ཡུལ་ཤུལ་ནོར་གནག་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་བསྡུས།
མཛད་སྒོའི་སྟེང་བྲོ་འཁྲབ་པ།
ཡུལ་ཤུལ་ནོར་གནག་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་བསྡུས།
སྤྱི་ཟླ7པའི་ཚེས25ཉིན་གྱི་སྔ་དྲོར། ཡུལ་ཤུལ་ནོར་གནག་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་ཡུལ་ཤུལ་བྱ་ཆུ་ཁོག་རྟ་རྒྱུག་ཐང་ནས་བསྡུ་མགོ་བརྩམས།
མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་བསྟན་འཛིན་སོགས་འགོ་ཁྲིད་དང་། ཡུལ་ཤུལ་ལ་རོགས་འཛུགས་བྱས་པའི་ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་དང་འཐུས་ཚབ་པ། ཡུལ་ཤུལ་གནོད་འགོག་རྒུད་སྐྱོབ་དང་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་བྱེད་པའི་སྐབས་སུ་ཡུལ་ཤུལ་ལ་རོགས་སྐྱོར་བྱས་མྱོང་བའི་ཁེ་ལས་པའི་འཐུས་ཚབ། 2015ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་ཚོགས་ལ་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན། ཡུལ་ཤུལ་ནོར་གནག་རིག་གནས་མཐོ་རིམ་གླེང་སྟེགས་དང་དཔལ་འབྱོར་ཉོ་ཚོང་ཚོང་གཏམ་གྲོས་ཚོགས་ལ་ཞུགས་པའི་འགོ་ཁྲིད་དང་སྐུ་མགྲོན། ཞིང་ཆེན་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་དང་ཞིང་ཆེན་ཕྱི་ནང་གི་སྤུན་ཟླའི་ས་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད། ཡུལ་ཤུལ་དུ་བྱ་བ་བསྒྲུབས་མྱོང་བའི་འགོ་ཁྲིད་རྒན་པ་དང་ལས་བྱེད་པ་རྒན་པ། གསར་འགྱུར་སྨྱན་བྱད་དང་སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་ཚབ་མི་སྣ་མགོ་རྩོམ་མཛད་སྒོར་ཞུགས།
ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་བསྟན་འཛིན་གྱིས་ཡུལ་ཤུལ་ནོར་གནག་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་མགོ་བརྩམས་ཞེས་ཁྱབ་བསྒྲགས་བྱས།
མགོ་རྩོམ་མཛད་སྒོ་མཇུག་རྫོགས་རྗེས། ཡུལ་ཤུལ་ནོར་གནག་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་ཀྱི་རྗེས་མཐུད་འཁྲབ་སྟོན་འཕྲོ་རིམ་འཕྲོར་ཁམས་པའི་སྒྱུ་རྩལ་ལྟེ་གནས་སོགས་ནས་འཁྲབ་སྟོན་བྱས་པ་དང་། སྲོལ་རྒྱུན་གྱི་ལུས་རྩལ་འགྲན་རྩོད་དང་། སྲོལ་རྒྱུན་གྱི་གླུ་གར་འཁྲབ་སྟོན། རྟ་རྩལ་འཁྲབ་སྟོན། གཡག་རྒྱུག གྱོན་ཆས་འགྲེམ་སྟོན། གླུ་ལེན་འགྲན་ཚོགས་སོགས་ཕུན་སུམ་ཚོགས་པའི་བྱ་འགུལ་རབ་དང་རིམ་པ་སྤྱི་ཟླ7པའི་ཚེས27ཉིན་བར་རྒྱུན་མཐུད་རྒྱུ་རེད།