logo

གྲ་ནང་རྫོང་གི་སྐབས་དང་པོའི་སྣམ་བུ་རིག་གནས་དུས་ཆེན་སྤེལ་མགོ་བརྩམས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་མི་དམངས་དྲ་བ། དུས་ཚོད།:2015-10-09 ཀློག་གྲངས།:

གྲ་ནང་རྫོང་གི་སྐབས་དང་པོའི་སྣམ་བུ་རིག་གནས་དུས་ཆེན་གཏོང་འགོ་བརྩམས་པ།

     སྤྱི་ཟླ10བའི་ཚེས2ཉིན། བོད་ལྗོངས་གྲ་ནང་རྫོང་གི་སྐབས་དང་པོའི་སྣམ་བུ་རིག་གནས་དུས་ཆེན་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་དུ་སྤེལ་མགོ་བརྩམས་ཤིང་། བྱེད་སྒོ་འདི་ཟླ་འདིའི་ཚེས4ཉིན་བར་རྒྱུན་མཐུད་པ་རེད།
     སྣམ་བུ་ནི་བོད་མི་རིགས་ཀྱིས་ལག་རྩལ་ཐོག་ནས་བལ་སྐུད་ཀྱིས་བཏགས་པའི་གོས་རྒྱུ་ཡིན་ཞིང་། བོད་རིགས་མི་སེར་རྣམས་ཀྱིས་གནའ་སྔ་མོ་ནས་དགའ་པོ་ཆེན་པོ་བྱེད་ཀྱི་ཡོད། གྲ་ནང་རྫོང་ནི་བོད་ལྗོངས་ཀྱི་དབུས་ལྷོ་རྒྱུད་དང་། ཡར་ཀླུང་གཙང་པོའི་བར་རྒྱུད། གངས་དཀར་ཏེ་སེའི་ལྷོ་རྒྱུད་རི་འདབས་བཅས་སུ་ཆགས་པ་དང་། ལོ་རྒྱུས་ཐོག་མི་འབོར་མང་བ་དང་ས་ཁུལ་གུ་དོག་པོ་ཡིན་ཞིང་ཐོན་ཁུངས་དཀོན་པས། གྲ་ནང་བ་ཚོ་མང་ཆེ་བས་ལག་ཤེས་བཟོ་ལས་དང་ཚོང་གཉེར་བྱེད་ཀྱི་ཡོད་པ་རེད། དུས་ཡུན་ཧ་ཅང་རིང་བའི་ལག་ཤེས་བཟོ་ལས་ཀྱི་ལོ་རྒྱུས་ལས་གྲ་ནང་རྫོང་ལ་སྣམ་བུ་ཐོན་སའི་ཡུལ་མཆོག་ཅེས་པའི་མཚན་སྙན་ཐོབ་པ་རེད།
     མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་སྣམ་བུ་རིག་གནས་དུས་ཆེན་གྱི་དམིགས་ཡུལ་ནི་ཤེས་རིག་ལྡན་པའི་གྲ་ནང་ཞེས་པའི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོར་མངོན་པ་དང་། གྲ་ནང་རྫོང་སྣམ་བུ་ཐོན་སའི་ཡུལ་མཆོག་དང་གླུ་གར་གྱི་ཡུལ་ཁམས་ཞེས་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཡིད་དབང་འགུགས་ཤུགས་དང་ཡུལ་སྐོར་གྱི་ཁྱད་ཆོས་མངོན་གསལ་དུ་མངོན་པར་བྱས་ཏེ་བྱེད་སྒོ་འདི་སྤེལ་བར་བརྟེན་ནས་གྲ་ནང་ཡུལ་ཕྱོགས་དེ་ཉིད་ལྷོ་ཁ་ས་ཁུལ་ཙམ་དུ་མ་ཟད་བོད་ལྗོངས་ཡོངས་ཀྱི་རིག་གནས་དར་བའི་རྫོང་ཆེན་དུ་འཛུགས་སྐྲུན་བྱེད་པས་མ་ཚད། མཐར་རིག་གནས་དར་བའི་སྟོབས་ལྡན་རྫོང་དུ་འགྱུར་བར་འཛུགས་སྐྲུན་བྱེད་རྒྱུ་རེད།
     ཉེ་བའི་ལོ་ཤས་རིང་གྲ་ནང་རྫོང་གིས་སྣམ་བུ་དང་། རྫ་ཆས། ཟངས་ཆས། བོད་ལུགས་འཛིན་ཆས་ལ་སོགས་པའི་མི་རིགས་ལག་ཤེས་བཟོ་ལས་སྣ་མང་རྒྱུན་འཛིན་དང་འཕེལ་རྒྱས་ལེགས་པོ་བྱས་ཏེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མང་ཚོགས་ཕྱུག་པོར་སྒྱུར་བའི་སྲོག་ཤིང་གལ་ཆེན་དུ་གྱུར་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།