logo

ཕ་ཡུལ་འབྲི་རྨོ་ཡུལ་གྱི་འབུམ་བསྐོར་དུས་ཆེན་གྱི་མཚམས་སྦྱོར་རབ་བསྡུས།

རྩོམ་པ་པོ།:འབའ་རཏྣ་ཚང་བློ་བཟང་རྒྱལ་མཚན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2017-06-20 ཀློག་གྲངས།:

 

འབའ་རཏྣ་ཚང་བློ་བཟང་རྒྱལ་མཚན། ཡུན་ནན།

     དེ་ཡང་སྔོན་གྱི་འབའ་སྡེ་མངའ་རིས་ཞིང་ཁམས་དེང་སང་སྡེ་རོང་རྫོང་གི་སྲིད་འཛིན་ས་ཁོངས་སུ་གཏོགས་པའི་འབྲི་རྨོ་ཞེས་བྱ་བའི་རོང་འབྲོག་ཟུང་འབྲེལ་བརྒྱུད་ནས་འཚོ་གནས་བྱེད་བཞིན་པའི་ཡུལ་གྲུ་འདི་ནི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཏེ། སྤོ་འབོར་སྒང་དང་སྨར་ཁམས་སྒང་གི་ས་མཚམས་སུ་བབས་པའི་དྲིན་ཆེན་མོ་ཨ་མ་འབྲི་ཆུའི་ཟུར་དུ་སྤང་རྫ་ནགས་གསུམ་དུ་འཛོམས་པའི་ཡུལ་ལུང་སུམ་མདོ་ཞིག་གི་ནང་ཆགས་ཡོད། ཡུལ་གྲུ་འདིའི་ཆགས་ལུགས་བཤད་ན་མགོ་ལ་ཕྱི་མར་གསུམ་ཕུལ། བར་ལ་ཆོས་ཁྲི་གསུམ་བརྩེགས། འོག་ཏུ་ཕུར་པ་གསུམ་རྩ། རི་མགོར་སྤང་ལྗོངས་ཀྱི་མཆོད་པ་ཕུལ། རི་སྐེད་རྒྱ་ནགས་ཀྱི་སྐེད་རགས་བཅིངས། རི་མཐར་ཕུར་པའི་མདུད་པ་བརྒྱབ་ཅེས་ཡུལ་མི་ཚོའི་ངག་རྒྱུན་ལས་དངོས་གསལ་དོད་པོའི་ས་ཁྲའི་རི་མོ་ཞིག་ངོས་ཐུབ། སྤྱིར་འབྲི་རྨོའི་མིང་གི་འབྲི་སྲོལ་ལ་འབྲི་རྨོ་དང་། འབྲོང་མོ། འབྲུ་མང་སོགས་མང་པོ་ཡོད་ལ། རྒན་རབས་རྣམས་ཀྱིས་ངག་རྒྱུན་དུ། རྣལ་འབྱོར་པ་རྒོད་དམར་རྙིང་པང་རས༼གྲུབ་དགོན་ཚེའུ་བསམ་གཏན་ཁང་ཚན་གྱི་ས་སྤྲུལ་སྐུའི་སྐུ་ཕྲེང་གཅིག༽འབྲི་ཆུ་སྔོན་མོ་བརྒལ་རྗེས་ར་སེར་བརྒྱུད་ནས་བྲོས་ཏེ་འབྲི་རྨོར་སླེབས་དུས། ཞིང་པ་ཞིག་གིས་འབྲི་མོ་གཉིས་ཀྱིས་ས་ཞིང་རྨོ་བཞིན་ཡོད་པས་འབྲི་རྨོ་ཞེས་བཏགས།འབྲི་རྨོ་ནི་ཡུལ་ལུང་འདིའི་མིག་སྔའི་ཡུལ་སྐད་ཀྱི་སྒྲ་གདངས་དང་ལེགས་པར་མཐུན། དེ་མ་ཟད་ཡུལ་ཕྱོགས་འདིར་འབྲུ་རིགས་མང་བས་འབྲུ་མང་ཅེས་པ་དང་ཡུལ་ལུང་འདིའི་ཆགས་ལུགས་རི་རྒྱལ་འབྲོང་ལྟར་ཡིན་པས་འབྲོང་མོ་ཞེས་འབོད་སྲོལ་ཡང་བྱུང་མྱོང་།

     ཡུལ་ལུང་འདིར་ཐོག་མ་གཤེན་རབ་བོན་གྱི་བསྟན་པ་དར་བ་ནས་བཟུང་། གསང་སྔགས་རྙིང་མ་པ་དང་། རྒྱལ་བ་བཀའ་བརྒྱུད་པ། རི་བོ་དགེ་ལུགས་པའི་བསྟན་པ་རིམ་བཞིན་དར་མྱོང་། སྔ་ཕྱིར་དུ་རིས་མེད་ཀྱི་མཁན་གྲུབ་རབ་དང་རིམ་པ་བྱུང་། འབྲི་སྨད་སྒང་བན་རྒན་ཚེ་རིང་ཕན་ཚོགས། ལྕགས་མགར་རྒན་ངག་དབང་། གྲུབ་དགོན་བླ་མ་རིག་འཛིན་རྒྱ་མཚོ། སྒར་རྗེ་མཆོག་སྤྲུལ་གསང་སྔགས་བསྟན་འཛིན། ཕྱག་ཅན་ཨ་མྱེས་ཆོས་འཕེལ། འབའ་སྐལ་བཟང་རྒྱལ་མཚན། ལྷ་རམས་དགེ་བཤེས་བློ་བཟང་ཚེ་རིང་། མཁན་པོ་བསོད་ནམས་སྙན་གྲགས། བྱ་བྲལ་སངས་རྒྱས་ཆོས་འཛིན། སྔགས་འཆང་རྒྱ་མཚོ་སོགས་བྱུང་མྱོང་། དེ་མ་ཟད་འབའ་གྲུབ་དགོན་ཨོ་རྒྱན་ཐེག་མཆོག་གླིང་དང་འབའ་འཛིན་དགོན་བདེ་ཆེན་ཆོས་གླིང་གཉིས་ཀྱི་རིས་མེད་ཀྱི་མཁས་དབང་རྣམ་པ་ཡུལ་གྲུ་འདིར་ཕེབས་ནས་ཡར་རྒྱས་དགུང་ལ་འཕྱུར་བའི་ཡ་རབས་གོམས་གཤིས་རབས་དང་རིམ་པ་སྤེལ་ཡོད། ལོ་རེར་དགོན་ཆེན་གཉིས་ཀྱི་བླ་སྤྲུལ་གདན་ཞུ་བྱས་ནས་བཀའ་བརྒྱད་བུམ་པ་དང་མགོན་པོ་གཏོར་ཆེན། ལོ་གསར་གྱི་རྒྱག་བརྔན་ལྷ་བསང་སོགས་གཏོང་སྲོལ་ཡོད། དེ་མིན་གྱི་སྤྱི་གྲྭ་སྔགས་ཆུང་དགུ་གཏོར་ཁང་གི་སྔགས་འཆང་རྣམས་ཀྱིས་གཙོ་སྐྱོང་མཛད་ནས། ཧོར་ཟླ་གཉིས་པར་ཀླུ་ཡར་ལངས་པའི་དུས་ཡུལ་ཨ་ཀ་ཐིག་ནག་ཏུ་ཀླུ་བསུའི་ཆོ་ག་སྤེལ། ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་གྱི་འབུམ་བསྐོར་གྱི་མཛད་སྒོ་སྤེལ། ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་སྐྱེས་པ་ཡོངས་རྫོགས་སོང་ནས་སྤྱི་བསང་དང་རྟ་རྒྱུགས། སྤང་སྐྱིད་ཀྱི་མཛད་སྒོ་སྤེལ། ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་བཛྲ་གུ་རུ་སོགས་ཀྱི་ཆོ་ག་སྤེལ་ཚེས་བཅུ་དུས་སྟོན་བསུ། མཐར་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་སྨྱུང་གནས་ཀྱི་ཆོ་ག་མཛད་སྒོ་སྤེལ་སྲོལ་ཡོད།

     རིག་གནས་གསར་བརྗེ་ཆེན་མོའི་རྗེས་སུ་ཨ་མྱེས་ཆོས་འཕེལ་དང་འབྲི་སྨད་སྒང་ཨ་མྱེས་བློ་བཟང་། སྔགས་འཆང་རྒྱ་མཚོ་སོགས་ཀྱི་འབད་བརྩོན་འོག གོང་གི་དུས་ཆེན་རྣམས་སྔ་བཞིན་དར་རྒྱས་འགྲོ་བཞིན་ཡོད། གཤམ་གསལ་དུ་འབྲི་རྨོ་ཡུལ་གྱི་གསུམ་པའི་བཅོ་ལྔའི་འབུམ་བསྐོར་དུས་ཆེན་གྱི་བྱུང་རིམ་ཅུང་ཟད་ཞུ་རྒྱུ་ཡིན། གསུམ་པའི་འབུམ་བསྐོར་དུས་ཆེན་ནི་འབྲི་རྨོ་ཡུལ་གྱི་སངས་རྒྱས་བསྟན་པ་དང་འབྲེལ་བའི་དུས་ཆེན་ཆེ་ཤོས་ཞིག་ཡིན། གསུམ་པའི་འབུམ་བསྐོར་དུས་ཆེན་ལ་ཡུལ་ལུང་གཞན་དང་མཐུན་པའི་ཁྱད་ཆོས་ཡོད་ཀྱང་ཐུན་མོང་མ་ཡིན་པའི་ས་གནས་ཁྱད་ཆོས་ཀྱང་ལྡན། གསུམ་པའི་འབུམ་སྐོར་དུས་ཆེན་ནི་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་འབུམ་མམ་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ་གདན་འདྲེན་ནས་ཡུལ་གྲུའི་ཕྱོགས་བཞི་མཚམས་བརྒྱད་ལ་བསྐོར་པའི་དུས་ཆེན་ཞིག་ཡིན། ཡུལ་ལུང་འདིར་སོ་ནམ་གྱི་ལས་ཀ་དར་བ་ནས་བཟུང་། འབུམ་བསྐོར་དུས་ཆེན་རྩིས་སྲུང་བྱེད་པའི་སྲོལ་བཟང་འདི་ལ་ཡུལ་གྲུ་འདིའི་རིས་མེད་ཀྱི་མཁས་གྲུབ་རྣམ་པ་དང་བན་སྐྱ་སེར་གསུམ་གྱི་འགན་འཛིན་བྱས་ནས་ལོ་རེ་བཞིན་ནང་དོན་ཕུན་སུམ་ཚོགས་པར་གྱུར། དུས་ཆེན་རྩིས་སྲུང་གི་དམིགས་ཡུལ་གཙོ་བོ་ནི་ལོ་གསར་པར་མི་ལ་ན་ཚ་མེད་པ་དང་ཕྱུགས་ལ་གོད་ཁ་མེད། སོ་ནམ་དར་ཞིང་རྒྱས་པ། ཆར་ཆུ་དུས་སུ་བབས་པ་དང་ལོ་ལེགས་རྟག་ཏུ་སྨིན་པ། ལས་ངན་གི་སྡིག་དག་པ་དང་ལྟ་ངན་པའི་བར་ཆད་སེལ་ནས་སེམས་ཅན་བདེར་བཀོད་པ་དམིགས། འབུམ་བསྐོར་དུས་ཆེན་ནི་ཧོར་ཟླ་གསུམ་པའི་ཚེས་བཅུ་ཉིན་ནས་འགོ་ཚུགས། ཚེས་བཅུ་ཉིན་སྔགས་འཆང་དབུ་མཛད་ཀྱིས་སྤྱི་གྲྭ་སྔགས་འཆང་དགུ་གཏོར་ཁང་དུ་སྤོས་བསྟོད་དང་སྐྱབས་འགྲོ་སེམས་བསྐྱེད་སོགས་སྔགས་འཆང་ཆོས་སྤྱོད་ཀློག་ནས་འབུམ་སོགས་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ་ཁ་ཕྱེ་བྱེད་འགོ་བརྩམས། དེའི་ཟུར་གྱི་ལྷ་ཁང་ནང་དུ་སྔགས་འཆང་འགས་སྣེ་ཁྲིད་དེ་སྒྲོལ་བསྟོད་སོགས་ཀློག་ནས་སྒྲོལ་མ་ཁྲི་དུ་མ་འདོན། ཚེས་བཅོ་ལྔ་ཉིན་གྱི་ཞོགས་པ་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ་ཡོངས་རྫོགས་ཁ་ཕྱེ་བྱས་ཚར་རྗེས། འབུམ་བསྐོར་གྱི་མཛད་སྒོ་དངོས་སུ་འགོ་བརྩམས།

     མ་ལུགས་སེམས་ཅན་ཀུན་གྱི་མངོན་གྱུར་ཅིག །

     བདུད་སྡེ་དཔུང་བཅས་མི་བཟད་འཛོམས་མཛད་ལྷ།།

     དངོས་རྣམ་ལ་ལུས་ཇི་བཞིན་མཁྱེན་གྱུར་ཅིག

     བཅོམ་ལྡན་འཁོར་བཅས་གནས་འདིར་སྤྱན་འདྲེན་ན།། ཞེས་ཀློག་ནས་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ་སྤྱན་འདྲེན་བྱེད་འགོ་བརྩམས། སྔོན་དུ་ཚུལ་ཁྲིམས་དྲི་མའི་སྤོས་མཆོད་ལེན་མཁན་གཅིག་དང་། དུང་པ་གཅིག རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་གཅིག མདའ་དར་ཁྱེར་མཁན་གཅིག  ཕྱེ་མར་ཁྱེར་མཁན་གཅིག  བ་དན་ཁྱེར་མཁན་གཅིག སྦུབས་ཆས་རྡུང་མཁན་གཅིག རྔ་རྡུང་མཁན་གཅིག རྔ་སོགས་རོང་མོའི་རྡུང་ཚིག་གི་བཀྲ་ཤིས་དགུ་བརྩེགས་ཀྱི་རྡུང་ཚིག་ཡིན། དེའི་རྗེས་མི་གཞན་དག་གིས་བཀའ་བསྟན་པོ་ཏི་གསུམ་བཞི་རེ་ཙམ་ཁུར་ནས་གྲོང་པ་སྐོར་ར་གཅིག་འགྲོ་དགོས། འབུམ་སྐོར་གྱི་ལམ་བར་དུ་ཕྱོགས་བཞི་མཚམས་བརྒྱད་དང་ཕྱོགས་བཞི་ལ་ཡིག་པོད་རྒྱག་སྲོལ་ཡོད།  ཡིག་པོད་རྒྱག་སར་སླེབས་དུས་སྔགས་འཆང་དབུ་མཛད་ཀྱིས།

     མ་ལུགས་སེམས་ཅན་ཀུན་གྱི་མངོན་གྱུར་ཅིག །

     བདུད་སྡེ་དཔུང་བཅས་མི་བཟད་འཛོམས་མཛད་ལྷ།།

     དངོས་རྣམ་མ་ལུས་ཇི་བཞིན་མཁྱེན་གྱུར་ཅིག

     བཅོམ་ལྡན་འཁོར་བཅས་གནས་འདིར་བཞུགས་སོ་གསོལ། ཞེས་རྒྱལ་བའི་དཀྱིལ་འཁོར་ཕབ་ནས་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ་སྲོལ་རྒྱལ་གྱི་བཞེངས་ཁྲི་ཐོག་བཞེངས་དགོས། མིག་སྔར་ཕྱོགས་བཞི་ལ་ཡིག་པོད་རྒྱག་སྲོལ་དེ་དར་ཁྱབ་ཆེ། ཤར་དུ་འབུམ་ཀ་བ་ཡིག་པོད་རྒྱག ལྷོར་འབུམ་ཇ་པ་ཡིག་པོད་རྒྱག ནུབ་ཏུ་འབུམ་ཨ་རྫོགས་ཡིག་པོད་རྒྱག བྱང་དུ་མདོ་ཡིག་པོད་རྒྱག་ནས་ཡུལ་ལུང་འདིའི་དད་ལྡན་མང་ཚོགས་ཀྱི་ལུས་ལ་ན་ཚ་མེད་པ་དང་སེམས་ལ་སྡུག་བསྔལ་མེད་པའི་སྨོན་འདུན་ཞུ།

     མཐར་རྒྱལ་བའི་བཀའ་བསྟན་རིན་པོ་ཆེ་སླར་ཡང་སྤྱི་གྲྭ་སྔགས་འཆང་དགུ་གཏོར་ཁང་དུ་སྤྱན་འདྲེན་ནས་སྒྲོལ་མ་ཟབ་མདོ་སོགས་སྔགས་འཆང་ཆོས་སྤྱོད་ཀློག་ནས་མཐར་བསྡུ་བཀྲ་ཤིས་བརྗོད། དེའི་མཐར་བཀྲ་ཤིས་པའི་ཆོས་བྲོ་དང་པི་ཝང་གླུ་གཞས་སོགས་ཀྱི་ལེ་ཚན་རབ་དང་རིམ་པར་འཁྲབ་སྟོན་བྱས་ནས་བཀྲ་ཤིས་པའི་རྟེན་འབྲེལ་སྒྲིག་དགོས་སོ།།

འབའ་རཏྣ་ཚང་བློ་བཟང་རྒྱལ་མཚནནི་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་ལོ་ཙཱ་ཁང་གི་ཡིན།


འབྲེལ་ཡོད་འོས་སྦྱོར།