logo

“རབ་མཛེས་མཚོ་སྔོན·མཐོ་སྒང་རྐང་གྲུག”རིམ་འདས་མཉམ་འགྲན་སྐབས་གསུམ་པ་བདེ་བླག་ངང་མཇུག་བསྒྲིལ་བ། 

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར། དུས་ཚོད།:2026-09-08 ཀློག་གྲངས།:
       ཟླ9པའི་ཚེས6ཉིན། “རབ་མཛེས་མཚོ་སྔོན·མཐོ་སྒང་རྐང་གྲུག”རིམ་འདས་མཉམ་འགྲན་སྐབས་གསུམ་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་མི་རིགས་ལུས་རྩལ་ཐང་དུ་མཇུག་བསྡུས་པས། དུས་ཡུན་ཟླ་བཞི་ལ་ཉེ་བའི་འགྲན་སྡུར་དེ་བདེ་བླག་ངང་མཇུག་བསྒྲིལ།
       ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ལུས་རྩལ་པ་དང་འགྲན་སྡུར་ལས་དོན་མི་སྣ་རྣམས་མཉམ་དུ་འཛོམས་ནས། ལྗང་མདོག་གི་འགྲན་རའི་སྟེང་གི་བརྩོན་པའི་སྐད་ཅིག་མ་རེ་རེར་ཕྱིར་ལྟ་བྱས་པ་དང་། གཟི་བརྗིད་ཀྱི་མཚན་སྙན་རེ་རེ་སུ་ལ་ཐོབ་པར་བདེན་དཔང་བྱས། སྐབས་འདིའི་རིམ་འདས་མཉམ་འགྲན་དེ་ཟླ5པའི་ཚེས10ཉིན་ཟི་ལིང་གྲོང་ཁྱེར་དུ་མགོ་བརྩམས་ཤིང་། ཞིང་ཆེན་ཡོངས་ཀྱི་འཐུས་མི་རུ་ཁག8ཀྱིས་ཆ་ཚང་བའི་འགྲན་ར་གཙོ་བོ་དང་ཡན་ལག་འགྲན་ར་གཉིས་ཀྱིས་རེས་འཁོར་སྒོས་སྐར་མ་བསགས་པའི་འགྲན་བསྡུར་བྱེད་སྟངས་སྤྱད་དེ། བསྡོམས་པས་རེས་སྐོར14དང་འགྲན་བསྡུར་བྱེད་ཐེངས56བརྒྱུད་པ་རེད། སྐབས་འདིའི་མཉམ་འགྲན་གྱིས“བར་གསེང”ཁྱོན་ཡོངས་ནས་མེད་པར་བཟོས་ཏེ། འགྲན་སྡུར་གྱི་རྒྱུན་མཐུད་རང་བཞིན་ལ་འགན་ལེན་བྱས་པ་དང་། མཚོ་ཤར་འགྲན་ཁུལ་གྱིས་ད་དུང་མཚན་མོར་ཡང་འགྲན་སྡུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས།
       འགྲན་ཁུལ་སོ་སོས་འགྲན་སྡུར་སྨྱན་སྦྱོར་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། རྒན་གསོ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་། འགྲན་ཁུལ་སོ་སོས་རྐང་གྲུག་རྩལ་འགྲན་དང་མི་རིགས་རིག་གནས་འགྲེམས་སྟོན། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་། རིག་གནས་ཡུལ་སྐོར་འོས་སྦྱོར། མཚན་མོའི་འཛད་སྤྱོད་བཅས་ཟུང་དུ་སྦྲེལ་ཏེ། “འགྲན་སྡུར་སྤེལ་ཐེངས་གཅིག་གིས་གྲོང་ཁྱེར་གཅིག་ཧུར་པོར་གཏོང་བ་དང་ས་ཕྱོགས་དེས་དཔལ་འབྱོར་འཁྲུག་པོར་གཏོང་བ”མངོན་འགྱུར་བྱས་ཤིང་། ས་གནས་སོ་སོའི་བཟའ་བཏུང་དང་རིག་གནས་ཡུལ་སྐོར། ཚོང་དོན་འཛད་སྤྱོད་བཅས་ལ་སྐུལ་སློང་ནུས་ལྡན་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྒུལ་ནུས་གསར་པ་བསྣན།
       ཨང་དང་པོ་སུ་ལ་ཐོབ་པར་ལྟ་རྒྱུ་དེ་ནི་སྐབས་འདིའི་རིམ་འདས་མཉམ་འགྲན་གྱི་ལྟ་ས་ཆེ་ཤོས་སུ་གྱུར་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། ཡུས་ཧྲུའུ་གཡང་ནོར་རུ་ཁག་གིས་འགྲན་ཐེངས14ལས9རྒྱལ་བ་དང4འདྲ་མཉམ་ཡིན་ལ། 1ཕམ་སྟེ་སྐར་མ31བསགས་པས། རིམ་འདས་མཉམ་འགྲན་གྱི་ཨང་དང་པོ་བླངས་ཤིང་། བསྟུད་མར་ཐེངས་གསུམ་ལ“གཞོན་ནུའི་རིམ་འདས་མཉམ་འགྲན”གྱི་ཨང་དང་པོ་ཐོབ་པ་མངོན་འགྱུར་བྱུང་། མཚོ་ཤར་ཐེན་ཡིའུ་ཏེ་རུ་ཁག་གིས་ཨང་གཉིས་པ་དང་ཟི་ལིང་གཟའ་རུ་ཁག་གིས་ཨང་གསུམ་པ་བླངས། སྤོ་ལོ་འཕེན་མཁན་གྱི་མིང་ཐོའི་སྟེང་མཚོ་ཤར་ཐེན་ཡིའུ་ཏེ་རུ་ཁག་གི་དབྱང་ཀོང་ཡུང་གིས་སྤོ་ལོ10ཡིས་ཨང་དང་པོ་བླངས་པ་དང་། ཡུས་ཧྲུའུ་གཡང་ནོར་རུ་ཁག་གི་འགྱུར་མེད་དབང་རྒྱལ་གྱིས་སྤོ་ལོ6གིས་ཨང་གཉིས་པ་བླངས། སྒོ་སྲུང་པ་ཡག་ཤོས་ནི་ཡུས་ཧྲུའུ་གཡང་ནོར་རུ་ཁག་གི་བསོད་ནམས་ལྷུན་གྲུབ་ལ་ཐོབ་པ་དང་། ཡུས་ཧྲུའུ་གཡང་ནོར་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོ་ཀྲང་ཞུའེ་ཐིང་ལ་རྩལ་ཁྲིད་པ་ཡག་ཤོས་ཀྱི་མཚན་སྙན་ཐོབ་ལ། ཀྲེང་ཁྲའོ་དང་ཞུའེ་ཧྲུན་ཐའོ། ལི་ཆི་ཞུས་བཅས་ཕུལ་བྱུང་ཤན་འབྱེད་པར་བདམས། ཕུལ་བྱུང་ཤན་འབྱེད་ལས་རོགས་དང་ཕུལ་བྱུང་ཤན་འབྱེད་ལྟ་སྐུལ་པ། ཕུལ་བྱུང་འགྲན་སྡུར་ལྟ་སྐུལ་པ་སོགས་ཀྱི་བྱ་དགའ་ཡང་རེ་རེ་བཞིན་སྤྲད་པ་རེད།
འབྲེལ་ཡོད་འོས་སྦྱོར།