མཚོ་ལྷོའི་འཐུས་ཚབ་རུ་ཁག་གིས་འགྲན་སྡུར་གྱི་ཨང་དང་པོ་བླངས།
རྩོམ་པ་པོ།:
ཡོང་ཁུངས།:ཀན་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2026-09-04
ཀློག་གྲངས།:
༢༠༢༦ལོའི“དགེ་བཅུའི་ཀན་ལྷོ་རྟགས་མའི”སྦས་ཡུལ་རྒན་གྱའི་རྐང་གྲུག་གདན་ཞུའི་འགྲན་སྡུར་མཇུག་བསྒྲིལ། མཚོ་ལྷོའི་འཐུས་ཚབ་རུ་ཁག་གིས་འགྲན་སྡུར་གྱི་ཨང་དང་པོ་བླངས།
ཟླ9པའི་ཚེས3ཉིན། 2026ལོའི་སྐབས་གསུམ་པའི“དགེ་བཅུའི་ཀན་ལྷོ་རྟགས་མའི”སྦས་ཡུལ་རྒན་གྱའི་རྐང་གྲུག་གདན་ཞུའི་འགྲན་སྡུར་ཀན་ལྷོ་ཁུལ་ལུས་རྩལ་ར་བ་ནས་བདེ་བླག་ཏུ་མཇུག་བསྒྲིལ། ཛ་དྲག་ཆེ་བའི་སྤྱིའི་རྟིང་རྩོད་བརྒྱུད་དེ། མཚོ་སྔོན་མཚོ་ལྷོའི་འཐུས་ཚབ་རུ་ཁག་གིས་ཁྱད་དུ་འཕགས་པའི་རྩལ་ནུས་དང་རུ་མི་ཚང་མའི་འབད་བརྩོན་ལ་བརྟེན་ནས། ཐེངས་འདིའི་འགྲན་སྡུར་གྱི་ཨང་དང་པོ་བླངས།

ཞིང་ཆེན་ལྔ་ནས་ཕེབས་པའི་རུ་ཁག་བཅུ་ཐེངས་འདིའི་འགྲན་སྡུར་དུ་ཞུགས་ཤིང་། འགྲན་སྡུར་རབ་དང་རིམ་པ་བརྒྱུད་དེ། མཐར་མཚོ་ལྷོ་རུ་ཁག་དང་རྨ་ལྷོ་རུ་ཁག ཀན་ལྷོ་རུ་ཁག ཧོ་པའེ་སྨྱན་སྦྱོར་སློབ་གླིང་རུ་ཁག་བཅས་བཞི་རྩོད་ཀྱི་གྲས་སུ་ཚུད། འགྲན་རིམ་ཧྲིལ་པོ་འདྲ་མཉམ་དྲང་བཞག་དང་། ཚད་ལྡན་ཞི་མཐུན་གྱི་སྒོ་ནས་སྤེལ་ཞིང་། རུ་ཁག་སོ་སོས་མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི་འདུ་ཤེས་བཟུང་སྟེ་ཕན་ཚུན་སློབ་སྦྱོང་དང་ཡང་རྩེ་ལྷུར་ལེན་བྱས་ཏེ། ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ལ་ཡོ་ལང་འཁྲུགས་པའི་རྐང་གྲུག་གི་གསོལ་སྟོན་གྱ་ནོམ་པ་ཞིག་བཤམས།

ཀུན་གྱིས་དོ་སྣང་བྱེད་པའི་སྤྱིའི་རྟིང་རྩོད་ཁྲོད་ནས། མཚོ་ལྷོ་རུ་ཁག་གིས་ཚགས་དམ་པའི་འགོག་སྲུང་དང་འཁྲུགས་ཆ་དོད་པའི་མྱུར་རྒོད་ལ་བརྟེན་ནས། ཐོག་མར་སྐར་མ་གསུམ་ཐོབ་ཅིང་། རྨ་ལྷོ་རུ་ཁག་གིས་ཀྱང་དེ་བསྟུན་གྱིས་འཐབ་ཇུས་ལེགས་སྒྲིག་བྱས་ཏེ་སྨད་ཆ་རུ་བསྟུད་མར་སྐར་མ་གཉིས་ཐོབ། འགྲན་སྡུར་གྱི་མཇུག་ཏུ། མཚོ་ལྷོ་རུ་ཁག་གིས་འགྲན་ཡའི་འགོག་སྲུང་ལྷོད་གཡེང་དུ་སོང་བའི་བར་གླགས་དང་བསྟུན་སླར་ཡང་སྐར་མ་གཉིས་བླངས་ཏེ། མཐར5:2ཡི་མཇུག་འབྲས་ལྟར་རྒྱལ་ཁ་ཐོབ་ཅིང་། མཚོ་སྔོན་རྨ་ལྷོ་རུ་ཁག་ལ་འགྲན་སྡུར་གྱི་ཨང་གཉིས་པ་ཐོབ།

བྱ་དགའི་ཡུལ་དངོས།

ཕུལ་དུ་བྱུང་བའི་གྲུག་འཕེན་པ་དང་ཕུལ་དུ་བྱུང་བའི་སྒོ་སྲུང་གི་བྱ་དགའ་གནང་བ།
འགྲན་སྡུར་མཇུག་བསྒྲིལ་རྗེས། གཟེངས་རྟགས་སྤྲོད་པའི་མཛད་སྒོ་སྤེལ་ཞིང་། མཛད་སྒོར་ཞུགས་པའི་མགོ་ཁྲིད་རྣམས་ཀྱིས་ཨང་རིམ་སྔ་མ་གསུམ་ཐོབ་པའི་རུ་ཁག་དང་། ཕུལ་དུ་བྱུང་བའི་ལུས་རྩལ་པ་དང་ཕུལ་དུ་བྱུང་བའི་ཤན་འབྱེད་པ། ཕུལ་དུ་བྱུང་བའི་གྲུག་འཕེན་པ། ཕུལ་དུ་བྱུང་བའི་སྒོ་སྲུང་། ད་དུང་ལུས་རྩལ་ཀུན་སྤྱོད་ཀྱི་བྱ་དགའ་ཐོབ་མཁན་བཅས་ལ་གཟེངས་རྟགས་སྤྲད།

ཐེངས་འདིའི་འགྲན་སྡུར་གྱིས་ལུས་རྩལ་གྱིས་གསེར་ཟམ་བཙུགས་ཤིང་། འགྲན་སྡུར་གྱིས་སྟོབས་ཤུགས་བསྒྲིལ་ནས། ལུས་རྩལ་གྱི་སྦྲེལ་ཐག་གི་ནུས་པ་འདོན་སྤེལ་བྱས་པར་མ་ཟད།“འགྲན་སྡུར་གྱིས་འགྲོ་འོང་སྐུལ། ལུས་རྩལ་གྱིས་འབྲེལ་འདྲིས་སྐུལ། མཉམ་སྐྲུན་གྱིས་མཉམ་སྤྱོད་སྐུལ”པའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལམ་བུ་འཚོལ་སྙེག་བྱས་ཏེ། མི་རིགས་སོ་སོའི་ལུས་རྩལ་པས་རྩལ་ནུས་འགྲན་བསྡུར་གྱི་བརྒྱུད་རིམ་ཁྲོད་ནས་ཡིད་ཆེས་ཇེ་ཟབ་དང་། བརྩེ་བ་ཇེ་དམ་དུ་འགྲོ་བར་བསྐུལ། ཀྲུང་ཧྭ་མི་རིགས་གཞིས་ཁྱིམ་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ་པའི་བསམ་ཕྱོགས་ལག་ལེན་བྱས་ཏེ། ལུས་ཕུང་སྦྱོང་བརྡར་དང་སྟོབས་ཤུགས་གཅིག་སྒྲིལ་གཉིས་ཀ་ལྷན་ཅིག་ཏུ་སྐུལ་འདེད་བྱས་ཤིང་། ཀན་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཉམས་པ་མེད་པའི་ལུས་རྩལ་གྱི་སྒུལ་ནུས་འདོན་སྤྲོད་བྱས།

ཡུལ་དངོས་ན་ཡོད་པའི་གྲུག་ཞེན་པ།

གྲུག་ཞེན་པ་དག་གིས་ཡུལ་དངོས་ལ་གཙང་སྦྲ་བྱེད་བཞིན་པ།
རྟིང་རྩོད་མགོ་བརྩམས་པའི་སྔ་རོལ་ཏུ། མཚོ་ལྷོ་རུ་ཁག་གིས“སྐྱིད་གྲོང་སེམས་ཤུགས་བསྐྱེད། ང་ཚོ་ཁྱེད་ཅག་དང་མཉམ་དུ་ཡོད།”ཅེས་པའི་འཕྲེད་ཡིག་འཐེན་ཏེ། 8·26སྐྱིད་གྲོང་འགག་སྒོའི་འདམ་རྡོའི་ཆ་རུད་ཀྱི་གནོད་འཚེ་ཐེབས་མཁན་ལ་རྒྱབ་སྐྱོར་བྱས་ཤིང་ཚེ་ལས་འདས་མཁན་རྣམས་ལ་མྱ་ངན་ཞུས་ཏེ། ལུས་རྩལ་འགྲན་སྡུར་གྱི་མི་ཆོས་སྙིང་སྟོབས་མངོན་པར་མཚོན་ཞིང་། ཀྲུང་ཧྭ་མི་རིགས་ཀྱིས་སྐྱིད་སྡུག་མཉམ་མྱོང་གི་ཕུང་བོ་གཅིག་གི་འདུ་ཤེས་བླ་ལྷག་ཏུ་མངོན་པར་བྱས།
འབྲེལ་ཡོད་འོས་སྦྱོར།
