ལའེ་ཨའོ་ཡིས་སྤོ་ལོ་གཅིག་བླུགས་ཏེ་མཐའ་མའི་བསྡུར་གྲངས5བསྡུར0ཡིན་པ་རེད།

འགྲན་བསྡུར་མཇུག་འགྲིལ་རྗེསCལུའོ་ལ་འགྲན་བསྡུར་འདིའི་སྤོ་ལོ་རྒྱག་མཁན་ཡག་ཤོས་ཀྱི་བྱ་དགའ་ཐོབ་པ་དང་། ད་རེས་ཀྱི་འགྲན་བསྡུར་ལ་ང་ཚོའི་རུ་ཁག་གིས་སྤོ་ལོ་ཡག་པོ་བརྒྱབ་སོང་། རང་གི་མིང་གྲགས་དང་བསྡུར་ན་རུ་ཁག་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་ནི་ངའི་དམིགས་ཡུལ་གཙོ་བོ་ཡིན་ཞེས་བརྗོད།
འབྲེལ་ཡོད་འོས་སྦྱོར།
